ཐེ་ཝན་གྱི་མཐོ་རིམ་སློབ་མ་ཁག་ཅིག་གིས་བོད་པའི་སྐོར་ལ་རྒྱུས་ལོན།

མི་མང་དཀྱུས་མ། ལས་འགུལ་བ། རྩོམ་པ་པོ་སོགས་ལ་ཐུག་འཕྲད་ཀྱིས་བོད་དོན་སྐོར་ལ་བསམ་ཚུལ་བརྗེ་ལེན་དང་བོད་ཀྱི་གནས་བབ་ངོ་སྤྲོད་བྱས་ཡོད་པ་རེད། སྐབས་དེར་མཐོ་རིམ་སློབ་མ་ཁག་ཅིག་ལ་འདི་ག་གསར་ཁང་ནས་བོད་དོན་དང་འབྲེལ་བའི་དྲི་བ་ཁག་ཅིག་བཏང་བ་ཡིན། ཁོང་ཚོས་བོད་པའི་སྐོར་དེ་ཙམ་ཤེས་ཀྱི་མེད་ལ། ད་ཐེངས་ཡག་པོ་ཤེས་སོང་ཞེས་བརྗོད་ཀྱི་འདུག

tawan_23_7_2011

བུད་མེད་རང་ལོ་༡༩ ཡིན་པ་ཆེན་ཅའོ་ཧན་གྱིས་བོད་དོན་ལ་ཤེས་རྟོགས་ཡོང་སྟངས་སྐོར་གསུང་དོན། “ང་རང་ནང་པ་ཡིན་པ་དང། ཐེ་ཝན་གྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་འཛུལ་ཞུགས་བྱས་པ་སོགས་ཀྱིས་བོད་ཀྱི་གནད་དོན་ཤེས་རྟོགས་བྱུང་སོང་། དང་པོར་དྷ་སར་སླེབས་དུས་ཡ་མཚན་པོ་བྱུང་སོང་། ཡིན་ནའང་བོད་པ་དང་འབྲེལ་བ་འཛུགས་རྒྱུ་དེ་ལས་སླ་པོ་དང་སེམས་ཐག་ཉེ་པོ་ལྟ་བུ་མཐོང་སོང་། ༧སྐྱབས་མགོན་རིན་པོ་ཆེ་ཁ་སང་དྷ་སར་ཆིབས་བསྒྱུར་གནང་སྐབས། ཆིབས་བསུ་ཞུ་མཁན་ཧ་ཅང་མང་པོ་འདུག སེམས་འགུལ་ཐེབས་པ་འདྲ་བྱུང་སོང་”ཞེས་འགྲེལ་བརྗོད་བྱས་སོང་།

ཁོང་གིས་རྒྱ་ནག་གི་སྲིད་ཇུས་སྐོར་ལ་བརྗོད་དོན།  “རྒྱ་ནག་ལ་ད་ལྟ་མང་གཙོ་ཞིག་རྩ་བ་ནས་ཡོད་པ་མ་རེད། ཡིན་ཡང་མི་མང་གི་གོ་རྟོགས་མཐོ་རུ་འགྲོ་བ་དང། ར་ཤི་ཡ་ནང་བཞིན་མང་གཙོར་འགྱུར་སྲིད་པ་རེད། ད་ལྟ་གཞུང་གི་དྲག་གནོན་འོག་ཡོད་པས། ལམ་སང་ཁག་པོ་རེད་བསམ་གྱི་འདུག་”ཅེས་བརྗོད་སོང་།

རང་ལོ་༡༩ ཡིན་པ་ཆོའུ་ཨན་ཆིན་གྱིས་བོད་དོན་ཤེས་རྟོགས་ཡོང་སྟངས་སྐོར་གསུང་དོན། “༢༠༠༨ ལོར་བོད་ནང་ནས་རྒྱ་ནག་ལ་བོད་མི་ཚོས་ཞི་རྒོལ་བྱས་པ་དང། ཐེ་ཝན་གྱི་བརྒྱུད་ལམ་ཁག་ཏུ་བོད་པའི་ལས་འགུལ་སྐོར་སླེབས་པ་རེད། དེ་ནས་འོད་ཟེར་གྱིས་ཞི་རྒོལ་སྐོར་གྱི་དེབ་དེ་ཐེ་ཝན་དུ་འགྲེམས་སྤེལ་བྱས་སོང་། དེ་ཚོར་བལྟས་ནས་བོད་པའི་གནས་སྟངས་ཤེས་རྟོགས་གང་འཚམས་བྱུང་སོང་། བོད་མི་སྐྱབས་བཅོལ་བ་ཚོ་རྒྱ་གར་དུ་བསྡད་ཡོད་པ་རེད། རྒྱ་གར་དང་བསྡུར་ན་བོད་པ་འབྲེལ་ལམ་འཛུགས་ཕྱོགས་བདེ་པོ་ལྟ་བུ་མཐོང་སོང་”ཞེས་བརྗོད་སོང་།

ཁོང་གིས་༧གོང་ས་མཆོག་བགྲེས་ཡོལ་སྐོར་ལ་བསམ་ཚུལ་གང་ཡོད་གསུང་དོན། “༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་མ་བཞེས་པར་བགྲེས་ཡོལ་གནང་བ་དེར་གུས་བརྩི་ཡོད་ལ། གདེངས་ཚོད་ཆེན་པོ་དང་དགའ་ཚོར་ངང་ཡིད་སྨོན་ཞུ་ཡི་ཡོད། རྒྱ་ནག་གིས་བོད་ཀྱི་གནད་དོན་དེ་ཏཱ་ལའི་བླ་མ་སྒེར་གྱི་གནད་དོན་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། ཏཱ་ལའི་བླ་མས་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་དེ་མི་མང་གིས་འོས་འདེམས་བྱས་པའི་སྲིད་བློན་ལ་སྤྲད་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱ་ནག་གིས་བརྗོད་པ་དེ་རྒྱུ་མཚན་མེད་པ་ཆགས་པ་དང་། ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མ་རང་ཉིད་ཀྱིས་ཆོས་ལུགས་ཀྱི་དབུ་ཁྲིད་གནང་སྟེ། ཆོས་ཕྱོགས་ཀྱི་ཕྱག་ལས་གནང་ན། ཆབ་སྲིད་དང་མ་འདྲེས་པའི་༧གོང་ས་མཆོག་རང་ལ་ཡང་སྟབས་བདེ་པོ་ཆགས་ཡོད་པ་རེད། དེ་བཞིན་བོད་དོན་དེ་བོད་ཀྱི་མི་རབས་ནས་མི་རབས་བར་བོད་དོན་ཞེས་པ་དེ་བརླག་རྒྱུ་མེད་པ་གསལ་པོ་སྟོན་གྱི་འདུག་པས། ༧གོང་ས་མཆོག་གིས་ཐག་གཅོད་དེར་གུས་ཞབས་ཡོད་”ཅེས་བརྗོད་སོང་།

ཁོང་གིས་རྒྱ་ནག་མང་གཙོ་ཆགས་མིན་སྐོར་བརྗོད་དོན། “རྒྱ་ནག་དེ་དྲག་གནོན་གྱི་རྒྱལ་ཁབ་ཅིག་རེད། གློ་བུར་དུ་མང་གཙོ་དར་རྒྱུ་ཁག་པོ་འདུག རྒྱ་ནག་གི་དཔལ་འབྱོར་དེ་ཁྱབ་ཆེན་པོ་ཡིན་པས། ཁོ་རང་ཚོའི་མི་མང་དང་རྒྱལ་ཁབ་ཆུང་ཆུང་མང་པོར་དྲག་གནོན་བྱེད་ཀྱི་ཡོད་པ་རེད། དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། དྲག་གནོན་དེ་ཞི་བདེའི་རྣམ་པར་སྒྱུར་ཐབས་བྱེད་ཀྱི་ཡོད་པ་རེད། ཚང་མ་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་མགོ་གནོན་གྱི་ཡོད་པ་རེད། རྒྱ་ནག་ལ་གཞན་གྱིས་གནོན་ཤུགས་སྤྲད་དེ་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མེད་ནའང། རྒྱ་ནག་གི་མཐོ་སློབ་ཁག་དང་གཞོན་སྐྱེས་ཚོར་འཛམ་གླིང་རང་བཞིན་གྱི་གོ་རྟོགས་ཡར་རྒྱས་ཡོང་གི་ཡོད་པ་རེད། དེ་ཉིན་རེ་བཞིན་ཡར་རྒྱས་སོང་ན་རྒྱ་ནག་གི་མང་གཙོའི་གཞི་རྩ་ལྟ་བུ་རེད། དེས་རིམ་པས་རྒྱ་ནག་དམར་ཕྱོགས་ཚོགས་པ་མགོ་རྟིང་སློག་སྲིད་པ་རེད་ཅེས་”བརྗོད་སོང་།

བུད་མེད་རང་ལོ་༢༡ ཡིན་པ་ཁེ་ཐིས་ཧུང་གིས་བོད་དོན་སྐོར་ཤེས་རྟོགས་ཡོང་སྟངས་སྐོར་གསུང་དོན། “ང་རང་ཐེ་ཝན་ལ་ཡོད་སྐབས་ཚགས་ཤོག་དེ་འདྲའི་ནང་བོད་པའི་སྐོར་དེ་འདྲ་སྐབས་རེ་མཐོང་མྱོང། དེ་མ་ཟད་ཐེ་ཝན་དུ་ནང་པ་མང་པོ་ཡོད་པ་དང། ཁོང་ཚོ་བརྒྱུད་ནས་ཕྲན་བུ་ཤེས་རྟོགས་བྱུང་ཡོད་པ་རེད། ཡིན་ཡང་དྷ་རམ་ས་ལ་རུ་མ་སླེབས་གོང་ལ་ངའི་བསམ་པར་བོད་དེ་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་རྒྱུ་རེད་བསམ་གྱི་ཡོད། བོད་པར་དངོས་སུ་ཐུག་རྗེས་སྐད་ཆ་བཤད་སྐབས་ངས་ཤེས་པ་དེ་ནོར་འཁྲུལ་ཡིན་པ་གསལ་པོ་ར་འཕྲོད་པ་ལྟ་བུ་བྱུང་སོང། སྤྱིའི་ཆ་ནས་བཤད་ན་གོ་རྟོགས་དེ་ཙམ་མེད་པ་ཞིག་ཡིན་”ཞེས་འགྲེལ་བརྗོད་བྱས་སོང་།

དྷ་སར་སླེབས་པའི་མཐོང་སྣང་སྐོར་གསུང་དོན། “ང་དྷ་སར་སླེབས་རྗེས་བོད་པའི་རྒྱལ་རབས་ལོ་རྒྱུས་སྐོར་མང་པོ་ཞིག་གསར་པ་ཤེས་རྟོགས་བྱུང་སོང། བོད་པའི་མང་གཙོའི་བརྒྱུད་རིམ་དེ་རྒྱ་ནག་གིས་བོད་བཙན་འཛུལ་བྱས་རྗེས་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་འགོ་བཙུུགས་པ་ཞིག་རེད་འདུག དེར་བརྟེན། དེ་ངས་ཡག་པོ་ཞེ་དྲག་མཐོང་སོང། སྤྱིར་བཏང་བོད་པ་ཚོ་ཡག་པོ་ཞེ་དྲག་འདུག འདྲིས་བདེ་པོ་དང་སྐད་ཆ་བཤད་བདེ་པོ་ཡོད་པ་ལྟ་བུ་མཐོང་སོང་”ཞེས་འགྲེལ་བརྗོད་བྱས་སོང་།

tawan_23_7_2011_interviewརང་ལོ་༡༩ ཡིན་པ་ལེའུ་པའོ་ཅིན་གྱིས་བོད་དོན་སྐོར་ལ་ཤེས་རྟོགས་བྱུང་སྟངས་དང་དྷ་སའི་མཐོང་སྣང་སྐོར་གསུང་དོན། “ཉེ་ཆར་ཟླ་བ་གསུམ་ཙམ་སྔོན་ལ་མཐོ་སློབ་ཏུ་དགེ་རྒན་ཞིག་གིས་བོད་དོན་སྐོར་ཟབ་སྦྱོང་སྤྲད་སོང་། ངས་དེ་སྔོན་ཧ་ལམ་ཤེས་ཀྱི་མེད་པ་འདྲ་པོ་རེད། དེར་བརྟེན་ཟླ་ཤས་སྔོན་ནས་བོད་དོན་སྐོར་དོ་སྣང་སླེབས་སོང་”ཞེས་དང། “ང་རང་ལ་ཚོར་སྣང་སྐྱིད་པོ་ཞེ་དྲག་བྱུང་སོང། དྷ་རམ་ས་ལར་སླེབས་རྗེས་བོད་པའི་རིག་གཞུང་སྐོར་ལ་གསར་པ་མང་པོ་ཞིག་ངོ་སྤྲོད་བྱུང་སོང་། དེ་ཚོ་ངས་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་མ་ཟད་ཡུལ་མི་རྒྱ་གར་བ་དང་བོད་པ་བཙན་བྱོལ་བ་མང་པོར་ཐུག་སྐབས་སྤྱིར་བཏང་མིའི་གཤིས་ཀ་ཡག་པོ་ཡོད་པ་འདྲ་པོ་མཐོང་སོང། ཁྲོམ་ལ་འགྲོ་སྐབས་ཡུལ་མི་དང་བོད་པ་མང་པོས་སྐད་ཆ་ཤོད་རྒྱུར་དགའ་པོ་བྱེད་ཀྱི་འདུག མ་ཟད་ཅ་ལག་ཉོ་སྐབས་ཚོང་པ་ཁ་ཤས་ཀྱིས་རིན་གོང་གཅོག་གི་འདུག”ཅེས་འགྲེལ་བརྗོད་བྱས་སོང།

ཁོང་གིས་མུ་མཐུད་རྒྱ་ནག་མང་གཙོར་འགྱུར་མིན་སྐོར་ལ་གསུང་དོན། “ངས་བསམ་པར་རྒྱ་ནག་དེ་སྔ་ཕྱི་མ་གཏོགས་མང་གཙོའི་རྒྱལ་ཁབ་ཅིག་ཆགས་ཀྱི་རེད། རྒྱ་རིགས་ནང་མང་གཙོའི་འབོད་ཚིག་སྒྲོག་མཁན་དང་དོན་གཉེར་བ་ཇེ་མང་དུ་འགྲོ་ཡི་ཡོད་པ་རེད། མ་ཟད་རྒྱ་ནག་མི་མང་གི་མངོན་འདོད་ངོ་མ་ནི་རང་གི་རྒྱལ་ཁབ་དེ་མང་གཙོ་ཅན་ཞིག་ཏུ་འགྱུར་ན་བསམ་པ་དེ་རེད། དེར་བརྟེན། རིང་མིན་ལ་མ་ལྟོས་པར་རྒྱ་ནག་དེ་མང་གཙོར་འགྱུར་ངེས་རེད་”ཅེས་དང། ཁོང་གིས་༧གོང་ས་མཆོག་བགྲེས་ཡོལ་སྐོར་ལ་བསམ་ཚུལ་གསུང་དོན། “༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ལ་ཕེབས་པ་དེས་བོད་པའི་འཐབ་རྩོད་ལ་ཁྱད་པར་དེ་ཙམ་བཟོ་བའི་ཉེན་ཁ་མཐོང་གི་མི་འདུག ཇི་སྲིད་བར་བོད་པས་ནང་པའི་ཆོས་ལ་གཡོ་བ་མེད་པའི་ཐོག་ནས་དད་པ་དང་ཡིད་ཆེས་བརྟན་པོ་བཟུང་བ་ཡིན་ན། འཐབ་རྩོད་ལ་དཀའ་ངལ་འཕྲད་ཀྱི་མ་རེད་བསམ་གྱི་འདུག”ཅེས་འགྲེལ་བརྗོད་བྱས་སོང་།

{jcomments on}

Share this:
༨༦ ཀློག་གྲངས།