བྱང་ཆུབ་སྙིང་པོ།

བཙན་བྱོལ་བོད་རིགས་མང་ཐག་ཆོད་ཅིག་ཕྱི་རྒྱལ་ཁག་ཏུ་འགྲོ་བ་དང༌། བོད་པ་མང་པོ་ཞིག་ཕྱི་རྒྱལ་མི་རིགས་དང་མཉམ་དུ་གཉེན་སྒྲིག་བྱས་ནས་མ་འོངས་པའི་མི་རབས་གསར་པ་དེ་མི་རིགས་འདྲེས་མ་ཆགས། སོ་སོའི་འཚོ་གོས་གཅིག་པུ་ལས་བོད་ཀྱི་གནས་སྟངས་སྤྱི་ཡོངས་ལ་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་ཡིན་པ་ལྟ་བུ་འདུག ད་ལྟའི་ཆར་བོད་མི་ས་ཡ་དྲུག་ཅེས་བརྗོད་ཀྱི་ཡོད་ཀྱང་དོན་དངོས་ཐོག་གྲངས་འབོར་མར་ཆག་གི་ཡོད་པ་ལས་ཡར་འཕར་རྒྱུ་མེད་པ་དངོས་ཡོད་གནས་ཚུལ་རེད་བསམ་གྱི་འདུག དེ་འདྲ་ཡིན་དུས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང༌། གཙོ་ཆེ་ཤོས་བོད་ཀྱི་རྩ་དོན་འཐབ་རྩོད་སོགས་ལ་མ་འོངས་པར་བདག་པོ་རྒྱག་མཁན་གྱི་མི་རབས་གསར་པ་ག་འདྲ་ཞིག་ཡོང་གི་ཡོད་མེད་སྐོར་ལ་སེམས་འཚབ་ཆེན་པོ་འདུག

ད་ལྟ་བོད་གཞུང་ཤེས་རིག་ལས་ཁུངས་ནས། བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་ང་ཚོ་མཐོ་སློབ་ཁག་གི་སློབ་མ་རྣམས་ལ་ཟབ་སྦྱོང་གི་གོ་སྐབས་གནང་བ་དེས་ཕན་ཐོགས་ཆེན་པོ་བྱུང༌། སྔོན་མ་བོད་གཞུང་གི་ཕྱོགས་ལ་དོ་སྣང་ཆེན་པོ་ཡོད་ཀྱང༌། ཕྱོགས་ཡོངས་ནས་བསམ་ན་བོད་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང༌། བོད་གཞུང་གི་དཔལ་འབྱོར་གྱི་གནས་སྟངས། དེ་བཞིན་བོད་གཞུང་འཛིན་སྐྱོང་ལས་ཁུངས་ཁག་གི་སྒྲོམ་གཞི་དང་ལས་འཆར་དམིགས་ཡུལ་སོགས་སྔོན་བརྒྱ་ཆ་ཉི་ཤུ་ལས་ཤེས་རྟོགས་མེད་ན་ད་ལྟ་བརྒྱ་ཆ་དྲུག་ཅུ་ཙམ་འཕར་སོང་བསམ་པ་ཞིག་བྱུང༌། དེར་བརྟེན་བོད་རང་བཙན་མ་ཐོབ་ཀྱི་བར་དུ་སོ་སོའི་ངོས་ནས་ཡིན་ཡང་འབད་བརྩོན་ལྷོད་མེད་བྱེད་དགོས་སྙམ་པའི་ཚོར་སྣང་ཤུགས་ཆེན་པོ་སྐྱེས་སོང་ལ། དེའི་ཆེད་དུ་སོ་སོས་འབད་བརྩོན་བྱེད་རྒྱུའི་དམིགས་ཡུལ་ཡོད། བོད་རང་བཙན་མྱུར་ནས་མྱུར་དུ་འཐོབ་པའི་སྨོན་འདུན་དང་ཡིད་ཆེས་ཡོད།།

Share this:
༦༡ ཀློག་གྲངས།