ལི་ཐང་འཇམ་བཟོད།

དེང་སང་རྒྱ་གར་གྱི་ས་ཁུལ་འདྲ་མིན་གྱི་མཐོ་སློབ་ཁག་ནས། བོད་ཕྲུག་དབྱིན་ཡིག་ལ་ཤེས་ཚད་གང་འཚམས་ཡོད་མཁན་དེང་རབས་ཅན། ལོ་རེ་ནས་ལོ་རེ་མང་དུ་འཐོན་བཞིན་པ་དང༌། མང་དུ་ཕུང་གསོག་བྱེད་བཞིན་མཆིས། ཁོང་ཚོའི་སེམས་སུ་རང་ཉིད་བོད་ཡིག་ཏོག་ཙམ་ཤེས་ན། གཞུང་ཞབས་ཀྱི་རྐུབ་སྟེགས་རག་རྒྱུ་དང༌། བོད་དོན་ལ་རྒྱུས་མངའ་ཅུང་ཟད་ཡོང་རྒྱུའི་རེ་བ་རྨི་ལམ་དུའང་འཁོར་བཞིན་ཡོད། དོན་དངོས་ཐོག་བོད་དོན་ལ་རྒྱུས་མངའ་ཡོང་རྒྱུ་དང༌། རང་ཉིད་ཀྱི་འཚོ་བ་འཁྱོལ་ཐབས་སུ་གངས་ཅན་སྐྱིད་གཤོང་ཆུང་ཆུང་དེ་ལ་རེ་བ་བྱེད་པ་ནི་ནོར་འཁྲུལ་ནང་གི་ནོར་འཁྲུལ་ཡིན།

སྐུ་ཉིད་ཀྱིས་བོད་ཡིག་མ་ཤེས་ཀྱང་བོད་དོན་སྐོར་ལ་རྒྱུས་མངའ་བྱ་རྒྱུ་ནི་དབྱིན་ཡིག་ནས་ཧ་ཅང་སྟབས་བདེ་ཡིན་ཏེ། བོད་སྐད་དང་བོད་ཡིག་ཚིག་གཅིག་ཀྱང་མི་ཤེས་མཁན་བོད་དོན་ལ་མཁས་པའི་ནུབ་ཕྱོགས་པ་དང༌། ཤར་ཕྱོགས་པ། ད་དུང་བོད་མི་རང་དུའང་ཡོད་པས་འདི་དག་ནི་ཁྱེད་ལ་འཚམས་པའི་དཔེ་མཚོན་བཟང་ཤོས་ལོས་ཡིན། གངས་སྐྱིད་དུ་གཞུང་ཞབས་ཡིན་པ་ཙམ་གྱིས་བོད་དོན་ལ་རྒྱུས་མངའ་ཆེ་བའི་ཁྱབ་པ་ནི་དེ་བས་ཀྱང་མེད་པས། སྐུ་ཉིད་ཀྱིས་བོད་དོན་ལ་རྒྱུས་མངའ་བྱ་འདོད་ན་གངས་སྐྱིད་ཀྱི་རྐུབ་སྟེགས་དགོས་པའི་ངེས་པ་མེད། ད་དུང་ཁྱེད་ཀྱི་ཆས་གོས་དེང་རབས་ཅན་དུ་བསྒྱུར་ཟིན་པ་དེ་བཞིན། བསམ་བློ་ཡང་དེང་རབས་ཅན་དུ་བསྒྱུར་ནས། ཕྱི་ནང་གཉིས་ཀ་དེང་རབས་ཅན་དུ་བསྒྱུར་ན་ད་གཟོད་ཁྱེད་ཉིད་དེང་རབས་ཅན་མཚན་ཉིད་དང་ལྡན་པ་ཞིག་གི་ངོ་བོར་འགྱུར་བ་ཡིན།།

Share this:
༣༡ ཀློག་གྲངས།