པེ་ཅིང་དུ་གནས་སྡོད་ཨ་རིའི་གཞུང་ཚབ་ལ་འབོད་སྐུལ།

དེ་ཡང་འཕྲིན་ཡིག་དེའི་ནང་སྐུ་ཞབས་གྷ་རི་ལོཀི་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ལ་བསྐོ་བཞག་བྱུང་བ་དེར་འཚམས་འདྲི་དང་སྦྲགས། རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་གནང་ཡུན་རིང་། བོད་མིའི་མངོན་འདོད་དང་རང་དབང་ཐོག་དུས་རྟག་ཏུ་ཐུགས་འགན་ཆེ་བཞེས་ཡོང་བའི་རེ་འདུན་ཞུས་ཡོད་པ་རེད།

དེ་བཞིན་འཕྲིན་ཡིག་དེའི་ནང་ཉེ་ལམ་བོད་མདོ་སྨད་རྔ་པ་ཀིརྟི་དགོན་པར་ཛ་དྲག་གི་གནས་སྟངས་བྱུང་བ་དང་། མདོ་སྟོད་སྐྱེ་རྒུ་མདོར་རང་བྱུང་གི་གནོད་འཚེ་བྱུང་རྗེས་རྒྱ་ནག་གཞུང་ནས་རིག་གནས་དང་རྩ་ཆེན་གནས་ས་དེ་ཡུལ་སྐོར་སྤྲོ་འཆམ་པའི་བསྟི་གནས་ཤིག་ཏུ་བསྒྱུར་རྒྱུའི་འཆར་གཞི་བཏིངས་བ། ཕྱོགས་མཚུངས་སྔ་ལོ་རྒྱ་ནག་གཞུང་གི་སློབ་གཞི་བཅོས་བསྒྱུར་གྱིས་སྲིད་བྱུས་འོག་བོད་མིའི་སྐད་ཡིག་རྩ་མེད་བཟོ་ཐབས་བྱས་རྐྱེན་བོད་མི་རྣམས་ནས་ཞི་རྒོལ་བྱས་ཡོད་པར་བརྟེན། སྐུ་ཞབས་གྷ་རི་ལོཀི་མཆོག་གིས་གནད་དོན་དེ་དག་ཐོག་དམིགས་བསལ་ཐུགས་ཞིབ་ཡོང་བའི་རེ་འདུན་ཡང་བཏོན་འདུག

གཞན་ཡང་ཁོང་རྣམ་པས་ཨ་རིིའི་གཞུང་ཕྱོགས་ནས་བོད་ཀྱི་གནད་དོན་དེ་བཞིན་གལ་ཆེ་དོན་ཆེར་འཛིན་པའི་ཐོག་ཕྱི་ལོ་ ༢༠༠༢ ནས་ཕྱི་སྲིད་ལས་ཁུངས་སུ་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་གཞག་གནང་ཡོད། དེ་སྔའི་ཨ་རིའི་གཞུང་ཚབ་པ་སྐུ་ཞབས་ཁལ་ལཀ་རན་(Clark Randt)དང་། སྐུ་ཞབས་ཧན་ཊི་སེ་མན་(Huntsman)བཅས་ནས་པེ་ཅིང་དུ་ཕྱག་ལས་གནང་རིང་བོད་ཀྱི་ཆབ་སྲིད་བཙོན་པ་ཁག་གཅིག་ཨ་རིར་རྩིས་སྤྲོད་གནང་ཡོད་པ་མ་ཟད། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་ཀྱི་ས་ཁུལ་ཁག་གཅིག་ལ་ཆེད་ཕེབས་གནང་བ་སོགས་ལུང་འདྲེན་གནང་འདུག

དེ་བཞིན་བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བ་ཡིན་སྟབས། ད་བར་ཨ་རིའི་གཞུང་ཕྱོགས་ནས་རྒྱབ་སྐྱོར་གནང་བཞིན་ཡོད། ཕྱོགས་མཚུངས་བོད་དེ་ས་བབ་ཆ་ནས་ཨི་ཤེ་ཡའི་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། འཛམ་གླིང་ཚང་མར་འབྲེལ་བ་ཆགས་ཡོད་པར་བརྟེན་བོད་ཀྱི་ཁོར་ཡུག་ཐོག་ཐུགས་སྣང་གནང་དགོས་ཀྱི་འདུག གཞི་རྩའི་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་སུ་ཞིག་ཡིན་རུང་ཨ་རིའི་སྲིད་བྱུས་དང་བསྟུན་ནས་ཕྱག་ལས་གནང་དགོས་ཀྱི་ཡོད་སྟབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་སྐུ་ཚབ་ལྷན་གྲོས་མོལ་ཐོག་ནས་བོད་ཀྱི་གནད་དོན་སེལ་དགོས་པའི་རྒྱབ་སྐྱོར་གནང་རྒྱུ་དེ་ཨ་རིའི་གཞུང་ཕྱོགས་ཀྱི་སྲིད་བྱུས་ཤིག་ཡིན་པ་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་རྒྱུ་དེ་ཡང་ཨ་རིའི་གཞུང་གི་སྲིད་བྱུས་ཡིན་སྐོར་སོགས་འཁོད་ཡོད་པ་རེད།།

ཨ་རིའི་གཞུང་ཚབ་པ་གསར་པས་བོད་ཀྱི་གནད་དོན་དང་འབྲེལ་བའི་དྲི་བར་ལན་འདེབས་གནང་བ།

gary loke

ཕྱི་ཟླ་ ༧ ཚེས་ ༢༧ ཉིན་དེ་སྔའི་ཨ་རིའི་ཚོང་ལས་དྲུང་ཆེ་སྐུ་ཞབས་གྷེ་རི་ལོཀ་(Gary Loke)མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་གཞུང་ཚབ་པ་གསར་པར་བསྐོ་གཞག་གནང་ཡོད། དེ་ཡང་ཁོང་བསྐོ་གཞག་མ་གནང་བའི་ཉིན་གཅིག་གི་སྔོན་ཏེ་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་མི་རྣམས་ཀྱིས་ཁོང་ལ་གཞུང་ཚབ་ཁང་གི་ལས་དོན་འགན་ཁུར་ཞུ་ཕྱོགས་དང་འབྲེལ་བའི་སྐོར་གྱི་དྲི་བར་ལན་འདེབས་གནང་ཡོད་པ་གཤམ་གསལ།

དྲི་བ། ཕྱི་ལོ་ ༢༠༠༨ ནས་བོད་མི་རྣམས་ལ་ཉིན་རེ་ནས་ཉིན་རེར་དམ་བསྒྲགས་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག་བཟོད་སྒོམ་བྱས་ཏེ་གནས་ཡོད། དཔེར་ན།  སི་ཁྲོན་ཞིང་ཆེན་ནང་ཡོད་པའི་རྔ་པ་ཀིརྟི་དགོན་པའི་ནང་དཀའ་ངལ་འཕྲད་དེ་ཟླ་བ་སྔོན་མར་དགོན་པ་དེ་དམག་མིས་བཙན་བཟུང་བྱས་ཡོད་པ་མ་ཟད། དགེ་འདུན་པ་ ༢༥ དམ་བསྒྲགས་བཀག་བསྡོམས་བྱས་ཡོད་པ་དང་། དགེ་འདུན་པ་ ༣༠༠ ཙམ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་ཆེད་བཙན་ཁྲིད་བྱས་ཡོད། ཕྱོགས་མཚུངས་རྒྱ་གཞུང་གི་ཉེན་རྟོག་དམག་མིས་མི་སྐྱ་གཉིས་རྐྱེན་ལམ་དུ་བཏང་ཡོད། ཁྱེད་རང་གིས་དམ་བསྒྲགས་ཡོད་སའི་ལྷ་ས་ཙམ་མ་ཟད་ལྷ་ས་བརྒལ་བའི་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་གི་ནང་བསྐྱོད་དེ་གནས་ཚུལ་ངོ་མ་ཇི་ཡིན་རྟོག་ཞིབ་ཀྱིས་བོད་མི་ཚོའི་རིག་གཞུང་དང་ཆོས་དད་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཆོད་སེམས་ཡོད་དམ།

ལན། ཨ་རིའི་གཞུང་གིས་རྒྱ་ནག་གཞུང་ལ་ཨ་རིའི་གཞུང་འབྲེལ་མི་སྣ་དང་གསར་འགོད་པ། བོད་མི་གནས་སྐོར་བ་སོགས་བོད་ཀྱི་ས་ཁུལ་ནང་འགྲུལ་བཞུད་ཀྱི་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་དེར་ལྷོད་ཡངས་གཏོང་དགོས་པའི་རེ་འདུན་བཏོན་ཡོད། ལྷ་ས་ཙམ་མ་ཟད་ལྷ་ས་བརྒལ་བའི་བོད་རིགས་གནས་སྡོད་བྱེད་སའི་ས་ཁུལ་ཁག་གི་ནང་བསྐྱོད་རྒྱུ་དེ་རྒྱ་ནག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གི་དགོས་འདུན་དང་པོར་འཇོག་པའི་སྲིད་བྱུས་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་རང་གཞུང་ཚབ་གསར་པར་གཏན་འབེབས་བྱུང་ཚེ་སྲིད་བྱུས་དེ་དག་ལག་བསྟར་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན།

དྲི་བ། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་འཛུགས་རྒྱུའི་སྲིད་བྱུས་འཛིན་པ་དེར་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་ནམ།

ལན། ད་ལྟའི་ཆར་ཨ་རི་དང་རྒྱ་ནག་ཕན་ཚུན་ནང་གཞུང་འབྲེལ་གྱི་ལས་ཁུངས་དྲུག་ཙམ་ཡོད། འབྱུང་འགྱུར་གཞུང་ཚབ་འཛུགས་རྒྱུ་ནི་གནས་ཡུལ་རྒྱལ་ཁབ་ཀྱི་མོས་མཐུན་ཡོད་མེད་དང་གཞུང་ཚབ་དང་འབྲེལ་བའི་ཝི་ཡ་ནའི་གྲོས་ཆོད་(Vienna Convention on Consulate)  དེར་གཞི་བཅོལ་རྒྱུ་དང། ཨ་རི་དང་རྒྱ་ནག་ཕྱོགས་གཉིས་ཀྱི་མོས་མཐུན་ཡོད་མིན་ཐག་གཅོད་སོགས་ལ་རག་ལུས་ཡོད། ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ལ་གཞུང་འབྲེལ་ཡི་གེ་ཞིག་བཏང་བའི་ནང་རྒྱལ་ཁབ་གཉིས་པོའི་དབར་གཞུང་འབྲེལ་རྒྱ་ཆེ་རུ་གཏོང་རྒྱུར་མོས་མཐུན་བྱུང་ཚེ། བོད་ནང་ཨ་རིའི་གཞུང་ཚབ་འཛུགས་རྒྱུ་དེ་ང་ཚོས་རེ་འདུན་དང་པོ་དེ་ཡིན་སྐོར་བརྗོད་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ད་བར་དེར་ཡར་ལན་གང་ཡང་སྤྲད་མེད། ཨ་རིའི་ནང་སྲིད་ལས་ཁུངས་ཀྱིས་སྲིད་བྱུས་དེ་ད་དུང་འཛིན་བཞིན་ཡོད། དེར་བརྟེན་ངོས་རང་ཨ་རིའི་གཞུང་ཚབ་གསར་པར་བསྐོ་གཞག་བྱུང་ཚེ་སྲིད་བྱུས་དེ་རྒྱུན་འཁྱོངས་ཡོང་ཐབས་ཀྱིས་འབད་བརྩོན་གང་ཡོང་ཞུ་རྒྱུ་ཡིན།

དྲི་བ། ཁྱེད་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་མའི་ལས་ཁུངས་དང་འབྲེལ་བ་གནང་སྟེ་བོད་ཐོག་འཛིན་པའི་ཨ་རིའི་ལངས་ཕྱོགས་གཉིས་ཡོད་པ། ༡༽ རྒྱ་ནག་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་དང་ལྷན་བོད་ཀྱི་གནད་དོན་སེལ་ཆེད་གྲོས་མོལ་གནང་རྒྱུ་དང།  ༢༽ བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་བཅས་ཀྱི་ལངས་ཕྱོགས་གཉིས་པོར་རྒྱབ་སྐྱོར་ཞུས་ཐོག་ལངས་ཕྱོགས་དེ་གཉིས་རྩ་འཛིན་ཐོག་འབྱུང་འགྱུར་རྒྱ་ནག་དང་ལྷན་འབྲེལ་བ་བྱེད་རྒྱུ་ཡིན་པའི་ར་སྤྲོད་ཐུབ་རྒྱུ་ཡིན་ནམ།

ལན། གལ་ཏེ་ང་རང་གཞུང་ཚབ་གསར་པར་བསྐོ་གཞག་བྱུང་ཚེ་ངས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་མའི་ལས་ཁུངས་དང་འབྲེལ་བ་ཞུས་ཏེ་ཡང་སེ་རྒྱ་ནག་དཔོན་རིགས་ཚོ་དང་ལྷན་བོད་ཀྱི་དངོས་ཡོད་གནད་དོན་རྣམས་ཁ་རེ་ཁ་ཐུག་གིས་སྐད་ཆ་ཤོད་རྒྱུ་ཡིན།  བོད་རིགས་གནས་སྡོད་བྱེད་སའི་བོད་ཀྱི་ས་ཁུལ་ནང་འགྲོ་བ་མིའི་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་ད་བར་ཐེངས་དགུ་ཙམ་བྱས་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་བཟང་ཕྱོགས་ཀྱི་རྣམ་པ་གང་ཡང་བཏོན་མེད་སྟབས་ཨ་རིའི་གཞུང་ལ་སེམས་འཚབ་ཧ་ཅང་ཡོད། གལ་ཏེ་ང་རང་རྒྱ་ནག་ཏུ་ཨ་རིའི་གཞུང་ཚབ་གསར་པར་བསྐོ་གཞག་བྱུང་ན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་མའི་ལས་ཁུངས་དང་འབྲེལ་བ་ཞུས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་སོགས་སྲུང་སྐྱོབ་སླད་བོད་རྒྱ་ཕྱོགས་གཉིས་པོའི་མི་མཐུན་པའི་གནད་དོན་རྣམས་ཕན་ཚུན་འབྲེལ་མོལ་མུ་མཐུད་དེ་སེལ་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན།

དྲི་བ། རྒྱ་ནག་སྐམ་ས་ནས་རྒྱ་མིའི་གཞུང་འབྲེལ་མི་སྣ་ཚོས་ཨ་རིའི་ས་གནས་གང་དུ་འགྲོ་འདོད་ཀྱང་རང་དབང་ཡིན་པའི་ཁར་རྒྱ་ནག་གི་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ཇི་འདྲ་ཞིག་སྤེལ་ཀྱང་ཨ་རིའི་གཞུང་གིས་དམ་བསྒྲགས་གང་ཡང་བྱེད་ཀྱི་མེད། འོན་ཀྱང་ཨ་རིའི་གཞུང་འབྲེལ་མི་སྣ་དང་མི་སེར་རྣམས་རྒྱ་ནག་ཏུ་བསྐྱོད་སྐབས་ས་གནས་ཁག་གཅིག་ལ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་ཁྱེད་ཀྱིས་ཨ་རིའི་གཞུང་འབྲེལ་གྱི་གནད་ཡོད་མི་སྣ་ཚོ་བོད་དང་ཤིང་ཅང་ཐེ་བའི་རྒྱ་ནག་གི་ས་ཁུལ་ནང་རང་དབང་ཐོག་བསྐྱོད་ཐུབ་པ་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་ནམ།

ལན། ངས་ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གི་ས་ཁུལ་ཚང་མའི་ནང་རྒྱ་ནག་གཞུང་གིས་དམ་བསྒྲགས་མེད་པར་རང་དབང་ཐོག་འགྲོ་བསྐྱོད་ཐུབ་རྒྱུར་འབད་བརྩོན་ཞུ་རྒྱུ་ཡིན། ཨ་རིའི་གཞུང་གིས་རྒྱ་ནག་གི་ས་ཁུལ་ཚང་མའི་ནང་ཡང་སེ་བསྐྱོད་དེ་ས་ཁུལ་དེ་དག་གི་མི་མང་ཚོ་དང་འབྲེལ་བ་བྱེད་ཐུབ་ཚེ།  གཞི་ནས་རྒྱ་ནག་ནང་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་པོ་ཤེས་ཐུབ། བོད་དང་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ནང་གནས་སྟངས་ཚབས་ཆེན་པོ་ཡོད་པའི་དུས་སྐབས་སུ་ཨ་རིའི་གཞུང་ཚབ་ཀྱི་ལས་བྱེད་རྣམས་ས་ཁུལ་དེ་དག་ལ་བསྐྱོད་རྒྱུར་དམ་བསྒྲགས་ཕྲན་བུ་བྱེད་ཀྱི་ཡོད།  སྤྱིར་ཨ་རིའི་གཞུང་འབྲེལ་མི་སྣ་ཚོར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ངོས་འབྱོར་ཡི་གེ་མ་ཐོབ་པར་བསྐོར་བསྐྱོད་བྱེད་སའི་འབྲེལ་ཡོད་རྒྱ་ནག་ས་གནས་སྲིད་གཞུང་དང་ཞིང་ཆེན་གྱི་འབྲེལ་ཡོད་དཔོན་རིགས།  དེ་བཞིན་ས་གནས་སུ་ཡོད་པའི་མཐོ་སློབ་སོགས་ཀྱི་ཚོགས་པ་ཁག་གི་མི་སྣ་ཚོ་དང་ཐུག་འཕྲད་བྱེད་མི་ཐུབ། ཨ་རིའི་གཞུང་འབྲེལ་མི་སྣས་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་པའི་བོད་མི་གནས་ཡོད་ཀྱི་ས་ཁུལ་དང་ཤིང་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་གི་ནང་ཡང་ཡང་ཕྱིན་ཏེ་ས་ཁུལ་དེ་དག་ནང་ཨ་རིའི་ལངས་ཕྱོགས་དང་མཐུན་པའི་ལས་དོན་སྤེལ་མུས་ཡིན་པ་མ་ཟད། ལྷག་པར་ས་གནས་དེ་དག་གི་ནང་ཡོད་པའི་ཨ་རིའི་མི་སེར་ཚོས་བདེ་འཇགས་དང་བདེ་དོན་ཆེད་ལས་འགུལ་སྤེལ་བཞིན་ཡོད། འདི་ལོའི་ཕྱི་ཟླ་ལྔ་པའི་ནང་ཨ་རིའི་གཞུང་ཚབ་གཞོན་པ་སྐུ་ཞབས་རོ་བྷ་ཊི་ཝང་(Robert Wang) ལགས་ཤིང་ཅང་དུ་ཕེབས་ཡོད་ཀྱང་ཁོང་ལ་རྒྱ་ནག་གཞུང་གིས་ངོས་ལེན་གྱི་རྒྱབ་གཉེར་ཡིག་ཆ་སྤྲད་མེད་པར་བརྟེན། ཁོང་གིས་ཕྱོགས་བསྐྱོད་དེའི་སྐབས་ས་གནས་སྲིད་གཞུང་དང་མཐོ་སློབ། ཞིང་ཆེན་སོགས་ཀྱི་གཞུང་འབྲེལ་མི་སྣ་སུ་ལའང་འབྲེལ་བ་གནང་ཐུབ་མེད། བོད་རང་སྐྱོང་ལྗོངས་སུ་འགྲོ་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་ང་ཚོའི་གཞུང་འབྲེལ་མི་སྣ་ཚོ་ལའང་དམིགས་བསལ་ལས་དོན་བྱེད་བྲག་པ་རེ་རེའི་ཐོག་ཆོག་མཆན་ཐོབ་ཀྱི་ཡོད་པ་དེ་ཡང་དཀོན་པོ་ཡིན། འོན་ཀྱང་ཕྱི་ལོ་ ༢༠༡༠ ཟླ་ ༩ ནང་ཨ་རིའི་གཞུང་ཚབ་སྐུ་ཞབས་ཧན་སི་མན་ཝ་སི་(Huntsman)མཆོག་ལ་བོད་རང་སྐྱོང་ལྗོངས་སུ་བསྐྱོད་རྒྱུའི་ཆོག་མཆན་སྤྲད་ཡོོད་ཀྱང་མང་པོ་ཞིག་ལ་དམ་བསྒྲགས་བྱས་ཏེ་ཆོག་མཆན་སྤྲད་མེད། སི་ཁྲོན་སོགས་བོད་རིགས་གནས་སྡོད་ཀྱི་ས་ཁུལ་ཁག་གི་ནང་འགྲོ་རྒྱུར་ས་གནས་ཉེན་རྟོག་མི་སྣས་ལམ་སང་དམ་བསྒྲགས་བྱེད་བཞིན་ཡོད།  གནད་དོན་དེ་དག་ངས་སེལ་དགོས་པའི་ཧ་ཅང་གི་དོན་དག་གལ་ཆེན་པོ་ཞིག་ཆགས་ཡོད།
ཨ་རིའི་གཞུང་གིས་ཡུན་རིང་ནས་རྒྱ་ནག་གཞུང་ལ་ཨ་རིའི་གཞུང་འབྲེལ་མི་སྣ་དང་ཕྱིའི་གསར་འགོད་པ། དེ་བཞིན་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་བཅས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་རང་དབང་ཐོག་འགྲོ་རྒྱུའི་ཆོག་མཆན་སྤྲོད་དགོས་པའི་འབོད་སྐུལ་བྱས་ཡོད། གལ་ཏེ་ང་རང་ཨ་རིའི་གཞུང་ཚབ་གསར་པར་བསྐོ་གཞག་བྱུང་ཚེ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་ལྷན་གནད་དོན་དེ་དག་མུ་མཐུད་གླེང་རྒྱུ་ཡིན་ཞེས་སོགས་ཀྱི་གསལ་བཤད་གནང་ཡོད་པ་བཅས།།

གནས་ཚུལ་བོད་གཞུང་གི་དྲ་གནས་ལས་བཤུས།

Share this:
༩༧ ཀློག་གྲངས།