ལི་ཐང་དགོན་ཆེན་དུ་མདོ་ཁམས་འཇང་དགུན་ཆོས་འཚོགས་པ།

ཚད་མ་རྣམ་འགྲེལ་གྱི་རྩོད་གྲྭའི་འཆད་ཉན་ལྷན་དུ་བྱེད་པའི་སྲོལ་ལུགས་ཤིག་གསར་གཏོད་བྱས་པ་དེ་ལ་ཡང་། སྔར་བོད་དབུས་སུ་གདན་ས་གསུམ་གྱི་གཙོས་པའི་དགོན་སྡེ་ཁག་གིས་ཚད་མའི་འཆད་ཉན་ལྷན་དུ་བྱེད་ཚུལ་ལ་གཞི་བཅོལ་ནས་གསར་དུ་བཙུགས་པ་ཞིག་ཡིན་པས་ན། དེའི་མཚན་ལ་ཡང་འཇང་དགུན་ཆོས་ཞེས་པའི་མཚན་དེ་ཡང་རང་བཞིན་གྱིས་ཆགས་ཡོད་པ་ལས། དེ་འཇང་ཡུལ་དུ་འཚོགས་པའི་རྣམ་འགྲེལ་གྱི་འཆད་ཉན་མིན་ལ། དགུན་ཁའི་ཆོས་ཐོག་ཀྱང་དེ་བས་ཀྱང་མིན་པ་ཤེས་ནུས།

 

ཕྱི་ལོ་༢༠༡༡ཟླ་༧་ཚེས་༡༥ཉིན་ལ་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ། ཁམས་ཁུལ་གྱི་རི་བོ་དགའ་ལྡན་པའི་དགོན་པ་ཆེ་གྲས། ལི་ཐང་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེའམ་ཡོངས་གྲགས་སུ་ལི་ཐང་དགོན་ཆེན་དུ་འཚོགས་ཡོད་ཅིང་། དེ་ནི་མདོ་ཁམས་འཇང་དགུན་ཆོས་དེ་ན་ནིང་ཁམས་བྲག་མགོ་དགོན་དུ་འཚོགས་པའི་སྐབས་སུ་ལི་ཐང་དུ་འཚོག་རྒྱུའི་ཐུགས་ཐག་བཅད་པ་ཞིག་ཡིན་འདུག དུས་དེ་ནས་བཟུང་ལི་ཐང་དགོན་ཆེན་དང་མཚན་ཉིད་གྲྭ་ཚང་གཉིས་ཀྱིས་དཔུང་པ་མཉམ་བཤིག་དང་ནུས་ཤུགས་མཉམ་འདོན་བྱས་ཏེ། ཆེས་ཕུན་སུམ་ཚོགས་པའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོའི་གྲ་སྒྲིག་ལ་འབད་ཡོད་ཅིང་། དེ་ཡང་དགོན་པའི་ཆོས་ར་རྒྱ་བསྐྱེད་དང་བཞུགས་ཁང་མང་པོ་ཞིག་ཀྱང་གསར་རྒྱག་གནང་ཞིང་། མདོ་ཁམས་ཡུལ་གྱི་རིས་སུ་མ་ཆད་པའི་ཆོས་རྒྱུད་ཁག་གི་དགོན་སྡེ་བརྒྱ་ལྷག་ཙམ་ལ་མགྲོན་ཤོག་བཏང་། དེ་བཞིན་དུ་དགེ་འདུན་པ་ཡོངས་སུ་རྫོགས་པ་ལ་བཞེས་ལག་དང་བཞུགས་གནས། སྒྲིག་ཁྲིམས་སོགས་གང་ས་ཅི་ཐད་ནས་འཐུས་ཤོར་མེད་པའི་གོ་སྒྲིག་གནང་ཡོད།

མདོ་ཁམས་འཇང་དགུན་ཆོས་ལི་ཐང་དགོན་ཆེན་དུ་འཚོག་རྒྱུ་ཡིན་པ་རྫོང་སྲིད་གཞུང་དང་རྫོང་ཉེན་རྟོག་ལས་ཁུངས་གཉིས་ཀྱིས་གོ་ཐོས་བྱུང་རྗེས། དོག་ཟོན་ཆེན་པོས་དགོན་པའི་ལས་སྣེ་འགའ་ལས་ཁུངས་འབོད་འགུག་བྱས་ཏེ། གལ་ཏེ་འཇང་དགུན་ཆོས་ལི་ཐང་དགོན་ཆེན་དུ་འཚོག་རྒྱུ་ཡིན་ན། གྲྭ་པ་ཆིག་སྟོང་ལས་མང་བ་འཚོགས་མི་ཆོག་དང་རྔ་པ་ཀི་རྟི་དགོན་པའི་གྲྭ་པ་གཅིག་ཀྱང་ཡོང་བཅུག་མི་ཆོག་ཟེར། རྫོང་སྲིད་གཞུང་གི་བཀའ་རྒྱ་དེ་ལ་དགོན་པའི་ལས་སྣེ་རྣམས་ཀྱིས་ལེན་ཇི་ལྟར་རྒྱག་ཡོད་སྙམ་སྲིད། དྲང་པོར་བཤད་པ་ཡིན་ན། ཁྱོད་རྣམས་ཀྱི་རྣ་བར་འགྲོ་བ་ཞིག་རེད་མི་འདུག དགོན་པའི་ལས་སྣེ་རྣམས་ཀྱིས་ང་ཚོས་མགྲོན་ཤོག་ནི་ལྔ་པ་ཀི་རྟི་དགོན་པ་སོགས་དགོན་སྡེ་མང་པོ་ཞིག་ལ་གཏོང་རྒྱུ་ཡིན། མ་ཚད་གྲྭ་པ་མང་ཉུང་ཇི་ཙམ་ཡོངས་མིན་ནི་དེ་བས་བཤད་ཐུབ་ཀྱི་མ་རེད། ང་ཚོའི་དགོན་པས་རྒྱལ་ཁབ་མགོ་རྟིང་སློག་རྒྱུའི་ལས་འགུལ་དེ་འདྲ་དུས་ནམ་ཡང་མི་སྤེལ་ལ། འོན་ཀྱང་ཁྱོད་ཚོའི་སེམས་ནང་དུ་མི་འགྲོ་བའི་བྱེད་སྒོ་༸རྒྱལ་བ་རིན་པོ་ཆེ་བའི་སྐུ་པར་གདན་འདྲེན་ཞུ་རྒྱུ་དང་། བོད་སྐད་མ་གཏོགས་རྒྱག་མི་ཆོག་པ། བོད་ཆས་མ་གཏོགས་གྱོན་མི་ཆོག་སོགས་ཀྱིས་མཚོན་པའི་བྱེད་སྒོ་ཁ་ཤས་ཤིག་གྲ་སྒྲིག་བྱས་ཡོད། དེས་ན་ཁྱོད་རང་ཚོ་སྲིད་གཞུང་གི་ལས་བྱེད་པ་རྣམས་དགོན་པའི་ལྕགས་རི་ནང་དུ་མ་ཡོང་རོགས། ཁྱོད་རང་ཚོས་བྱེད་སྒོ་དེ་དག་ལ་བཀག་འགོག་འདྲ་བྱེད་པ་ཡིན་ན། ཐོག་དང་པོ་ང་ཚོའི་རང་སྲོག་བློས་གཏོང་བྱེད་རྒྱུ་ཡིན་ལ། དེ་ནས་མི་མང་རྣམས་ཀྱང་རང་འགའ་སྡོད་མདོག་ཁ་པོ་མ་རེད། གལ་སྲིད་ཁྱོད་རང་ཚོ་ཆོས་མཇལ་ལ་ཡོང་འདོད་ཡོད་ན་བོད་ཆས་གྱོན་པ་དང་བོད་སྐད་གཙང་མ་རྒྱག་ན་མ་གཏོགས་མི་ཆོག་ལ་བོད་སྐད་གཙང་མ་ཞིག་མ་ཤེས་ན། ཁ་བཙམས་ནས་སྡོད་རོགས་ཞེས་གསུངས།

དེ་ནས་མི་མང་གིས་དགོན་པའི་སྒྲིག་ཁྲིམས་ལ་ཧ་ཅང་དོ་སྣང་ཆེན་པོར་བྱས་ནས། བོད་ཆས་གསར་བཟོ་བྱས་པ་དང་སྔར་མི་ཤེས་པའི་མཁོ་དངོས་མང་པོ་ཞིག་གི་མིང་རྣམས་བོད་སྐད་དུ་སྦྱོང་བ་སོགས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པའི་རྣམ་པ་བསྟན། རྫོང་སྲིད་གཞུང་ཀྱང་མི་མང་གིས་རྒྱབ་སྐྱོར་ལ་དོག་ཟོན་གྱིས་ཡིན་ནམ་གང་ལྟར་དགོན་པའི་ཆ་ཅན་ཁས་ལེན་བྱས་ཡོད་འདུག དགོན་པས་ཀྱང་སྔར་བཤད་རྣམས་ལག་སྟར་བྱེད་སླད་དུ་གྲ་སྒྲིག་འཐུས་སྒོ་ཡོངས་སུ་ཚང་བར་བྱས། མི་མང་གིས་ཀྱང་དགོན་པའི་སྒྲིག་ཁྲིམས་ཀུན་ཉམས་སུ་བླངས་ཏེ་རྒྱབ་སྐྱོར་ཚད་ལས་བརྒལ་བ་བྱས། དགོན་པ་ལ་མཁོ་དགོས་ཅི་མཆིས་མི་མང་གིས་དང་བླང་ངང་ནས་སྲི་ཞུ་རྣམ་དག་བསྒྲུབས་ཡོད།

མི་མང་འདུ་འཛོམས་ཀྱང་ཧ་ལས་པའི་ཆེན་པོ་བྱུང་སྟེ། མཁན་ཆེན་ཁྲིམས་བློ་གྲོས་མཆོག་གིས་བཀའ་སློབ་ཀྱི་སྐབས་སུ་ཚོད་རྩིས་བྱས་ན། དེ་རིང་འདིར་ཆོས་མཇལ་དུ་ཡོང་མཁན་མི་མང་ཁྲི་བཞི་ལྔ་ཙམ་ཡོད་ས་རེད་ཅེས་གསུངས་འདུག གང་ལྟར་འདྲ་པར་ནང་དུ་ལྟས་ན་ཆོས་མཇལ་དུ་ཡོང་མཁན་མི་མང་རྣམས་ཀྱིས། ལུས་ལ་གསེར་དངུལ་གཡུ་བྱུ་སོགས་ཀྱི་རྒྱན་ཆ་ཚད་ལས་བརྒལ་བ་དང་། དེང་སང་གཟབ་སྤྲས་སུ་རྩིས་སྲོལ་ཡོད་པའི་རྒྱ་སེར་དང་གོས་ཆེན་སོགས་ཀྱི་ཆས་གོས་གཅིག་ཀྱང་མཐོང་རྒྱུ་མི་འདུག ཆོས་མཇལ་བ་འདི་རྣམས་རྒྱན་གོས་ཤིན་ཏུ་དགའ་བའི་ལི་ཐང་པའི་མི་མང་རེད་ཟེར་ན་བདེན་པ་འདྲ་བ་ཞིག་གཏན་ནས་མི་འདུག ནམ་རྒྱུན་ལི་ཐང་པ་རྣམས་མི་ཚོགས་ཆེན་པོ་འཛོམས་ས་ཞིག་ཏུ་འགྲོ་ན་ཚད་ལས་བརྒལ་བའི་གཟབ་སྤྲས་དང་རྒྱུན་ཆ་འདོགས་སྲོལ་ཡོད། འོན་ཀྱང་དེ་རིང་ནི་ཆེས་ཡ་མཚན་པ་རེད།

ཕྱི་ཚེས་བཅོ་ལྔ་ནས་ཉིན་བཅུའི་རིང་ལ་བཀྲ་ཤིས་བདེ་ལེགས་བྱུང་ཏེ་རྫོང་སྲིད་གཞུང་དང་། དགོན་ཆེན་གཉིས་ཀྱི་བར་དུ་འགལ་འདུ་གང་ཡང་བྱུང་མེད་པ་མ་ཚད། ཆོལ་གསུམ་གྱི་དད་ལྡན་ཆོས་མཇལ་བ་ཡོངས་སུ་རྫོགས་པ་ཧ་ལས་ཧོན་འཐོར་དགོས་པ་ཞིག་བྱུང་སྟེ། དེང་སང་བོད་ཀྱི་རྒྱལ་ས་ལྷ་ས་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་ཡོད་པའི་རྐྱེན་གྱིས། ས་ལྷ་ནས་མདོ་ཁམས་འཇང་དགུན་ཆོས་མཇལ་མཁན་རླངས་འཁོར་མང་པོ་སླེབས་འདུག ཁོ་པ་ཚོས་དགའ་དད་སྤྲོ་གསུམ་གྱིས་བསྔགས་བརྗོད་ཀྱང་བྱས་ཀྱི་འདུག་ཟེར། ད་ལོར་ལི་ཐང་དུ་རྫོང་སྲིད་གཞུང་དང་དགོན་པ་གཉིས་བར་དུ་དམིགས་བསལ་གྱི་དཀའ་ཁག་ཡང་འཕྲད་མེད་ཅིང་། ལི་ཐང་མི་མང་དང་ཆོས་མཇལ་བ་ཡོངས་ཀྱི་སེམས་ལ་སྤྲོ་བ་གསར་པ་བསྐྲུན་ཡོད།

འཇང་དགུན་ཆོས་དངོས་གཞིའི་སྐབས་སུ་ཡང་ཁྲིམས་དང་སྒྲིག་ལམ་སོགས་ཀྱང་། སེར་སྐྱ་ཚང་མ་དཔུང་པ་མཉམ་བཤིག་བྱས་ཏེ་གྲུབ་འབྲས་ཀྱང་མངོན་གསལ་དོད་པོར་ཐོན་ཡོད། དཔེར་ན། ཚད་མ་རྣམ་འགྲེལ་གྱི་རྩོད་པ་དམ་བཅའ། བགྲོ་གླེང་ཁག་གི་བརྗོད་གཞི་དང་དོགས་འདྲི། བོད་ཆས་གྱོན་དགོས་པ་བོད་སྐད་རྒྱག་དགོས་སོགས་ཐམས་ཅད་ལམ་དུ་སོང་སྟེ། གསུང་བཤད་གནང་མཁན་ཡུལ་གྲུ་གཞན་ནས་གདན་དྲངས་པའི་མཁས་དབང་རྣམས་ཀྱིས་བསྔགས་ཀྱི་བརྗོད་མེ་ཏོག་གཏོར་ཡོད་ལ། ཆེད་གདན་དྲངས་པའི་མཁས་དབང་དེ་དག་གིས་འདི་འདྲ་བའི་བྱེད་སྒོ་མ་འོངས་པ་ན་མང་དུ་སྤེལ་ཐུབ་ན་ཡག་པོ་འདུག་ཅེས་གསུངས།

ལི་ཐང་བློ་བསྟན་གྱིས་ཕྱི་ལོ༢༠༡༡ཟླ་༧ཚེས་༢༧ཉིན་རྒྱ་གར་དྷ་རམ་ས་ལར་བྲིས།

 

Share this:
༡༩༧ ཀློག་གྲངས།