བློ་བཟང་ཆོས་འགྲུབ་བམ་བློ་དགའ།

ཁོང་གིས་བོད་གཞུང་མང་གཉིས་ངོས་ནས་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་གྱི་རྨང་གཞིའི་ཐོག་ནས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་མདུན་སྐྱོད་བྱེད་དགོས་པའི་སྐོར་གསུངས་དོན། མང་གཙོའི་སྲིད་གཞུང་དང་འབྲེལ་བའི་མི་རིགས་གཅིག་སྔོན་ཐོན་མི་རིགས་ཤིག་ཏུ་བསྒྱུར་བ་ལ་མི་མང་གི་ངོས་ནས་གཞུང་དང་གཞུང་ཞབས་པར་ཡིད་ཆེས་དང་རྒྱབ་སྐྱོར་གཙང་མ་དགོས་པ་མ་ཟད། ལས་བྱེད་པའི་ངོས་ནས་ཀྱང་མང་ཚོགས་ཁྲོད་ཀྱི་ཤེས་ཡོན་ཅན་དང་ཉམས་མྱོང་ཅན་གྱི་བསམ་ཚུལ་དང་བླང་བྱ་ལ་ཐུགས་སྣང་དང་ཉམས་ཞིབ་བྱེད་རྒྱུ་ནི་རྨང་གཞིའམ་རྩ་བ་རེད། རང་རེའི་བཙན་བྱོལ་གཞུང་ལ་མཚོན་ན་མང་གཙོའི་གཞུང་གསར་པ་ཞིག་ཡིན་སྟབས་དེ་བས་ཀྱང་གཞུང་མང་གཉིས་ངོས་ནས་ཕན་ཚུན་ཡིས་ཆེས་དང་རྒྱབ་སྐྱོར་གྱི་རྨང་གཞིའི་ཐོག་ནས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་མདུན་སྐྱོད་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཅིག་རེད། ཁོ་བོའི་རྣམ་དཔྱོད་ལོག་རྟོག་གིས་བསྒྲིབས་པ་ནི་སྲིད་མོད། ནམ་ཡང་བརྟག་ཞིབ་དང་དོ་སྣང་བྱས་པ་ལྟར་ན། གཞན་དབང་འབའ་ཞིག་གི་དབང་དུ་སོང་ན་བསམ་མི་ཕོད་པ་དང༌། བརྗོད་དཀའ་བ་ཞིག་རེད། དེ་ལྟར་མིན་པར་རང་དབང་གི་གོ་སྐབས་བཟུང་ཞིང་མི་རིགས་ཀྱི་སེམས་ཁུར་བླངས་ཏེ་སྨྲས་ན། ད་ལྟའི་མང་ཚོགས་ཀྱི་ནང་དུ་དུས་རབས་ཉི་ཤུ་པའི་གོང་གི་བཀས་བཀོད་རྒྱུད་འཛིན་སྐབས་ཀྱི་གཞུང་གི་བྱས་ཉེས་དང་ནོར་འཁྲུལ། དམངས་ཀྱི་ས་ཁུལ་དང་གྲུབ་མཐའི་འཐེན་འཁྱེར་ལ་རྒྱུ་མཚན་དང་སྐྱོན་མཐོང་བའི་སྒོ་ནས་གཞུང་ལ་ཡིད་ཆེས་བརླག་པ། དུས་རབས་ཉི་ཤུ་པའི་ནང་དུའང་བོད་ཀྱི་རྩ་དོན་རང་སྲིད་རང་སྐྱོང་ཅན་དུ་བསྒྱུར་བར་ཕུགས་བསམ་དང་རྒྱུ་མཚན་མ་མཐོང་བའི་དབང་གིས་སེམས་ཤུགས་དང་སྟོབས་ཤུགས་ཉམས་པ། བསམ་བློ་གུ་ཡངས་མེད་པ་དང༌། ད་དུང་གུ་དོག་པོའི་སྒེར་པ་ཁག་གཅིག་གིས་སོ་སོའི་འདོད་པ་མ་ཁེངས་པ་བློ་ཕུགས་ལ་བཅངས་ཏེ་གཞུང་ལ་ཡིད་ཆེས་དང་བློ་གཏད་མི་བྱེད་མཁན་མང་པོ་ཡོད། དེ་དག་གི་ཁྲོད་ནས་མི་རེ་ཟུང་གིས་བཀས་བཀོད་རྒྱུད་འཛིན་གྱི་བྱས་ཉེས་ཁ་ལ་ཁྱེར་ཏེ་ད་ལྟའང་ལྟ་བ་མཁྲེགས་འཛིན་གྱིས་མི་རབས་ཕྱི་མའམ་གཞོན་སྐྱེས། སོ་སོ་དང་འབྲེལ་ཡོད་ལ་གོ་སྐབས་ནམ་ཡོད་བེད་སྤྱད་དེ་འགྲེལ་བཤད་ལོག་པ་དང་མགོ་བོ་རྨོངས་སུ་འཇུག་པ་དེས། མང་གཙོའི་སྒྲོམ་གཞི་ཆ་ཚང་ལྡན་པའི་ད་ལྟའི་རང་རེའི་ཡང་དག་པའི་མང་གཙོའི་སྲིད་གཞུང་གི་ཕུན་སུམ་ཚོགས་པའི་ལེགས་ཆ་དང་འོད་སྣང་དེ་སྒྲིབ་པར་བྱེད་པ་དང༌། གཞུང་ཞབས་རིམ་པ་ཁག་གི་ངོས་ནས་ཀྱང་ལས་བྱེད་ནང་ཕན་ཚུན་མི་ངོ་གདོང་ཐུག་གི་གྲོས་བསྡུར་རམ། ཡང་ན་གསལ་ལམ་ཁག་བརྒྱུད་ནས་མང་ཚོགས་ཀྱི་བསམ་ཚུལ་དང་འདུན་པ། ཆབ་སྲིད་དང་ཤེས་ཡོན་ཅན་གྱི་ཕུགས་རྒྱང་རིང་པོའི་ལྟ་གྲུབ་དང་ལམ་སྟོན་སོགས་ལ་དོ་སྣང་མི་བྱེད་པར་མ་གོ་མ་ཐོས་པའི་ཟོལ་གྱིས་སྐྱུར་འཇོག་དང་སྣང་ཆུང་བྱེད་པའི་གནས་ཚུལ་མཐོང་ཐོས་འདུག་པས། གཞུང་མང་གཉིས་ངོས་ནས་སྐྱོན་དང་ནོར་འཁྲུལ་དེ་རིགས་མཐོང་བཞིན་དུ་ཟློག་ཐབས་མི་བྱེད་ན་རང་ཅག་མི་རིགས་འདི་ཉིད་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ནམ་ཡང་སླེབས་མི་སྲིད།།

Share this:
༣༣ ཀློག་གྲངས།