འོས་བསྡུའི་ནང་མི་མང་བརྒྱ་ཆ་༨༦ ཙམ་གྱིས་འོས་བླུགས་མི་འདུག

བཙན་བྱོལ་བོད་མིའི་ས་གནས་ཁག་ཏུ་ས་གནས་འགོ་འཛིན་འོས་བསྡུའི་ལམ་ནས་སླེབས་ཐབས་བྱེད་ཀྱི་ཡོད་ཀྱང། ས་གནས་མང་པོ་ཞིག་ནས་འོས་བསྡུ་མ་ཐུབ་པར་གཞུང་གིས་ས་གནས་འགོ་འཛིན་བསྐོ་བཞག་བྱེད་ཀྱི་ཡོད་པ་རེད། དྷ་སར་མཚོན་ན་ཐེངས་འདིའི་ས་གནས་འགོ་འཛིན་༢༠༡༠ ལོའི་ཕྱི་ཟླ་༡༡ པའི་ནང་ནས་འོས་བསྡུ་བྱས་ཡོད་ཀྱང་། མང་ཆེ་བས་འོས་ཤོག་བླུགས་མེད་པ་དང་། དངོས་གཞིའི་སྐབས་འོས་མི་ལྔ་བཀྲམ་པ་སོགས་ཀྱིས་དགོས་ངེས་ཀྱི་འོས་གྲངས་བརྒྱ་ཆ་མ་ལོན་པར་ས་གནས་འགོ་འཛིན་བསྐོ་ཐུབ་མེད་པ་རེད།

དེ་རྗེས་བཀའ་ཤག་དང་ནང་སྲིད་ལས་ཁུངས་ནས། དྷ་ས་ནི་ས་གནས་གཞན་ལས་གནད་འགག་ཆེ་བ་མ་ཟད། ས་གནས་གཞན་གྱིས་མིག་དཔེ་ལྟ་ས་ལྟ་བུ་ཞིག་དགོས་པས། ས་གནས་འགོ་འཛིན་དེ་མི་མང་རང་གིས་འདེམས་ཐུབ་ན་བཟང་ཚུལ་གྱི་བཀའ་ཡིག་རིམ་ཕེབས་བཞིན། བསྐྱར་དུ་འོས་བསྡུ་འགོ་འཛུགས་བྱས་པ་དང་། འོས་བསྡུ་མ་བྱས་གོང་ནས་འོས་མིར་བརྒྱ་ཆ་ལོངས་ཆེད། འོས་བསྡུའི་ཚོགས་མི་རྣམས་ཀྱིས་དངོས་གཞི་ལ་འོས་མི་གཉིས་མ་གཏོགས་མི་གཏོང་རྒྱུའི་ཐག་གཅོད་བྱུང་དོན་ལྟར། ཟླ་༧ ཚེས་༡༠ ཉིན་སྔོན་འགྲོའི་འོས་བསྡུ་བྱས་རྗེས་འོས་གྲངས་རྩེ་བཏོག་བྱས་ཏེ། དྭང་ཟུར་བུ་ཆུང་ཚེ་རིང་དང། ས་གནས་གཞོན་ནུའི་ཚོགས་གཙོ་ཟུར་པ་བསོད་ནམས་རྡོ་རྗེ་གཉིས་དངོས་གཞིའི་འོས་མིར་བཀྲམ་ཡོད་པ་རེད།

ཕྱི་ཟླ་༧ ཚེས་༣༡ ཉིན་དངོས་གཞིའི་འོས་བསྡུ་བྱས་ཏེ། ས་གནས་འགོ་འཛིན་གྱི་འོས་དེ་བསོད་ནམས་རྡོ་རྗེ་ལ་ཐོབ་ཡོད་པ་རེད།

དབུས་འོས་བསྡུ་ལས་ཁང་གི་ས་གནས་ཀྱི་འོས་བསྡུའི་དེབ་སྐྱེལ་ཡིག་ཆ་ལྟར་ན། དྷ་ས་ས་གནས་ཀྱི་ཁྱབ་ཁོངས་སུ་དེབ་སྐྱེལ་ཡོད་པའི་མི་གྲངས་བདུན་སྟོང་ལྷག་ཡོད་ཀྱང། དངོས་གཞིའི་འོས་བླུགས་མཁན་མི་གྲངས་༩༤༤ ལས་བྱུང་མེད་པས། དེབ་སྐྱེལ་བྱས་པའི་མི་མང་སྤྱིའི་བརྒྱ་ཆ་༨༦ ཙམ་གྱིས་འོས་བླུགས་མེད་པ་རེད།

དངོས་སུ་འོས་བླུགས་མཁན་གྱི་ནང་ནས་བསོད་ནམས་རྡོ་རྗེ་ལ་འོས་ཤོག་༥༠༦ བརྒྱ་ཆ་༥༣་༦༠ ཡིན་པ་དང། བུ་ཆུང་ཚེ་རིང་ལ་འོས་ཤོས་༤༡༦ བརྒྱ་ཆ་༤༤་༠༦ ཟིན་ཡོད་པ་རེད། །

Share this:
༥༩ ཀློག་གྲངས།