དཀར་མཛེས་སུ་བོད་རང་བཙན་གྱི་སྐད་འབོད།

དེ་ཡང་བོད་ནས་འབྱོར་བའི་ཁུངས་ལྡན་གནས་ཚུལ་ལྟར་ན་ཟླ་འདིའི་ཚེས་༡༥ ཉིན་ཁམས་དཀར་མཛེས་རེང་འགོ་གྲོང་གི་ཕ་དགེ་འདུན་བཀྲ་ཤིས་དང་མ་ཡེ་ཤེས་མཁའ་འགྲོ་གཉིས་ཀྱི་བུ་རང་ལོ་༣༤ ཡིན་པ་ངག་དབང་ཕུན་ཚོགས་ཀྱིས་མི་མང་འགྲོ་བསྐྱོད་ཧ་ཅང་མང་བའི་དཀར་མཛེས་ཁྲོམ་གཞུང་དུ་“བོད་རང་བཙན་ཡིན”ཞེས་སྐད་གསེང་མཐོན་པོས་འབོད་སྒྲ་བསྒྲགས་ནས་ལམ་འགྲོ་བའི་ཁྲོད་ནས་གང་སར་རྒྱུག་པའི་སྐབས། ས་གནས་ཉེན་རྟོག་པ་ཚོས་ལས་སླ་པོར་འཛིན་བཟུང་བྱེད་མ་ཐུབ་པར་བརྟེན། མཐར་འགྱིག་མདེལ་ཅན་གྱི་མེ་མདས་ཐེངས་གཉིས་བརྒྱབ་ནས་རྨས་སྐྱོན་ཕོག་རྗེས་བཟུང་ནས་ཉེས་རྡུང་དྲག་པོ་གཏོང་ཞོར་བཙན་ཁྲིད་བྱས་ཡོད་འདུག ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་མེད་པར་གྱུར་འདུག

བོད་ཕྱི་ལོག་ནས་ཁོང་གི་འབྲེལ་ཡོད་མི་སྣར་ཁ་པར་བརྒྱུད་གནས་ཚུལ་རྩད་གཅོད་ཀྱང་བྱེད་ཐུབ་ཀྱི་མི་འདུག་ཅེས་སེར་བྱེས་ཏྲེ་ཧོར་ཁམས་ཚན་གྱི་གྲྭ་དོན་འགྲུབ་གྱིས་འགྲེལ་བརྗོད་གནང་སོང་། ད་དུང་ཁོང་གིས་གནས་ཚུལ་མུ་མཐུད་འགྲེལ་བརྗོད་གནང་དོན། ཟླ་འདིའི་ཚེས་༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༤ ཕྱེད་ཐོག་དཀར་མཛེས་དར་རྒྱས་དགོན། ནོར་འཛིན་གྲོང་ནས་ཡིན་པའི་དཀར་མཛེས་འབྲིང་རིམ་སློབ་གྲྭའི་སློབ་མ་རང་ལོ་༡༦ བཀྲ་ཤིས་དཔལ་མོ་དང་རང་ལོ་༡༩ པདྨ་དབྱངས་འཛོམས་གཉིས་ནས་སློབ་གྲྭའི་གུང་སེང་སྐབས་དང་བསྟུན། དཀར་མཛེས་རྫོང་ཁྲོམ་གཞུང་དུ་ཐོན་ཏེ་མི་མང་ཁྲོད་“བོད་རང་བཙན་ཡིན་”ཞེས་སྐད་འབོད་བྱས་ཡོད་འདུག སྐབས་དེར་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་ཉེས་རྡུང་བཏང་ནས་རྨས་སྐྱོན་ཚབས་ཆེན་བཏང་ཡོད་འདུག་ནའང། ད་ལྟ་ད་དུང་སྨན་ཁང་དུ་འགྲོ་མ་བཅུག་པ་དང། མི་གཞན་ལ་འབྲེལ་བ་བྱེད་མི་འཇུག་པར་བཀག་བསྡོམས་དམ་པོ་བྱས་ཡོད་འདུག །
མེ་སོར་གསར་འགོད་པས།

Share this:
༥༤ ཀློག་གྲངས།