སྲོལ་རྒྱུན་ཤེས་ཡོན་མེད་ན་དེའི་ཞན་ཆ་དེ་དེང་རབས་ཤེས་ཡོན་གྱིས་སྐོང་མི་ཐུབ།

དེ་རིང་སློབ་གྲྭ་སྒོ་དབྱེའི་སྐུ་མགྲོན་གཙོ་བོ་སློབ་ཕྲུག་ཕོ་མོ་རྣམ་པ་ཚོ་དང༌། ཚོགས་འདུ་རུ་ཕེབས་པའི་དཔལ་ལྡན་ཁྲིམས་ཞིབ་པ་མཆོག ཕྱག་སྦྲེལ་བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དྲུང་ཆེ་རྣམ་པ་དང༌། ཉེ་འདབས་སློབ་གྲྭ་ཁག་གི་སློབ་སྤྱི་འགན་འཛིན་རྣམ་པ། ཕྲུ་གུའི་ཕ་མ་རྣམ་པ། གཞན་ཡང་སྐུ་མགྲོན་རྣམ་པ་ཡོངས་རྫོགས་ལ་ྋགོང་ས་སྐྱབས་མགོན་ཆེན་པོས་ཡུན་རིང་ནས་ཐུགས་ལ་བརྣགས་པའི་དགོངས་གཞིའི་གྲས། དཔེ་སྟོན་སློབ་གྲྭ་དང་པོ་དེ་འགོ་འཛུགས་བྱེད་ཐུབ་པ་བྱུང་བ་དེ་ཤེས་རིག་ལས་ཁུངས་དང༌། བཀའ་ཤག་བཅས་སྙིང་གི་གཏིང་ནས་འདོད་བློ་ཚིམ་པོ་དང་དགའ་པོ་ཞེ་དྲག་བྱུང༌། དེར་བརྟེན་དང་པོ་སློབ་ཕྲུག་རྣམ་པ་ཚང་མ་དང༌། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཚོ་ལ་བཀའ་ཤག་གི་ངོས་ནས་དང༌། ང་རང་སྒེར་གྱི་ངོས་ནས་ལེགས་སོའི་བསྔགས་བརྗོད་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་རྒྱུ་དང་དེའི་འོག་གི་ལས་དོན་ལག་ལེན་དུ་བསྟར་རྒྱུའི་ཆེད་དུ་དཔེ་སྟོན་སློབ་གྲྭ་ཚུགས་རྒྱུ་དེ་དུས་ཚོད་ཀྱི་ཆ་ནས་ཧ་ཅང་འཕྱི་པོ་ཆགས་བསྡད་པའི་བཟོ་འདྲ་ཞིག་རེད། ཡིན་ནའང་རྩ་བ་ནས་མེད་པ་དང་འཕྱི་པོ་ཆགས་པ་གཉིས་བསྡུར་བ་ཡིན་ན་དབྱིན་ཇིའི་གཏམ་དཔེ་ལ་མེད་པ་ལས་འཕྱི་པོ་ཆགས་པ་ཡག་གི་རེད་ཅེས་པའི་བཟོ་འདྲ་ཞིག་ཡོད་པ་ཡིན་ཙང༌། བཀའ་ཤག་སྐབས་བཅུ་གཉིས་པའི་ལས་དུས་མ་རྫོགས་གོང་ལ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་ལས་རིམ་འགོ་འཛུགས་བྱེད་ཐུབ་པ་དེ་ཡག་པོ་བྱུང་སོང་བསམ་གྱི་ཡོད། ཐོག་མ་དེ་ཡིན་ཙང༌། དཔེ་སྟོན་སློབ་གྲྭ་འདི་གོ་སྒྲིག་བྱེད་པའི་སྐབས་ལ་བཀའ་ཤག་ནས་ཡང་ཡང་ཐེ་གཏོགས་དང་ལམ་སྟོན་མུ་མཐུད་ནས་བྱས་བསྡད་པ་རེད། ཡིན་ནའང་ད་རེས་དབུ་འབྱེད་མཛད་སྒོ་གྲ་རྒྱས་པོ་ཞིག་གནང་དགོས་པའི་ཚོར་སྣང་དེ་བཀའ་བློན་ཁྲི་པ་དང༌། བཀའ་ཤག་ལ་ཡོད་པ་མ་རེད། ཡིན་ནའང་ཤེས་རིག་ལས་ཁུངས་ནས་རང་གཞུང་གི་མཛད་གཙོ་རྣམ་པས་མཚོན་སྐུ་མགྲོན་གང་འཚམས་ཤིག་གདན་འདྲེན་ཞུས་ནས་དབུ་འབྱེད་མཛད་སྒོ་གྲ་སྒྲིག་གནང་འདུག དེ་ཡང་ཡག་པོ་རེད་བསམ་སོང༌། འདི་འགྲིག་གི་མ་རེད་ཅེས་ཞུས་མེད། གལ་ཆེ་ཤོས་དེ་མཛད་སྒོ་འཚོགས་པ་ལས་སྲིད་བྱུས་ཀྱི་དགོངས་དོན་རྟོགས་པ་དང༌། དགོངས་དོན་རྟོགས་པའི་ཐོག་ནས་ལག་ལེན་བསྟར་རྒྱུ་དེ་གལ་ཆེ་བ་རེད། རིམ་པས་ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ལ་ཕྲུ་གུའི་ཕ་མས་མཚོན་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་གོ་རྟོགས་དང་ཡིད་ཆེས་སླེབས་པའི་སྐབས་ལ་མཛད་སྒོ་འཚོགས་པ་ཡིན་ཡང་གནད་འགགས་མེད་པ་འདྲ་ཞིག་རེད།

ད་ལྟ་ང་ཚོས་གཏན་ལ་ཕབ་པའི་ཤེས་ཡོན་སྲིད་བྱུས་དེ་མཐའ་མ་གྲོས་ཚོགས་ཀྱི་བར་དུ་འགྲོ་དགོས་པ་དང༌། དུས་ཚོད་མང་པོ་ཞིག་འགོར་བ་རེད། དེ་འགོར་བའི་རྒྱུ་མཚན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་དང༌། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་ཤེས་ཡོན་དང་ལེགས་སྦྱང་གི་སྐོར་ལ་ཐུགས་སྣང་གནང་མཁན་མང་པོ་ཞིག་གིས་ད་ལྟའི་སྲིད་བྱུས་འདིའི་ཐོག་ལ་དོགས་པ་རྣམ་རྟོག་མང་པོ་ཞིག་གནང་བ་ཡིན་ཙང༌། སྤྱི་ཡོངས་ཀྱི་སྲིད་བྱུས་དང་མི་འདྲ་བར་སྤྱི་འཐུས་གྲོས་ཚོགས་ནས་གཏན་འབེབས་ཞུ་དགོས་པའི་གནས་བབས་ཤིག་ཆགས་པ་རེད། ཡིན་ནའང་སྟབས་ལེགས་པ་ཞིག་ལ། གྲོས་ཚོགས་ཀྱིས་སྲིད་བྱུས་འདིའི་ཐོག་ལ་སྤྱི་ཡོངས་ཀྱི་བགྲོ་གླེང་དང༌། ལྷག་པར་དུ་ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་གནང་བའི་སྐབས་ལ་ཆ་ཤས་རེ་ཟུང་ལ་བཟོ་བཅོས་ཕྱིན་པ་མ་གཏོགས། སྤྱི་ཡོངས་ཀྱི་གལ་གནད་ཆེ་བའི་སྲིད་བྱུས་ཀྱི་སྒྲོམ་གཞི་ལ་བཟོ་བཅོས་དང་བསྐྱར་བཅོས་མ་ཕྱིན་པར། ཤེས་རིག་ལས་ཁུངས་བརྒྱུད་བཀའ་ཤག་ནས་གང་ཕུལ་བ་དེ་ག་རང་གཏན་འབེབས་གནང་ཐུབ་པ་དེ་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ལྷག་པར་དུ་བཟོ་བཅོས་གྲོས་འཆར་རེ་ཟུང་ཡོད་པ་དེ་ཚོ་གཏན་འབེབས་གནང་བའི་རྗེས་སུ་ཁྱོན་ཡོངས་ཀྱི་སྲིད་བྱུས་ཀྱི་ཡིག་ཆ་དེ་གྲོས་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པ་དེ་ཡང་བཙན་བྱོལ་བོད་མིའི་བྱུང་རབས་ཀྱི་ནང་དུ་འགོད་པར་འོས་པའི་གཟི་བརྗིད་ཅན་གྱི་གནས་ཚུལ་ཞིག་ཡིན་པ་ལ་ངོས་འཛིན་བྱེད་བཞིན་ཡོད་ལ། བྱེད་ཆོག་པ་ཞིག་ཀྱང་རེད།

བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་པ་ནས་བཟུང༌། ལོ་གཅིག་དང་བདུན་ཕྲག་གཉིས་ཙམ་གྱི་རིང་ང་ཚོས་དངོས་སུ་དཔེ་སྟོན་སློབ་གྲྭ་དང་པོ་ཚུགས་རྒྱུ་ལ་འགོར་བ་རེད། དེ་འགོར་བའི་རྒྱུ་མཚན་གཙོ་བོ་དེ་ཕྱིའི་དངོས་པོའི་མཐུན་རྐྱེན་མ་འཛོམས་པའི་ཆ་ནས་འགོར་བ་ཞིག་མ་རེད་དེ། དགེ་རྒན་ལས་བྱེད་ཀྱི་མཐུན་རྐྱེན་དེ་སྟབས་གཟབ་པོ་བྱས་ནས་སྒྲུག་དགོས་པ་ཡིན་ཙང་དེའི་དབང་གིས་དུས་འགོར་ཕྲན་བུ་བྱུང་བ་རེད། ཡིན་ནའང་དུས་ཚོད་འགོར་གཞི་ལ་མ་བལྟས་པར་ང་ཚོས་ཧབ་བེ་ཧོབ་བེ་བྱས་པ་ལས་ཚད་དང་ལྡན་པ་ཞིག་བྱས་པ་དེ་ལེགས་པར་ངོས་འཛིན་བྱས་ནས་ཕྲན་བུ་འཕྱི་པོ་ཆགས་པ་ཡིན་ནའང༌། ད་ལན་དངོས་སུ་དཔེ་སྟོན་སློབ་གྲྭ་དང་པོ་དེ་འགོ་འཛུགས་བྱེད་ཐུབ་པ་ཡག་པོ་བྱུང་སོང་བསམ་གྱི་ཡོད།

ད་ལྟའི་ཤེས་ཡོན་སྲིད་བྱུས་འདི་གཏན་འབེབས་གནང་བའི་བརྒྱུད་རིམ་ནང་དུ་དོགས་པ་རྣམ་རྟོག་དང༌། ཕྱི་ནང་གི་བར་ཆད་མི་ཉུང་བ་ཞིག་བྱུང་ཡོད་པ་རེད། དེ་ཚོའི་བརྒྱུད་རིམ་ཚང་མའི་ནང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བླ་ན་མེད་པའི་ཐུགས་བརྩེ་ཆེན་པོས་ཡང་ནས་ཡང་དུ་ལམ་སྟོན་དང་རྒྱབ་སྐྱོར། རོགས་དངུལ་གནང་བ་དེ་ང་ཚོས་ནམ་ཡང་བརྗེད་ཐབས་མེད་པའི་བཀའ་དྲིན་གྱི་ཕུང་པོ་ཞིག་རེད། ད་རེས་ངས་འདིར་ཞུ་དགོས་པའི་གནས་བབས་ཤིག་ཆགས་ཀྱི་ཡོད་པ་མ་རེད་དེ། སེམས་ཚོར་གྱི་དབང་གིས་ཞུས་པར་ཐལ་སོང༌། རྩ་བས་ཤེས་ཡོན་སྲིད་བྱུས་གཏན་འབེབས་ཀྱི་ལས་རིམ་དང་དེའི་རྒྱབ་ལྗོངས་ཤེས་རིག་དྲུང་ཆེ་མཆོག་གིས་ངོ་སྤྲོད་ཀྱི་ནང་དུ་གསལ་པོ་གསུངས་ཟིན་པ་ཡིན་ཙང་ངས་དེ་ལྡབ་སྐྱོར་བྱེད་ཀྱི་མིན། ཡག་པོ་ཞེ་དྲག་བྱུང་སོང༌། ཆ་ཚང་བ་གསུངས་སོང༌། ད་ལྟའི་བཀའ་ཤག་གི་ངོས་ནས་ཤེས་ཡོན་སྲིད་བྱུས་གསར་པ་དང༌། ཤེས་ཡོན་སྲིད་བྱུས་གསར་པའི་འོག་ནས་འབྱུང་འགྱུར་བོད་ཀྱི་མི་རབས་ཚད་ལྡན་ཞིག་བསྐྲུན་དགོས་ཀྱི་ཡོད་པ་དེ་ད་ལྟའི་མི་རབས་འདིའི་ལས་འགན་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད། ད་རེས་ཀྱི་གོ་སྐབས་འདི་ལ་ང་ཚོས་ཚད་དང་ལྡན་པའི་ཤེས་ཡོན་གྱི་སྲིད་བྱུས་ཤིག་དང༌། དེ་དང་མཚུངས་པའི་ཤེས་ཡོན་གྱི་ལས་དོན་ལག་བསྟར་བྱེད་མ་ཐུབ་པ་ཡིན་ན། ཕལ་ཆེར་མི་རབས་རྗེས་མ་རྗེས་མ་དེ་ཚོའི་ནང་ལ་བསྐྱར་ལོག་བརྒྱབ་ནས་བོད་ཀྱི་སྲོལ་རྒྱུན་འཛིན་སྐྱོང་བྱེད་ཐུབ་པའི་གོ་སྐབས་ཡོང་མི་ཐུབ་པའི་གནས་ཚུལ་ཡོང་སྲིད་པ་ཞིག་རེད། དེ་འདྲ་བྱུང་བ་ཡིན་ན་མི་རིགས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ད་ལྟའི་མི་རབས་ཀྱི་བོད་མི་སྤྱི་དང༌། ལྷག་པར་དུ་ད་ལྟའི་མི་རབས་འདིའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོར་གཏོགས་པ་དེ་ཚོར་ནམ་ཡང་དག་མི་ཐུབ་པའི་ནོར་འཁྲུལ་ཞིག་དང༌། འགན་ལེན་ཆེན་པོ་ཞིག་ངེས་པར་དུ་བྱེད་དགོས་པ་ཞིག་ཆགས་སྲིད་པ་རེད། ད་ལྟ་ང་ཚོས་ཤེས་ཡོན་སྲིད་བྱུས་ཇི་མ་ཇི་བཞིན་ལག་བསྟར་བྱེད་ཐུབ་རྒྱུ་དང༌། དེ་ལ་བརྟེན་ནས་བོད་མི་གཙང་མ་ཞིག ཡོང་རྒྱུ་བསྡད་པའི་མི་རབས་ཁག་གི་ནང་དུ་བསྐྲུན་ཐུབ་པའི་འགན་ལེན་ཞུ་ཐུབ་ཀྱི་མི་འདུག ཡིན་ནའང་དེའི་ཆེད་དུ་འབད་བརྩོན་མ་བྱས་པའི། བསམ་བློ་མ་བཏང་བའི། དཀའ་ལས་མ་བརྒྱབ་པའི་འགན་དེ་མེད་པ་ཡིན་བསམ་པའི་བློ་བདེ་པོ་བྱེད་ཆོག་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད།

ད་ལྟའི་ཤེས་ཡོན་སྲིད་བྱུས་ལ་དཔྱད་ཞིབ་གནང་ནས་སྐྱོན་བརྗོད་གནང་མཁན་ཚོ་བཀའ་དྲིན་ཆེན་པོར་བརྩི་ཡི་ཡོད། ཕན་ཐོགས་ཡོང་གི་འདུག གཟིགས་ཞིབ་མ་གནང་བར་སྐྱོན་བརྗོད་གནང་མཁན་དེ་ཚོ་ལ་ཐུགས་འཚབ་གནང་དགོས་ཀྱི་ཡོད་པ་མ་རེད་ཅེས་བསྐྱར་ལྡབ་ཞུ་རྒྱུའི་འདོད་པ་བྱུང་སོང༌། ད་ལྟའི་ཤེས་ཡོན་སྲིད་བྱུས་དེ་བློ་གྲོས་དང་ལྡན་པ་སུས་བལྟས་པ་ཡིན་ནའང༌། ཡང་དག་པ་ཞིག་དང༌། ཕུན་སུམ་ཚོགས་པ། བོད་མིའི་དོན་དམ་གྱི་དགོས་མཁོ་དང་འཚམས་པ་ཞིག་ཡིན་པ་དེ་ཐེ་ཚོམ་མེད་པར་ཐག་བཅད་ནས་བཤད་ཐུབ་པ་ཞིག་ཡོད་པ་ཡིན་ཞེས་ངས་སྐད་གསེང་མཐོན་པོའི་ཐོག་ནས་ཞུ་རྒྱུ་ཡིན། གང་ཡིན་ཞེ་ན་ད་ལྟ་ང་ཚོས་ལག་ལེན་དུ་བསྟར་བའི་སྲིད་བྱུས་འདི་ཕྱི་ལོ་༡༩༠༥།༡༩༠༦ ནས་བཟུང་སྟེ་འདས་པའི་ལོ་བརྒྱ་ཕྲག་གཅིག་གི་ནང་ལ། ཤར་ནུབ་ཀྱི་མཁས་དབང་མང་པོས་ཚོད་ལྟ་བྱས་ཟིན་པའི་གྲུབ་དོན་གྱི་ཐོག་ལ་གནས་པ་ཞིག་རེད། ཕྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པའི་མཇུག་ཙམ་ནས་རྒྱ་གར་རང་བཙན་གྱི་ལས་འགུལ་བརྒྱུད་རིམ་ནང་དུ་ནུབ་ཕྱོགས་ནས་སློབ་སྦྱོང་བྱས་པའི་འགྲན་ཟླ་མེད་པའི་མཁས་པ་ཨར་བིན་དོ་གྷོ་ཤིས་ཐོག་མའི་གྲུབ་དོན་ག་རེ་རྙེད་པ་རེད་ཅེ་ན། རྒྱ་གར་ལ་ཆབ་སྲིད་ཀྱི་རང་དབང་མེད་པའི་རྒྱུ་རྐྱེན་གཙོ་བོ་ཤེས་ཡོན་གྱི་ལམ་སྲོལ་ལ་ཐུག་པ་གཟིགས་ནས་ཚོད་ལྟ་གསར་པ་ཞིག་གནང་བ་རེད། ད་ལྟ་ཡང་སྤོན་ཌི་ཅ་རི་ཨ་ཤི་རམ། སི་ཀུལ་ཟེར་བ་དེ་ཕྲ་ཚུད་པོ་བྱས་ནས་ཡོད་བཞིན་པ་ཞིག་རེད། ཨར་བིན་དོ་གྷོ་ཤི་ཀླད་པ་རྙིང་པའི་མི་ཞིག་མ་རེད། ཁྱོད་རང་ཚོ་མི་མང་ཆེ་བ་ཞིག་གིས་མཁྱེན་གྱི་ཡོད་མདོག་ཁ་པོ་རེད། གྷོ་ཤི་ནང་མིས་ནུབ་ཕྱོགས་པའི་ཤེས་སྤྱོད་དང་ལེགས་སྦྱང་ཧ་ཅང་གཙིགས་ཆེན་པོར་བརྩིས་ནས་ཨར་བིན་དོ་འཁྲུངས་པ་དང་ཆབས་ཅིག རྒྱ་གར་གྱི་མ་མ་ཚོའི་ལག་ཏུ་མ་བཞག་པར་དབྱིན་ཇི་བུད་མེད་དེ་འདྲ་མ་མ་རུ་བསྟེན་ནས་བེང་གོལ་གྱི་སྐད་དང༌། རྒྱ་གར་གྱི་སྐད་ཡིག་གང་ལ་ཡང་དྲི་མ་མ་ཕོག་པ་བྱས་ནས་ཁ་གྲག་དུས་ནས་དབྱིན་ཇིའི་སྐད་ཆ་བཤད་རྒྱུའི་ཐབས་ཤེས་བྱས། ཁ་ལག་ཟ་སྟངས། དུག་ལོག་གྱོན་སྟངས། ཉལ་ཆས་བཟོ་སྟངས་ཡོངས་སུ་རྫོགས་པ་ནུབ་ཕྱོགས་པའི་ལད་ཟློས་བྱས་ནས་ལོ་བདུན་བརྒྱད་ཅིག་ཟིན་པའི་སྐབས་ལ་དབྱིན་ལན་དུ་བཏང་ནས་རྒྱུན་རིང་བཞག་པ་ཞིག་རེད། མཐོ་རིམ་སློབ་སྦྱོང་ཆ་ཚང་ཐོན་ནས་རྒྱ་གར་དུ་ལོག་པའི་སྐབས་ལ་གཞི་ནས་ཁོ་རང་གི་མི་ཚེའི་མདུན་ལམ་ནོར་བ་དང༌། སྲོལ་རྒྱུན་གྱི་རིག་གཞུང་ལ་དོ་སྣང་བྱེད་དགོས་ཀྱི་ཡོད་པའི་ཚོར་སྣང་བྱུང་ནས་ལེགས་སྦྱར་གྱི་སྐད་ཐོག་མ་སྦྱང་དུས་དགུང་ལོ་སུམ་ཅུ་སོ་དྲུག་སོ་བདུན་ཞིག་ལ་ཕེབས་ཚར་བ་རེད། དེ་འདྲ་ཕྱིར་ལོག་བྱས་ནས་ཡོང་མཁན་ཞིག་ཡིན་ཙང༌། ནུབ་ཕྱོགས་པའི་སྐྱོན་དང་ཡོན་ཏན་ཚང་མ་རང་གི་ཉམས་མྱོང་དང་སློབ་སྦྱོང་གི་ཐོག་ནས་མཁྱེན་པའི་རྗེས་སུ་དགག་སྒྲུབ་གནང་བ་ཞིག་རེད་མ་གཏོགས། ཕྱོགས་སྔ་མ་ཤེས་པ་བྱས་ནས་ཕྱོགས་སུ་ལྷུང་བའི་རྣམ་དཔྱོད་ཀྱིས་ཕྱོགས་སུ་ལྷུང་བའི་བློས་སྐྱོན་བརྗོད་བྱས་བསྡད་པ་ཞིག་མ་རེད། དེ་དང་ཆབས་གཅིག་ཏུ་བདག་ཉིད་ཆེན་པོ་གན་དྷིས་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་དྲུག་བདུན་ནས་བཟུང་སྟེ་ཨ་ཧཕི་རི་ཀའི་ནང་དུ་མང་ཚོགས་ཀྱིས་རང་དབང་གི་ཆེད་དུ་འཐབ་རྩོད་གནང་བ་ནས་ཤེས་ཡོན་སློབ་སྦྱོང་གི་གནས་བབས་དེ་གལ་ཆེན་པོར་གཟིགས་ནས་རིམ་པ་མང་པོས་ཚོད་ལྟ་དང་ཉམས་མྱོང་བསགས་གནང་བ་ཞིག་རེད། ར་བཱིན་དྲ་ནཱ་ཐེ་གོར་རྩོམ་རིག་གི་ཐོག་ནས་ནོ་སྦེལ་གཟེངས་རྟགས་བཞེས་མཁན་ཞིག་རེད། རྩོམ་རིག་གི་ཐོག་ནས་ནོ་སྦེལ་གཟེངས་རྟགས་ཐོབ་པ་དེ་ཡང་ཁོ་རང་གི་སྐད་ཡིག་གང་གི་ནང་དུ་བརྩམས་པ་བེང་གོལ་གྱི་སྐད་ཡིག་དེའི་ནང་དུ་ཐོབ་ཡོད་པ་མ་རེད། ཀླུ་ཡི་སྙེ་མ་ཞེས་པ་དེ་བེང་གོལ་གྱི་སྐད་ནས་ནུབ་ཕྱོགས་པའི་སྐད་ཡིག་མང་པོའི་ནང་དུ་བསྒྱུར་བ་དེའི་རྗེས་སུ་གཞི་ནས་ནུབ་ཕྱོགས་ཀྱི་སྐད་ཡིག་ནང་དུ་ཡོད་པའི་ཀླུ་ཡི་སྙེ་མ་ཞེས་པ་བཀླགས་ནས་རྩོམ་རིག་གི་ཐོག་ནས་ནོ་སྦེལ་གཟེངས་རྟགས་ཐོབ་མཁན་ཞིག་རེད། ཁོང་གིས་ཀྱང་སྙིང་ཐག་པ་ནས་རྒྱ་གར་ལ་ཡོད་པའི་ཤེས་ཡོན་ལམ་སྲོལ་དེས་རྒྱ་གར་ལ་ཆབ་སྲིད་ཀྱི་རང་དབང་ཐོབ་པ་ཡིན་ནའང༌། དོན་དམ་གྱི་རང་དབང་ཐོབ་རྒྱུ་མེད་པ་གཟིགས་ནས་སྐུ་ཚེའི་མཐའ་མ་ཡོངས་སུ་རྫོགས་པ་དེ་གཞི་རིམ་སློབ་གྲྭ། སྔོན་འགྲོའི་སློབ་གྲྭ། མཐོ་རིམ་སློབ་གྲྭ་ཡོངས་སུ་རྫོགས་པ་ཞིག་གི་འཛིན་སྐྱོང་ནང་ནས་བསྐྱལ་གནང་བ་རེད། ཝི་ཤབ་བྷཱརཏ་ཤན་ཏི་ནི་ཀེ་ཏན་ཞེས་པ་དེའི་ནང་དུ་སྔོན་འགྲོའི་སློབ་གྲྭ་ནས་བཟུང་སྟེ་རིགས་གཅིག་རྐང་འཛིན་གྱི་བར་དུ་ཤེས་ཡོན་གྱི་སྡེ་ཚན་ཡོངས་སུ་རྫོགས་པ་ལྕགས་རི་གཅིག་གི་ནང་དུ་ཡོད་པ་རྒྱ་གར་ནང་གི་ས་ཆ་གཞན་པ་ན་ཡོད་པ་མ་རེད། དེ་བཟོ་དགོས་པ་དེ་ཡང་ཁོ་རང་གི་ཐུན་མོང་མ་ཡིན་པའི་ཉམས་མྱོང་དང་དགོངས་ཚུལ་དེ་ཚོ་དངོས་སུ་ལག་ལེན་བསྟར་རྒྱུའི་ཆེད་དུ་བཟོས་གནང་བ་ཞིག་རེད།

དུས་རབས་ཉི་ཤུ་པའི་འགོ་སྟོད་ཅིག་ནས་ཐིའོ་སོ་ཧཕི་ཀལ་ཚོགས་པས་(Theosophical Society)འཛམ་གླིང་གི་ནང་ནས་ཆོས་ལུགས་མང་པོས་འཐེན་འཁྱེར་མི་ཡོང་བའི་ཆེད་དུ་ཆོས་བརྒྱུད་གསར་པ་ཞིག་ལམ་སྟོན་གནང་མཁན། འཇིག་རྟེན་གཅིག་གི་སྟོན་པ་གཅིག་བསྐྲུན་རྒྱུའི་བསམ་ཚུལ་དང་ལུང་བསྟན་ཡོད་པའི་དབང་གིས་མི་མང་པོ་ཞིག་གསོ་སྐྱོང་བྱས་པ་རེད། དེའི་ནང་ནས་ཐ་མ་དེ་ལ་ཇེ་དོ་ཀྲྀཎ་མུར་ཏིས་མཐའ་མ་དེར་མིང་བཏགས་མིན་ལ་མ་ལྟོས་པར་འཇིག་རྟེན་གྱི་སྟོན་པ་ཕེབས་ཐུབ་པ་ཞིག་བྱུང་བ་རེད། ཁོང་ཡང་སློབ་སྦྱོང་གི་རྒྱབ་ལྗོངས་ཚང་མ་ནུབ་ཕྱོགས་པ་རེད། དམག་ཆེན་གཉིས་པའི་དུས་ཚོད་ཡོངས་སུ་རྫོགས་པ་ཨ་རི་དང་དབྱིན་ལེན་དུ་བཞུགས་ནས་ནུབ་ཕྱོགས་ཀྱི་རིག་གཞུང་དང༌། ནུབ་ཕྱོགས་ཀྱི་བསྟན་བཅོས་ལ་སློབ་སྦྱོང་གནང་བ་ཞིག་རེད་མ་གཏོགས་རྒྱ་གར་གྱི་སྲོལ་རྒྱུན་རིག་གཞུང་སློབ་སྦྱོང་བྱེད་མཁན་ཞིག་གང་ཡང་མ་རེད། དེང་རབས་དང༌། ལྷག་པར་དུ་ནུབ་ཕྱོགས་པའི་ཤུགས་ཤན་ཆེན་པོ་ཡོད་པའི་གང་ཟག་ཅིག་རེད། ཡིན་ནའང་ཁོང་གིས་དེ་ཉིད་མཐོང་བའི་བློ་གྲོས་ཀྱིས་རྟོགས་ནས་ཤེས་ཡོན་གྱི་རྣམ་གཞག་གི་ཐོག་ལ་དགོངས་པ་རྒྱུན་རིང་བཞེས་པའི་གྲུབ་དོན་ལ་རྒྱ་གར་ནང་དུ་སློབ་གྲྭ་བདུན་བརྒྱད་ཅིག་བཙུགས་ཡོད་པ་རེད། ད་ལྟ་ཡང་ཡོད་པ་རེད། དེ་ཚོ་ཚང་མས་ཚོད་ལྟ་བྱས་ནས་གྲུབ་དོན་རྙེད་པ་དེ་ཚོ་སྟོན་པ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལྟ་བ་རྟེན་འབྱུང་དང༌། སྤྱོད་པ་འཚེ་བ་མེད་པའི་ལམ་ྋགོང་ས་ྋསྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་འདས་པའི་ལོ་བཞི་བཅུ་ཞེ་དྲུག་གི་རིང་བོད་མིའི་ཤེས་ཡོན་གྱི་ཆེད་དུ་ལན་མང་ལམ་སྟོན་གནང་བའི་བཀའ་སློབ་དེ་ཚོ་གཞི་རྟེན་དུ་བཞག ཨར་བིན་དོ་གྷོ་ཤི། ར་བིའན་དྲ་ནཱ་ཐ་ཐེ་གོར། མོ་ཧན་དཱས་ ཀ་རམ་ཅན་གཱན་དྷི། ཇེ་དོ་ཀྲྀཎ་མུར་ཏི། ཁོང་ཚོས་ཚོད་ལྟ་བྱས་པ་དང་ཉམས་མྱོང་བསགས་པ་དེ་ཚོས་ཟུར་བརྒྱན། དེང་རབས་ཀྱི་མཁས་པ་ཨ་རི་དང༌། ཡོ་རོབ། ཡང་ན་རྒྱ་གར་གྱི་ནང་ནས་ཚན་རིག་དང་འཕྲུལ་ལས་ལ་སློབ་སྦྱོང་ཕྱིར་བསྡུ་བྱས་པའི་རྗེས་ལ། རང་ངོ་རང་གིས་ཤེས་པའི་མི་རིགས་ཚོས་འཛིན་སྐྱོང་བྱས་པའི་ཤེས་ཡོན་གྱི་ལམ་སྲོལ་གཞན་ཤི་ཀྵ་ཨི་ཏ་ར་ལ་སོགས་པའི་ཉམས་མྱོང་མང་པོ་ཞིག་ཕྱོགས་བསྡོམས་བརྒྱབ་པའི་ཐོག་ནས་སྙིང་པོ་བསྡུས་པའི་སྲིད་བྱུས་ཤིག་ཡིན་ཙང༌། ལག་ལེན་བསྟར་ཐུབ་དང་མི་ཐུབ་ཀྱི་དྲི་བ་ཙམ་ཞིག་མ་གཏོགས་ལག་ལེན་དུ་བསྟར་ཐུབ་པ་ཡིན་ན་དོན་དང་ལྡན་པ་ཡོང་རྒྱུ་ཡིན་པ་ཐག་བཅད་ནས་བཤད་ཐུབ་པའི་སྲིད་བྱུས་ཤིག་ཡིན་པ་ངས་འཛེམ་ཟོན་མེད་པར་ཞུ་ཐུབ་ཀྱི་ཡོད།

ཤེས་ཡོན་སྲིད་བྱུས་འདིའི་སྐོར་ལ་མ་རྟོགས་པ་དང་ལོག་པར་རྟོགས་པའི་གནས་ཚུལ་མང་པོ་ཞིག་ཡོད་བསྡད་པ་རེད། དེའི་ནང་ནས་མང་ཆེ་བ་ཞིག་གིས་ད་ལྟ་དགོངས་པ་ག་རེ་བཞེས་ཀྱི་ཡོད་མེད་ལ་མ་ལྟོས་པར་ཡོངས་ཁྱབ་གསུང་བ་ལ་སྲིད་བྱུས་འདིའི་འོག་ནས་སློབ་སྦྱོང་སྤྲད་རྒྱུའི་སློབ་གྲྭ་ཁག་གི་ནང་དུ་སྲོལ་རྒྱུན་གྱི་ཤེས་ཡོན་རྐྱང་པ་མ་གཏོགས། དེང་རབས་ཀྱི་ཤེས་ཡོན་སྣང་མེད་དུ་འཇོག་རྒྱུ་ཡིན་པ་ཞིག་ལ་ངོས་འཛིན་གྱི་ཡོད་ན་དེ་ནོར་བ་རེད་ཅེས་ཞུ་འདོད་བྱུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོས་༡༩༥༩ ནས་བཟུང་སྟེ་ད་ལྟའི་བར་དུ་འགྱུར་བ་མེད་པར་བཀའ་སློབ་གཏན་འཇགས་ཕེབས་པ་ཞིག་ག་རེ་ཡོད་པ་རེད་ཅེ་ན། ཤེས་ཡོན་འདབ་གཤོག་གཉིས་ལྡན་དགོས་པ་རེད་ཅེས་ག་དུས་ཡིན་ནའང་གསུང་གི་ཡོད་པ་རེད།

Share this:
༦༢ ཀློག་གྲངས།