རེ་སྐུལ

 

ཚང་ཚང་ནགས་ཚལ་་་སྟུག་པོའི་ཉེ་འགྲམ་ན་འཁོད་པའི།།

དུང་ར྄་རྒྱན་དུ་འཆང་བའི་ཤ་རྐྱང་གི་ཚོགས་རྣམས།།

ནགས་ཚལ་ལོངས་སུ་སྤྱོད་པའི་འདུན་པ་ཞིག་མཆིས་ན།།

སྡིག་ཆེན་རྔོན་པ་རྒན་པོའི་བོས་ཁ་ལ་མ་བསྐྱོད།།

 

དཀར་དམར་མེ་ཏོག་བཞད་པའི་སྐྱེད་ཚལ་གྱི་དབུས་ན།།

མགྲིན་ངག་དབྱངས་སུ་གྱེར་བའི་རྐང་དྲུག་གི་གཞོན་ནུ།།

བཅུད་ལྡན་པད་མོའི་ཟེ་འབྲུ་ལོངས་སྤྱོད་ཅིག་འདོད་ན།།

འཇིགས་རུང་དྲག་ཆར་ཚོགས་ལ་དོགས་ཟིན་ཞིག་མཛོད་དང་།།

 

མ་ཕམ་གཡུ་མཚོ་ཕྱུག་མོར་བག་ཡངས་སུ་རྒྱུ་བའི།།

གཟི་འོད་ལམ་ལམ་འཕྲོ་བའི་གསེར་མིག་གི་ཉ་མོ།།

ཆུ་བོའི་རླབས་རྒྱུན་འདྲ་བའི་འཁྱུག་རྩལ་དེ་དགོས་ན།།

ཉ་པ་རྒད་པོའི་གཡོ་འཕྲུལ་སེམས་ནང་ནས་མ་བརྗེད།།

 

མེས་པོའི་དུར་ཐང་མདུན་སར་དལ་གྱིས་རུ་བསྐྱོད་པའི།།

རིགས་ཞེན་སྙིང་ལ་འཕྱོ་བའི་ན་ཆུང་གི་གྲོགས་པོ།།

མ་འོངས་ཁྱིམ་གཞིས་བསྐྲུན་པའི་འདུན་པ་ཞིག་ཡོད་ན།།

བདེན་པའི་གནས་ལུགས་ཕྲ་མོའི་ཐིགས་ཚད་ལས་མ་བརྒལ།།

༢༠༡༡ ༨ ༩

Share this:
༤༣ ཀློག་གྲངས།