སྙིང་གཏམ་སྙིང་གི་ཐིག་ལེ་ཞེས་བྱ་བ།

 

མཐའ་ཀླས་འགྲོ་བའི་མོས་བློ་དང་འཚམ་པའི།།

ཟབ་ཡངས་ཆོས་ཚུལ་དཔག་གིས་མི་ལང་ཡང༌། །

གནད་དུ་དྲིལ་ནས་ཉམས་སུ་ལེན་པའི་ཚུལ། །

སྙིང་གཏམ་སྙིང་པོ་སྙིང་འདྲའི་གྲོགས་ལ་གདམས། །

ཚེ་འདིར་ཞེན་ལ་ཆོས་པའི་སྐལ་བ་བྲལ། །

འདོད་ལ་སྤྱད་ཅིང་སྤྱད་ཅིང་སྲེད་པ་འཕེལ། །

ཟིན་པའི་དུས་མེད་རྙེད་བདེ་གྲགས་བསྟོད་རྣམས། །

རྨི་ལམ་ཉོ་ཚོང་འདྲ་བས་སྐྱུར་ལ་ཐོངས།།

གང་ལ་བརྟེན་ན་ཡོན་ཏན་ཚོགས་འཕེལ་ཞིང༌། །

ཉེས་སྐྱོན་མཐའ་དག་རྒྱང་དུ་སྐྲོད་བྱེད་པའི། །

མཚན་ཉིད་ལྡན་པའི་བཤེས་གཉེན་དམ་པ་དེ། །

མཉེས་པ་གསུམ་གྱིས་སྟེན་དང་བསམ་དོན་འགྲུབ། །

ཇི་ལྟར་མཁའ་དབུས་སྐྱེད་མོའི་ཚལ་འདོད་བཞིན། །

མངོན་པར་མཐོ་དང་ངེས་ལེགས་ཕུན་ཚོགས་ཀུན། །

ཚུལ་ཁྲིམས་བྲལ་ལ་འབྱུང་བའི་སྐབས་མེད་པས། །

དྲན་ཤེས་བག་ཡོད་ལྡན་པས་རང་རྒྱུད་ཐུལ།།

 

ཐོག་མེད་སྲིད་པར་མ་རིག་མུན་ཀློང་དུ། །

བཤེས་བྲལ་སྨྱོན་པ་བཞིན་དུ་ད་བར་འཁྱམས།།

ད་ནི་ཞི་བདེའི་ཁང་བཟང་འཚོལ་བའི་ཕྱིར། །

གསུང་རབ་རྒྱ་མཚོ་མཉན་ལ་སྤྲོ་བར་རིགས། །

 

ཐོས་པ་ཙམ་གྱིས་སྒྲོ་འདོགས་མི་ཆོད་ཅིང༌། །

སྟོན་དང་བསྟན་ལ་ཡིད་ཆེས་རྙེད་དཀའ་བས། །

རྩོད་འཆད་རྩོམ་པའི་བྱ་བ་བརྒྱ་ཕྲག་གིས། །

བསམ་བྱུང་ཤེས་རབ་ཐུགས་ཀྱི་བཅུད་དུ་སྟེན། །

 

གཞུང་ལུགས་རབ་འབྱམས་སྨྲ་བའི་སྟོན་ཆེན་ཡང༌། །

རང་རྒྱུད་མ་བཏུལ་ནེ་ཙོའི་འདོན་པ་འདྲ། །

འཆི་བ་བཙན་ཐབས་འོངས་ན་འགྱོད་པའི་རྒྱུ། །

གདམས་དོན་སྙིང་ལ་སྟེན་ཅིག་སྙིང་གྲོགས་རྣམས། །

 

མང་མང་རྒྱལ་བའི་ཆོས་ཚུལ་རབ་འབྱམས་ཀུན། །

རང་རྒྱུད་འདུལ་བ་ཁོ་ནའི་ཐབས་སུ་གདམས། །

ཚིག་ལ་མ་འཆེལ་དོན་གྱི་ཟབ་གནད་མཆོག །

སྙིང་གི་བཅུད་དུ་སྟིམས་ཞེས་སླར་ཡང་བསྐུལ། །

 

རྙེད་དཀའི་རྟེན་འདི་ཨུ་དུམ་ཝཱ་ར་འདྲ། །

ནོར་བུ་འབུམ་ལས་ལྷག་པའི་དོན་འབྲས་ལྡན། །

ཕྱི་ནས་འདི་འདྲ་ཤིན་ཏུ་རྙེད་དཀའ་བས།།

དོན་ཆེན་འདུན་མ་བསྒྲུབ་ལ་མ་གཡེལ་ཅིག །

 

འཆི་བདག་དགྲ་ཆེན་ནམ་མཁའི་ཐོག་འདྲ་བ། །

ནམ་ཙམ་ཐོན་པ་སུས་ཀྱང་དཔོག་མི་ནུས། །

ལོ་དང་ཟླ་བར་སྡོད་པའི་ལོང་མེད་ཀྱིས། །

ད་ལྟ་ད་ལྟར་དགེ་ཆོས་སྒྲུབ་རེ་རན། །

 

ལུས་ཅན་ལས་ཀྱི་འབྲས་བུ་ཆུད་མི་ཟ། །

རྣམ་སྨིན་ཐོག་ཏུ་བབས་ཚེ་བཅོས་སུ་མེད། །

ད་ལྟ་སྐལ་ལྡན་རང་དབང་ཡོད་དུས་འདིར། །

རང་གིས་རང་ཉིད་བསླུས་ན་སུ་ཡིས་སྐྱོབ། །

 

བཟོད་དཀའ་འཁོར་བའི་ སྡུག་བསྔལ་བྱེ་བྲག་རྣམས། །

དྲན་པ་ཙམ་གྱིས་བ་སྤུ་གཡོ་ནུས་ན། །

བགྲང་ཡས་དུཿཁས་ལུས་སེམས་གདུང་བའི་ཚེ། །

ཇི་འདྲ་ཡིན་ཞེས་རང་ལ་གྲོས་མོལ་མཛོད། །

 

འདི་འདྲའི་འཇིགས་ཆེན་ཤིན་ཏུ་ཐར་དཀའ་ལས། །

འདྲེན་པའི་ནུས་ལྡན་གཞན་ནས་རྙེད་མི་སྲིད། །

བསླུ་མེད་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན། །

རིན་ཆེན་རྣམ་གསུམ་སྐྱབས་སུ་བརྟེན་པར་རིགས། །

 

སྲིད་གསུམ་སྡུག་བསྔལ་རང་བདེ་འདོད་ལས་ བྱུང།།

བདེ་དགེ་མཐའ་དག་གཞན་ཕན་སེམས་ལས་འཁྲུངས། །

དེ་ཕྱིར་ལྷ་མིའི་སྟོན་པའི་རྗེས་བསྙེགས་ཏེ། །

བླ་མེད་བྱང་ཆུབ་སེམས་མཆོག་བསྐྱེད་པར་རིགས། །

 

རང་རྒྱུད་རིག་ཁམས་ཤེལ་དཀར་ཨཱ་དར་ཤ །

གློ་བུར་སྒྲིབ་པའི་རྡུལ་གྱིས་ཆེར་གཡོགས་ན། །

ཟབ་གསལ་ཏིང་འཛིན་གཟུགས་བརྙན་འཆར་དཀའ་བས། །

སྟོབས་བཞིའི་རས་དཀར་ངལ་བས་བསྐྱོད་པར་འོས། །

 

སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་ངང༌། །

ཡེ་ནས་ཡིན་པར་ཤེས་པའི་ལྟ་བ་དང༌། །

མ་བྲལ་སྒོམ་པའི་མདེའུ་ཁ་བསྒྱུར་བྱས་ནས། །

ཚར་གཅོད་རྗེས་སུ་འཛིན་ལ་དབང་སྒྱུར་མཛོད། །

 

སྲོག་རྩོལ་བྱེད་བཅིང་ལུས་ཀྱི་འཕྲུལ་འཁོར་གྱིས། །

བདེ་གསལ་མི་རྟོག་གྲོགས་སུ་འགུགས་ནུས་ན།།

འོད་གསལ་སྒྱུ་མའི་ལུས་ལ་དབང་འབྱོར་ཕྱིར། །

རྫོགས་རིམ་ཐུགས་ཀྱི་ཐིག་ལེར་བསྟིམ་པར་རིགས། །

 

སྙིགས་ལྔའི་མུན་པ་ལྷག་པར་བདོ་སྐབས་སུ། །

ཐེག་བརྒྱད་རྒྱུ་སྐར་འོད་ཀྱིས་འཇོམས་དཀའ་བས། །

ཡང་གསང་སྙིང་ཐིག་ཉི་མའི་ཟེར་ཕྲེང་འབུམ། །

དད་གསུམ་རྟ་བདུན་ཁྱོགས་ཀྱིས་འདྲེན་པར་རིགས། །

 

གང་ཤར་རིག་པ་མ་བཅོས་རྒྱ་ཡན་ལ། །

རང་བབས་རང་བཞག་ངང་དུ་ལྟོས་ཤིག་དང༌། །

ཡེ་སྟོང་རྩ་བྲལ་རང་གསལ་ངོ་ཤེས་ན། །

ས་ལམ་ཅིག་ཆོད་འབྲས་བུའི་གཏན་སྲིད་ཟིན། །

 

ཅོག་གཞག་ངང་ནས་བཞུགས་སྟངས་གཟིགས་སྟངས་ཀྱིས། །

རང་སྣང་དབྱིངས་ཐིག་རིག་པར་ལོངས་སྤྱད་ན། །

གཟུང་འཛིན་འཁོར་བའི་མུན་པ་དབྱིངས་སུ་ཡལ།།

སྣང་བཞི་མཐར་འཁྱོལ་འཕོ་ཆེན་འོད་སྐུར་སྨིན། །

 

དེ་སྐད་གྲོང་ཚིག་དུམ་ཆོད་སྙིང་གི་གཏམ། །

བློ་གསལ་དགྱེས་པའི་སྙན་ཚིག་བདོག་མིན་ཡང༌། །

ཐོལ་བྱུང་ཀློང་རྡོལ་འདེམ་ག་སྤངས་པ་འདི། །

སྔ་འགྱུར་རིག་འཛིན་བརྒྱུད་པའི་རང་གཤིས་ལགས། །

 

དགེ་བ་འདི་ཡིས་མ་ལུས་འགྲོ་བ་རྣམས། །

སྐུ་བཞིའི་རྒྱལ་ཐབས་མཆོག་ལ་དབང་འབྱོར་ཞིང༌། །

བདག་ཀྱང་འཇམ་དཔལ་གཞོན་ནུའི་སྙིང་སྟོབས་དང༌། །

སྐད་ཅིག་ཙམ་ཡང་འབྲལ་བར་མ་གྱུར་ཅིག །

 

ཅེས་པ་འདི་ནི་རྒྱ་ནག་རི་བོ་རྩེ་ལྔའི་ཡང་དབེན་ལྷ་མཆོག་འཇམ་དཔལ་གཞོན་ནུས་རྒྱལ་སྲས་ཁྲི་ཕྲག་གཅིག་ལ་ཟབ་རྒྱས་ཆོས་འཁོར་བསྐོར་བའི་རི་རྩེར་ངག་དབང་བློ་གྲོས་མཚུངས་མེད་པས་དུས་ཚོད་སྐར་མ་ཉེར་གསུམ་གྱི་ཡུན་ལ་ཤར་མར་སྤེལ་བ་དགེ། །།

Share this:
༢༠༤ ཀློག་གྲངས།