བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་ཐུབ་ན་སྙམ་པའི་རེ་བ་ཡོད།

ལན། ང་ཚོས་གསར་བསྐྲུན་བྱས་པའི་བོད་ཡིག་གི་དྲ་གནས་གཞིས་བྱེས་མཉམ་འཛོམས་ཞེས་པ་དེའི་ནང་དུ་ནང་དོན། དང་པོ། དཔྱད་བརྗོད་བསམ་བློའི་རང་མདངས་ཞེས་པའི་ལེ་ཚན་ཞིག་ཡོད་པ་རེད། དེའི་ནང་དུ་བརྗོད་བྱ་རིག་གནས་དང༌། ཆབ་སྲིད། སྤྱི་ཚོགས། སློབ་གསོ། དཔལ་འབྱོར་སོགས་ཀྱི་སྐོར་ལ་རྩོམ་པ་པོ་རྣམས་ཀྱི་རང་རང་གི་ལྟ་ཚུལ་དང་ལུང་རིགས་ཀྱིས་དཔྱད་བསྡུར་བྱས་པའི་རྩོམ་ཡིག་རིགས་བསྡུ་འགྲེམས་བྱེད་རྒྱུ་ཡིན། དེ་ནས་གཉིས་པ་སྙན་ངག་མེ་ཏོག་ལྡུམ་ར་ཞེས་པའི་ལེ་ཚན་ཞིག་ཡོད། དེའི་ནང་དུ་ལྷུག་རྩོམ་དང༌། རང་མོས། ཚིགས་བཅད་བཅས་སྙན་ངག་སྐོར་གྱི་ལེ་ཚན་ཞིག་ཡིན། གསུམ་པ། སྨྱུག་གྲོགས་གླིང་ག་ཞེས་པའི་ལེ་ཚན་ཞིག་ཡོད། དེའི་ནང་དུ་གཞིས་བྱེས་མཉམ་འཛོམས་དང༌། ཕུ་ནུའི་དུང་སེམས། སློབ་རའི་མཛའ་བརྩེ། སྤུན་ཟླའི་དཔུང་གདང༌། ཀློག་པ་པོའི་འཕྲིན་བཅས་ནང་གསེས་ཀྱིས་ལེ་ཚན་ཁག་ཁ་ཤས་ཤིག་ཡོད། བཞི་པ། མི་སྣ་ངོ་སྤྲོད་ཀྱི་ལེ་ཚན་ཞིག་ཡོད། དེའི་ནང་དུ་གཞིས་བྱེས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་ཆབ་སྲིད་ཀྱི་གནད་ཡོད་དབུ་ཁྲིད་དང༌། སློབ་གསོའི་སྐོར་ལ་གྲུབ་འབྲས་གཟེངས་ཐོན་གྱི་མི་སྣ། བོད་ཀྱི་རིག་གནས་སྤྱི་དང་བྱེ་བྲག་ལ་ཆེད་མཁས་མི་སྣ། ཕུལ་བྱུང་རྩོམ་པ་པོ། དེ་བཞིན་མི་རིགས་གཞན་གྱི་ནང་ནས་དམིགས་བསལ་ཞི་བདེའི་ཆེད་དུ་ཕྱག་ལས་གནང་མཁན་གྱི་མི་སྣ། རྩོམ་རིག་ལ་ཆེད་མཁས་མི་སྣ་བཅས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་རྒྱུ་བཅས་ཡིན། ལྔ་པ། ང་ཚོའི་སྐོར། ལེ་ཚན་འདིའི་ནང་དུ་ང་ཚོ་ལས་དོན་འདི་དང་འབྲེལ་ཡོད་རྣམས་ངོ་སྤྲོད་མདོར་བསྡུས་རེ་བཀོད་ཡོད། དྲུག་པ། འབྲེལ་གཏུགས་ཞེས་པའི་ལེ་ཚན་ཞིག་ཡོད། དེའི་ནང་དུ་ང་ཚོའི་དྲ་གནས་སུ་འབྲེལ་གཏུག་བྱེད་སའི་ཁ་བྱང་དང༌། བོད་ཕྱི་ནང་གཉིས་སུ་བོད་དང་འབྲེལ་བའི་དྲ་གནས་སྣ་ཚོགས་ཀྱི་ཁ་བྱང་བཅས་བཀོད་ཡོད། ད་ལྟའི་ཆར་ཡོད་པའི་ལེ་ཚན་དེ་ཙམ་ཡིན་ཡང་རིམ་པས་ཞིབ་འཇུག་དང་ཉམས་མྱོང་རིམ་གསོག་གིས་ཡར་རྒྱས་གཏོང་རྒྱུའི་འཆར་གཞི་ཡོད།

དྲི་བ། ཁྱེད་ཚོའི་གཞིས་བྱེས་མཉམ་འཛོམས་ཞེས་པའི་བོད་ཡིག་གི་དྲ་རྒྱ་འདི་བཟོ་སྐྲུན་བྱས་པའི་བརྒྱུད་རིམ་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ང་ལ་མཚོན་ན་བོད་ནས་གསར་དུ་འབྱོར་བ་ཞིག་ཡིན། བོད་ནང་ནས་སློབ་སྦྱོང་གི་གོ་སྐབས་མང་པོ་ཞིག་གང་ཡང་ཐོབ་མེད། རྒྱ་གར་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་བོད་ཡིག་དང་དབྱིན་ཡིག་ལོ་གསུམ་ལ་སློབ་སྦྱོང་ཧུར་ཐག་བྱས་པ་ཡིན། ཕྱོགས་གང་ཐད་ནས་རང་མགོ་ཐོན་ཙམ་བྱུང་སོང་ལ། གསོག་སྒར་སློབ་གྲྭ་ཐོན་པའི་རྗེས་སུ་ལོ་གཅིག་ལ་ལས་ཞོར་དུ་དབྱིན་ཇིའི་སྐད་ཡིག་དང་གློག་ཀླད་སྐོར་ལ་སྦྱང་བརྩོན་བྱས་པ་ཡིན། དེ་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་རྒྱུགས་སྤྲོད་ཀྱི་ལམ་ནས་འཛུལ་ཞུགས་བྱས་ཏེ་ད་བར་གློག་ཀླད་དང་འབྲེལ་བའི་ལས་ཀ་བྱས་ནས་ལོ་དྲུག་ལྷག་ཅིག་འགྲོ་བཞིན་ཡོད། ནོར་གླིང་དུ་ལས་ཀ་བྱེད་པའི་བརྒྱུད་རིམ་ཁྲོད་ཕྱི་རྒྱལ་བ་གློག་ཀླད་སྐོར་ལ་ཆེད་མཁས་མི་སྣ་མང་པོ་ཞིག་དང་སྔ་ཕྱིར་རྒྱུན་རིང་འདྲིས་གཤིབས་དང༌། ཁོང་རྣམ་པའི་ས་ནས་རང་ནུས་གང་ཡོད་ཀྱིས་ལེགས་ཆ་སྦྱང་བརྩོན་བྱས་པ་བརྒྱུད་དྲ་རྒྱ་གསར་བཟོ་དང༌། འདྲ་པར། གློག་བརྙན་བཟོ་སྐྲུན་བྱེད་རྒྱུ། གློག་ཀླད་ཀྱི་ནང་ནས་ནཎཏྲདྲརྣྤྣཔྲད ྋཇདྲརྣརྟྣཕཔྲ གཉིས་ཀྱི་མཉེན་ཆས་བསྐྱར་འཇུག་སོགས་དང༌། དེབ་སོགས་ཉེར་མཁོ་རྣམས་ཀྱི་མཛེས་ཆ་ཇུས་འགོད་བཅས་ཀྱི་ཐོག་ལ་ལྟོས་ས་ལྟོས་འཇོག་གིས་སྤོབས་པ་ཡོད་པ་ལྟ་བུ་ཆགས་སོང་ཞེས་བརྗོད་ཀྱང་མི་ཆོག་པ་མེད་བསམ་གྱི་འདུག གོང་གི་དེ་ཚོ་ངས་དྲ་རྒྱ་བཟོ་སྐྲུན་བྱེད་སྟངས་རྒྱུས་མྱོང་བྱུང་བའི་སྐོར་ངོ་སྤྲོད་ཙམ་སྔོན་དུ་ཞུས་ནས། དྲ་གནས་དངོས་སུ་བཟོ་སྐྲུན་བྱས་པ་ཕྱི་ལོ་༢༠༠༦ ལོའི་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་པའི་བོད་ཡིག་དང་དབྱིན་ཡིག་གཉིས་ལྡན་གྱི་དྲ་རྒྱ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་དབྱིན་ཡིག་གི་དྲ་གནས་བཅས་བཟོ་སྐྲུན་བྱས་པ་ཡིན་ལ། གོང་གསལ་དྲ་རྒྱ་དེ་གཉིས་ཀྱི་དུས་ཐོག་གནས་ཚུལ་བརྗེ་ལེན་སོགས་ཀྱི་འགན་ཁུར་ཡང་ཞུས་དང་ཞུ་མུས་ཡིན། ད་ལྟ་གཞིས་བྱེས་མཉམ་འཛོམས་ཞེས་པའི་དྲ་གནས་དེ་ང་ཚོ་ན་གཞོན་ཁག་ཅིག་གིས་ལས་ཞོར་དུ་སྒེར་ངོས་ནས་གོ་སྒྲིག་བྱས་པ་ཞིག་ཡིན་ལ། དེའི་ནང་གི་ལེ་ཚན་རྣམས་གོང་དུ་ངོ་སྤྲོད་ཞུས་པ་ལྟར་རེད། དྲ་རྒྱ་འདིའི་ཕྱི་ནང་གི་སྒྲིག་བཀོད་ཆ་ཚང་ངས་བཟོ་སྒྲིག་བྱས་པ་ཞིག་ཡིན། ད་ལྟའི་ཆར་ང་ཚོ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་མེད་པ་དང༌། དུས་ཚོད་ཀྱི་ཆ་ནས་མཚན་མོ་དང༌། གཟའ་ཉི་མ་ལྟ་བུ་ལས་འདེང་ངེས་མེད་པས་འཐུས་མ་ཚང་བ་མང་པོ་ཞིག་ཡོད་ཀྱང་རིམ་པས་ཡར་རྒྱས་སུ་འགྲོ་ཐུབ་པའི་རེ་བ་ཡོད། ང་ཚོའི་དྲ་རྒྱ་བཟོ་སྐྲུན་སྐོར་སྦྱང་བརྩོན་དང་ཉམས་མྱོང་རིམ་གསོག ལྷག་དོན་ང་ཚོའི་གཞིས་བྱེས་མཉམ་འཛོམས་ཀྱི་དྲ་རྒྱ་འདི་བཟོ་སྐྲུན་བྱས་པའི་བརྒྱུད་རིམ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ན་དེ་ཙམ་རེད།

དྲི་བ། ཁྱེད་ཚོའི་དྲ་གནས་དེ་བཟོ་སྐྲུན་བྱེད་དགོས་པའི་དམིགས་ཡུལ་དང་དགོས་པ་གང་ཡིན་ནམ།

ལན། གལ་ཆེ་ཤོས་དྲི་བ་དེ་ག་རང་རེད། ད་ལྟའི་དུས་ཚོད་འདིར་བོད་ཡིག་གིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པར་ངོས་འཛིན་བྱེད་མཁན་དང༌། ལྷག་དོན་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་གཞོན་སྐྱེས་རྣམས་ལ་མཚོན་ན་ཁོར་ཡུག་དང་གནས་སྟངས་འདྲ་མིན་གྱི་དབང་གིས་བོད་ཡིག་ལ་དོ་སྣང་ཧ་ཅང་ཞན་པའི་དབང་གིས་བོད་ཀྱི་སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པ་དངོས་ཡོད་གནས་ཚུལ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་དེང་རབས་འཕྲུལ་ཆས་ཀྱི་ལམ་ནས་བཟོ་སྐྲུན་བྱས་པའི་དྲ་གནས་ལ་མཚོན་ན་འཛམ་གླིང་གི་ཁོར་ཡུག་ཀུན་ཏུ་བེད་སྤྱོད་དང་དར་ཁྱབ་ཧ་ཅང་ཆེ་བའི་སྐབས་ཤིག་ཡིན་པ་དང༌། རེ་ཟུང་གིས་ཆ་འཕྲིན་གྱི་དུས་རབས་ཞེས་བརྗོད་བཞིན་ཡོད་པ་རེད། ང་ཚོས་བོད་ཡིག་གི་ཐོག་ནས་དྲ་གནས་ཤིག་བཟོ་སྐྲུན་བྱེད་ཐུབ་ན་སྙམ་པ་ཡིན། ད་དུང་བཙན་བྱོལ་སྤྱི་ཚོགས་ལ་མཚོན་ན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ལ་དྲ་རྒྱ་ཡོད་པ་རེད་དེ། བོད་ཡིག་གི་ལམ་ནས་བཟོ་སྐྲུན་བྱས་པ་ཧ་ཅང་ཉུང་ཉུང་རེད། རེ་ཟུང་ཡོད་པ་དེ་ཡང་འདོད་བློ་ཁེངས་ངེས་ཤིག་མེད་པས་ཕྱོགས་མང་པོ་ནས་མཐུན་རྐྱེན་འཛོམས་ན་ང་ཚོས་ཅུང་གྲ་རྒྱས་ཙམ་དང༌། སྤུས་དག་ཅིག་ཡོང་ན་སྙམ་པའི་དམིགས་ཡུལ་ཡང་ཡོད། བོད་ནང་ལ་མཚོན་ན་དམ་དྲག་དང་གནོན་ཤུགས་ཇི་ལྟར་ཆེ་ཡང་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་ཀྱི་རིག་གཞུང་ལ་ལྷག་བསམ་དང་སེམས་ཤུགས་ཀྱི་ཐོག་ནས་བོད་ཡིག་གི་དྲ་རྒྱ་སྤུས་དག་པོ་དང་གྲ་རྒྱས་པོ་དེ་འདྲ་མང་པོ་བཟོས་འདུག

ང་ཚོ་བཙན་བྱོལ་རང་དབང་ལུང་པ་རུ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལ་རེ་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་རྒྱས་གཏོང་རྒྱུ་ལ་འབད་བརྩོན་མ་བྱས་པ་དེ་བློ་ཕམ་དགོས་པ་ཞིག་རེད། ང་ཚོའི་སྤྱི་ཚོགས་ཁྲོད། བོད་ཡིག་གི་གསར་ཤོག་ཁག་ཅིག་དང༌། ཉམས་ཞིབ་སྡེ་ཚན་ཁག་ཅིག རྒྱུན་མཐུད་ཐུབ་ལ་མ་ཐུབ་པའི་དུས་དེབ་ཁག་ཅིག གཞན་བོད་སྐད་ཀྱི་རླུང་འཕྲིན་ཁང་ཁག་ཅིག་ཡོད་པ་ཙམ་ལས་གཞན་བོད་ཡིག་བེད་སྤྱོད་མེད་པ་ལྟ་བུར་གྱུར་འདུག ང་ཚོའི་དྲ་གནས་སུ་བརྗོད་གཞི་འདྲ་མིན་གྱི་ཐོག་རྩོམ་ཡིག་སྤེལ་སའི་གླེང་སྟེགས་ཤིག་དང༌། སྨྱུག་གྲོགས་ཀྱི་གླིང་ག་ཞིག་ཡོད་བཞིན་པའི་ཐོག བོད་ཕྱི་ནང་གཉིས་ནས་བེད་སྤྱོད་བྱེད་ཐུབ་པའི་བོད་ཡིག་གི་ཡོངས་ཁྱབ་ཆ་འཕྲིན་ཞིག་བཟོ་རྒྱུའི་འཆར་གཞི་ཡོད། མཐུན་རྐྱེན་སོགས་ཀྱིས་ལམ་ལྷོང་བྱུང་ན་ང་ཚོའི་དྲ་གནས་འདི་སྲིད་དོན་དང་འབྲེལ་བའི་སྐོར་གང་ཡང་མིན་པས། བོད་ཕྱི་ནང་གི་ན་གཞོན་ཤེས་ཡོན་ཅན་མང་པོ་མཉམ་ཞུགས་བྱས་ནས་བོད་ཀྱི་རིག་གནས་དར་སྤེལ་བྱེད་ཐུབ་པ་དང༌། བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་ཐུབ་ན་སྙམ་པའི་རེ་བ་ཡོད། བོད་ནང་དུ་བཞུགས་པའི་བོད་རིགས་ཤེས་ཡོན་ཅན་རྣམས་དང༌། བཙན་བྱོལ་ཁྲོད་ཀྱི་ཤེས་ཡོན་ཅན་རྣམས་ཀྱི་དབར་རིག་གཞུང་དང་འབྲེལ་བའི་བསམ་ཚུལ་བརྗེ་རེས་བྱས་ནས་རིག་གནས་ཡར་རྒྱས་གཏོང་ཐབས་དང༌། ལྷག་དོན་ང་ཚོའི་དྲ་གནས་འདི་ནང་ཁུལ་སྲིད་དོན་གྱི་འཐེན་ཁྱེར་དང་གཅིག་རྒྱབ་གཉིས་ལངས་ལྟ་བུའི་གླེང་སྟེགས་ཤིག་བསྐྲུན་པའི་ཆེད་དུ་མིན་པས་དེའི་རིགས་སྔོན་འགོག་བྱེད་རྒྱུ་དང༌། གཞིས་བྱེས་གཉིས་དང༌། ཆོལ་ཁ་ཆོས་བརྒྱུད་ཀྱི་ལྟ་ཚུལ་དོར་ནས་མ་འོངས་པའི་མི་རབས་གསར་པ་རྣམས་རྡོག་རྩ་གཅིག་སྒྲིལ་དང་དཔུང་གདང་མཉམ་འབྲེལ་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་ལ་གཞོགས་འདེགས་གང་ཡོང་བྱེད་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཙོ་བོ་ཡིན། གཞན་ཡང་དཔལ་འབྱོར་གྱི་མཐུན་རྐྱེན་བྱུང་ན་ང་ཚོའི་དྲ་ངོས་སུ་འཁོད་པའི་རྩོམ་ཡིག་རྩེ་གྲས་རྣམས་ཕྱོགས་བསྡུས་ཀྱིས་དེབ་གཟུགས་སུ་པར་སྐྲུན་བྱེད་ཐུབ་པའི་འཆར་གཞི་ཡང་ཡོད།

དྲི་བ། ལས་དོན་འདིའི་བརྒྱུད་རིམ་ཁྲོད་དཀའ་ངལ་ཆེ་ཤོས་གང་དང་གང་ཡོད་དམ།

ལན། ལས་དོན་འདིའི་ཐད་ནས་དཀའ་ངལ་ཆེ་ཤོས་དེ་དུས་ཚོད་དང་མཐུན་རྐྱེན་གཉིས་རེད། དུས་ཚོད་ཀྱི་ཆ་ནས་ང་ལ་མཚོན་ན་དུས་རྒྱུན་གཞུང་གི་ལས་ཀ་བྱེད་པའི་སྐབས་ཧུར་ཐག་འབད་ཐག་བྱེད་མཁན་ཞིག་ཡིན་པ་དང༌། གཞུང་ལས་ཀྱི་དུས་ཚོད་ནང་དུ་སྒེར་གྱི་ལས་ཀ་བྱེད་པའི་གོམས་གཤིས་མེད། དེར་བརྟེན་མཚན་མོ་དང་གཟའ་ཉི་མ་བཅས་ཀྱི་དུས་ཚོད་བེད་སྤྱད་ནས་བཟོ་དགོས་པས་དུས་ཚོད་འདེང་ངེས་ཤིག་མེད་པའི་དཀའ་ངལ་ཆེན་པོ་འདུག

ད་དུང་ཕྱོགས་གཞན་ཞིག་ནས་བཤད་ན་ཕན་ཐོགས་ངེས་ཀྱི་གློག་ཀླད་ཅིག་མེད་པས་དཀའ་ངལ་ཞིག་འདུག ད་ལྟའི་ཆར་མཐུན་རྐྱེན་ཆ་ཚང་འཛོམས་པའི་གློག་ཀླད་གསར་པ་ཞིག་ཉོ་དགོས་ན་ཡོང་དམིགས་གང་ཡང་མེད་པའི་ང་ཚོ་ལ་མཚོན་ན་དཀའ་ངལ་ཞིག་ཏུ་གྱུར་འདུག གཞན་ཡང་དཀའ་ངལ་མང་པོ་ཡོད་ཀྱང་མདོར་ན་ཁ་ཚ་དགོས་གཏུག་གི་དཀའ་ངལ་དེ་གཉིས་རེད། ད་ལྟ་ལས་འགོ་བཙུགས་ཙམ་ཡིན་པས་རིམ་པས་ལས་ཀ་བྱས་ཡོང་དུས་ད་དུང་དཀའ་ངལ་མང་པོ་འཕྲད་རྒྱུ་ཡིན་པ་ཞིག་ང་ཚོས་ཚོད་དཔག་བྱས་ཡོད།

དྲི་བ། བོད་ཀྱི་བང་ཆེན་གསར་ཤོག་བརྒྱུད་ནས་རྒྱ་ཆེའི་ཀློག་མཁན་རྣམས་ལ་འབོད་སྐུལ་ཞུ་རྒྱུ་ཡོད་དམ།

ལན། ང་ཚོའི་དྲ་གནས་འདིའི་ཚེ་སྲོག་བརྟན་དང་མི་བརྟན་དང༌། ལྷག་དོན་སྤྱི་ཚོགས་ཀྱི་ནང་དུ་ནུས་པ་ཐོན་དང་མི་ཐོན་བཅས་བོད་རིགས་ཤེས་ཡོན་ཅན་རྣམ་པའི་ཕྱག་ཏུ་ཡོད་པ་རེད། ང་ཚོས་ཀྱང་ལྷག་བསམ་རྣམ་དག་གིས་ཁྱེད་རྣམ་པའི་དགོངས་ཚུལ་གསུང་སའི་གླེང་སྟེགས་ཤིག་བསྐྲུན་པ་རེད་ལ། ཁྱེད་རྣམ་པས་ཀྱང་དེ་ལུགས་ཀྱིས་ཐུགས་སྣང་ཆེན་པོའི་ཐོག་བོད་ཡིག་གི་ལམ་ནས་རྩོམ་ཡིག་གང་མང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོའི་དྲ་གནས་ཀྱི་ཁ་བྱང་(www.unitingtibetans.org) འདི་ཡིན་པས་བོད་ཀྱི་རིག་གཞུང་ལ་དོ་སྣང་དང་སེམས་ཁུར་ཆེ་བའི་ཀློག་པ་པོ་གང་མང་ཕེབས་པའི་རེ་བ་ཡོད། ང་ཚོའི་དྲ་གནས་འདི་ཁྱེད་རྣམ་པའི་ཆེད་དུ་བསྐྲུན་པ་ཞིག་ཡིན་པས་ཁྱེད་རྣམ་པས་ཀྱང་དེ་བཞིན་ལོངས་སུ་སྤྱོད་ཐུབ་པའི་རེ་བ་དང་འབོད་སྐུལ་སྙིང་ཐག་པ་ནས་ཞུ་བཞིན་ཡོད།།

Share this:
༥༢ ཀློག་གྲངས།