གངས་ལྗོངས་མཁས་པའི་ལྷན་ཚོགས་སྐབས་བརྒྱད་པ།

དེ་ཡང་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བའི་ནང་འཁོད་དོན། འདི་ལོའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྫ་དྲེལ་དཀར་དགོན་གྱི་སྤྲུལ་སྐུ་ཚེ་རིང་ནས་སྦྱིན་བདག་གཙོ་བོ་དང་། དྲེལ་དཀར་སྡེ་དགོན་སྤྱི་དང་ཁྱད་པར་དྲེལ་དཀར་བཤད་གྲྭའི་མཁན་སློབ་ཐུན་མོང་ནས་གྲ་སྒྲིག་འགན་འཁུར་གནང་ཐོག གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་པས་གཙོ་བོའི་གཟིགས་སྐྱོང་བཅས་ཀྱི་འོག རྫ་ཆུ་ཁའི་རྫ་དྲེལ་དཀར་དགོན་དུ་འཚོགས་ཡོད་པ་རེད།

 

zacho kha_3_8_2011དེ་ཡང་ཕྱི་ལོ་༢༠༡༡ ཕྱི་ཟླ་༨ པའི་ཚེས་༢ ཉིན་ནས་ཉིན་ལྔའི་རིང་འཚོག་བཞིན་ཡོད་པ་དང་། ཚོགས་འདུ་དེར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས། རྫ་སེལ་ཤུལ་དགོན་གྱི་ཁྲི་པ་སྙན་གྲགས་ཆེ་བའི་དགེ་བཤེས་ལྷ་རམས་པ་ཆེན་པོ་འཇམ་དཔལ་བློ་ཤེར། རྫོགས་ཆེན་ཤྲི་སེང་ཧའི་མཁན་ཆེན་ཁྲི་འཛིན་མཁན་པོ་ཨ་ཆོས། ར་རྒྱ་ཤེས་རིག་ནོར་གླིང་གི་གླིང་འགན་འཛིན་འཇིགས་མེད་རྒྱལ་མཚན་མཆོག རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་དར་རྒྱས་དང་གླིང་བླ་རིན་པོ་ཆེ། རྒྱལ་རོང་ནམ་སྤྲུལ་རིན་པོ་ཆེ། མཁར་ནང་སོ་དགོན་པའི་དགེ་བཤེས་ལྷ་རམས་པ་བསོད་ནམས་བཟང་པོ། ཀ་བཞི་རོང་ཊིག་པ། གཙང་རིག་སྐལ་བཟང་རྣམ་འདྲེན། བྲག་མགོ་དགེ་བཤེས་བསོད་ནམས། རྫ་ཨ་རིག་བཤད་གྲྭའི་མཁན་པོ་འཇམ་དཔལ་རྡོ་རྗེ། དགེ་མང་མཁན་སྤྲུལ་དོན་གཉིས། ལྕང་མ་མཁན་པོ་མཐུ་སྟོབས། རྨེ་བ་མཁན་པོ་ཀླུ་ཕྱུག་སོགས་ཕྱོགས་སོ་སོ་ནས་མཁན་པོ་དང་དགེ་བཤེས་རིགས་པ་སྨྲ་བ་བཅས་ཀྱི་མཚན་གནས་མངའ་བ་སུམ་བརྒྱར་ཉེ་བ་ཙམ་ཕེབས་ཡོད་ཅིང་། བགྲོ་གླེང་གི་དུས་ཚོད་ཆ་བགོས་ཀྱིས་མཁས་པ་སོ་སོས་ཆུ་ཚོད་སྐར་མ་བཅོ་ལྔའི་རིང་གསུང་བཤད་དང་དེ་ནས་དྲི་བ་དྲིས་ལན་གྱི་དུས་ཚོད་སྐར་མ་ཉི་ཤུ་རྩ་ལྔ་རེ་ཡོད་པ་རེད།

ཚོགས་འདུའི་སྟེང་ཐོག་མར་སེར་ཤུལ་ཁྲི་པ་ལྷ་རམས་པ་འཇམ་དཔལ་བློ་ཤེར་ནས་རིགས་པའི་ལམ་ནས་སྟོན་པ་ཚད་མར་སྒྲུབ་པ་ཞེས་པའི་སྐོར་གྱི་གསུང་བཤད་དང་། དེ་རྗེས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་བོད་ཀྱི་སྐད་ཡིག་དང་མི་རིགས་ཀྱི་བདག་སྐྱོང་བྱ་ཚུལ་སྐོར་གྱི་གསུང་བཤད། རྫོགས་ཆེན་མཁན་ཆེན་ཁྲི་པ་ཨ་ཆོས་ནས་སྤྱོད་ལམ་འདུལ་བ་དང་མཐུན་པ། ཉམས་ལེན་བྱང་སེམས་དང་མཐུན་པ་ཞེས་པའི་ཐོག་ལ་གསུང་བཤད། ར་རྒྱ་འཇིགས་མེད་རྒྱལ་མཚན་ནས་སྤྱི་ཚོགས་ཀྱི་སློབ་གསོའི་སྐོར་གྱི་གཏམ་བཤད། རྫོགས་ཆེན་སྤྲུལ་སྐུ་དབང་ཆེན་དར་རྒྱས་ནས་དགོན་པའི་ལམ་ལུགས་རབ་བྱུང་གི་སྡེ་དངོས་གཙང་དུ་བསྒྱུར་རྒྱུའི་སྐོར་གྱི་གསུང་བཤད། མཁར་ནང་དགེ་བཤེས་ཀྱིས་ཚེ་སྲོག་གི་རིན་ཐང་གླེང་པའམ་མི་ཚེ་ཐར་དུ་གཏོང་བ་ཞེས་པའི་བརྗོད་གཞི་ལས་བརྩམས་པའི་གཏམ་བཤད། བླ་རུང་མཁན་པོ་གང་བསམ་ལྷུན་གྲུབ་ནས་རྒྱལ་སྤྱིའི་འབུམ་རམས་པ་ཆེན་པོ་བློ་བཟང་སེང་གེས་བཏོན་པའི་ཆིག་སྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་གྱི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད། སེར་ཤུལ་དགེ་བཤེས་ཐོས་བསམ་ནས་བོད་ཀྱི་ཆོས་དང་རིག་གཞུང་གོང་འཕེལ་གཏོང་ཐབས་སམ་ཅི་ཐུབ་གང་ཐུབ་ཅེས་པའི་ཐོག་ལ་གསུང་བཤད། གཙང་རིགས་སྐལ་བཟང་རྣམ་འདྲེན་གྱིས་བོད་སྐད་གཅིག་གྱུར་དང་ལོ་སར་དུས་སྟོན་གཅིག་གྱུར་ཡོང་དགོས་པ་ཞེས་པའི་ཐོག་ལ་གསུང་བཤད། དབོན་པོའི་རྒན་དགྲ་བླ་ལགས་ཀྱིས་མི་རྩ་གཞན་འགྱུར་གྱི་ཉེན་ཁའམ་བོད་མིའི་དྲང་བདེན་གྱི་རང་གཤིས་ཉམས་རྒུད་དུ་འགྱུར་བཞིན་པ་ལས་སྐྱོབ་ཐབས་ཞེས་པའི་ཐོག་ལ་གསུང་བཤད། དྲེལ་དཀར་མཁན་པོ་བློ་ཤེར་ནས་དུས་རབས་དང་མཐུན་པའི་དགོན་སྡེའི་ཁ་ཕྱོགས་ཅེས་པའི་ཐོག་ལ་གསུང་བཤད། བླ་རུང་མཁན་པོ་ཆོས་ཐོ་ནས་དགེ་འདུན་པའི་ནབས་བཟའ་གཅིག་གྱུར་དགོས་པ་དང་དམར་ཟས་སྤོང་དགོས་པའི་སྐོར་གྱི་གསུང་བཤད། ཀ་བཞི་རོང་ཊིག་པས་མི་རིགས་ནི་ཆོས་ལུགས་ཀྱི་ཞིང་ས་ལྟ་བུ་ཡིན་པས་མི་རིགས་ཆོས་ལུགས་ལས་ཀྱང་གལ་ཆེ་བ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད། བླ་རུང་མཁན་པོ་བརྩོན་འགྲུས་མཐར་ཕྱིན་ནས་མི་མང་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་སྟངས་ཞེས་པའི་ཐོག་གསུང་བཤད། བླ་རུང་མཁན་པོ་རིག་རྔ་ནས་དགེ་འདུན་པས་དམར་ཟས་ངེས་པར་དུ་སྤོང་དགོས་པ་ཞེས་པའི་ཐོག་ལ་གསུང་བཤད། བྲག་མགོ་དགེ་བཤེས་བསོད་ནམས་ནས་འགྲོ་བ་མིའི་ཀུན་སྤྱོད་ཡར་རྒྱས་གཏོང་ཕྱོགས་ཀྱི་སྐོར་ཞེས་པའི་གསུང་བཤད། དྲེལ་དཀར་མཁན་པོ་ཆོས་དགས་མཁས་པའི་ལྷན་ཚོགས་ཀྱི་དགེ་སྐྱོན་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་ལ་གསུང་བཤད། རྨེ་བ་མཁན་པོ་ཀླུ་ཕྱུག་ནས་ཧི་མ་ལའི་རིག་མཛོད་ཆེན་མོ་བསྡུ་སྒྲིག་བྱེད་ཕྱོགས་ཀྱི་སྐོར་ཞེས་པའི་ཐོག་ལ་གསུང་བཤད་གནང་ཡོད་པ་རེད།

ཕྱི་དྲོ་ཆུ་ཚོད་དྲུག་དང་ཕྱེད་ནས་མཚན་མོ་ཆུ་ཚོད་བཅུ་པའི་བར་ཐུན་མོང་གླེང་སྟེགས་ཞེས་པའི་སྟངས་འཛིན་དམིགས་བསལ་མེད་པའི་རང་མོས་ཀྱི་བགྲོ་གླེང་གནང་གི་ཡོད་པ་དང་། དེ་ཡང་ཚེས་གཉིས་ནས་ཚེས་བདུན་གྱི་བར་ཉིན་ལྔའི་རིང་ལ་བགྲོ་གླེང་གནང་རྒྱུ་ཡིན་པ་རེད། ཉིན་བཞི་པ་ལ་གྲུབ་མཐའ་ཁག་སོ་སོའི་དབུ་མའི་ལྟ་གྲུབ་ཀྱི་འཛིན་མཚམས་སྐོར་ལ་བགྲོ་གླེང་གནང་རྒྱུ་སོགས་ཀྱི་བགྲོ་གླེང་གི་ལས་རིམ་མུ་མཐུད་འགྲོ་བཞིན་པ་རེད་འདུག

གངས་ལྗོངས་མཁས་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་པའི་ངོས་ནས་ཀྱང་ཐེངས་འདིའི་གངས་ལྗོངས་མཁས་པའི་ལྷན་ཚོགས་ནི་གངས་ལྗོངས་མཁས་པའི་ལྷན་ཚོགས་དབུ་ཚུགས་ནས་ད་བར་ཐེངས་བརྒྱད་རིང་གི་རིས་མེད་ཀྱི་མཁས་པའི་འདུ་འཛོམས་རྒྱ་ཆེ་ཤོས་དང་བཀོད་སྒྲིག་ཚགས་ཚུད་ཤོས། སྣེ་ལེན་སེམས་ཐག་ཉེ་ཤོས་སུ་གྱུར་ཡོད་པའི་ཞལ་བཞེས་ཀྱི་གསུང་བཤད་ཀྱང་གནང་ཡོད་འདུག

ཚོགས་འདུ་འཚོགས་ནས་ད་བར་ཉིན་བཞིའི་རིང་ཆོས་དང་རིག་གཞུང་མི་རིགས་དང་སྐད་ཡིག་སོགས་ཀྱི་སྐོར་ལ་ཧ་ཅང་གཞི་རྒྱ་ཆེ་བའི་གོ་བསྡུར་དང་བགྲོ་གླེང་གནང་བཞིན་ཡོད་པ་དང་། དེ་ཡང་གཙོ་ཆེ་བའི་ཆ་ནས་སྤྱིའི་བཀའ་མོལ་མང་ཤོས་ཤིག་མཐུན་སྒྲིལ་དང་རིས་མེད་དཀར་ཟས་རང་ལུགས་སོགས་ཀྱི་སྟེང་བྱུང་ཡོད་པ་དང་། དེ་ཡང་ཆོལ་ཁ་རིས་མེད་དང་ཆོས་ལུགས་རིས་མེད། ཆོལ་ཁ་དང་ཆོས་ལུགས་མཐུན་སྒྲིལ་ཞེས་པ་གཉིས་ཀྱི་ཐོག་གནས་གཙོ་བོར་བཀའ་མོལ་གནང་འདུག།

{jcomments on}

Share this:
༩༢ ཀློག་གྲངས།