སྟག་ལུང་སྡོམ་གསུམ་དང་སྟག་ལུང་ཐང་པའི་རྣམ་ཐར།

རྩོམ་པ་པོའི་མཛད་རྣམ་ངོ་སྤྲོད།

karmapa12

སྟག་ལུང་ཡ་ཐང་རྡོ་རྗེ་གདན་གྱི་གདན་རབས་བཅུ་བདུན་པ་ཀུན་མཁྱེན་ངག་དབང་རྣམ་རྒྱལ་མཆོག་ནི། བོད་རབ་བྱུང་བཅུ་པའི་ལྕགས་མོ་ལུག་སྤྱི་ལོ་ (༡༥༧༡)  ལོར་བོད་ཀྱི་རྒྱལ་སའི་བྱང་ངོས་འཕན་པོའི་ཡུལ་ལྷུན་གྲུབ་རྫོང་དུ་ཡབ་སྟག་ལུང་ག་ཟི་གདུང་ལས་བྱུང་བ་མིིའི་དབང་པོ་ཀུན་དགའ་རྒྱ་མཚོ་དང་། ཡུམ་འབྲི་གུང་སྐྱུ་རའི་རིག་སྔགས་འཆང་བའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་སྲས་མོ་སྨོན་ལམ་ཕུན་ཚོགས་བུ་ཁྲིད་གཉིས་ཀྱི་སྲས་སུ་ངོ་མཚར་བའི་བལྟས་དུ་མ་བཅས་བལྟམས། ཆུང་མཚན་བཀྲ་ཤིས་སྟོབས་རྒྱལ་དུ་གསོལ། བྱིས་པའི་དུས་ནས་རོལ་རྩེད་ཐམས་ཅད་བསྟན་པ་འཛིན་སྐྱོང་སྤེལ་བའི་རྣམ་འགྱུར་དང་སྟངས་ཀ་ཁོ་ན་མཛད། སྐུ་རྩེད་ཕྱིར་ལུག་གུ་དེད་པ་ཐོག་ལྔའི་གཡང་ལས་ལྷུང་ཡང་མ་ཤི་བ་དང། དགེ་མི་དགེ་ལུང་གང་བསྕལ་ཕྱིས་ཇི་བཞིན་འབྱུང་བ་སོགས་དམ་པའི་ཡོན་ཏན་རྣམས་རང་ཆས་སུ་མངའ།

དགུང་ལོ་བདུན་པ་མེ་མོ་གླང་ལོ་སྤྱི་ལོ་ (༡༥༧༧) ཟླ་བ་གཉིས་པའི་ཡར་ཚེས་དགེ་བར་དཔའ་སྟག་ལུང་པའི་གཙུག་ལག་ཁང་ཆེན་པོར་ཡོངས་རྫོགས་བསྟན་པའི་མངའ་བདག་ཀུན་དགའ་བཀྲ་ཤིས་དྲུང་ནས་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་འགྲོ་བའི་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་ངག་དབང་རྣམ་རྒྱལ་ཀུན་དགའ་རིན་ཆེན་དཔལ་བཟང་པོ་གསོལ། སློབ་དཔོན་རྣམ་རྒྱལ་ཆོས་འཕེལ་ལས་ཀློག་སྦྱང་པས་རིང་མིན་བྱང་ཆུབ།  སྐུ་རྫིས་ཀུན་དགའ་རྣམ་རྒྱལ་གྱིས་ཆོས་སྤྱོད་རབ་གསལ་དང།  ལེགས་བཤད་རིན་པོ་ཆེའི་གཏེར་སོགས་སྐྱོར་འཛིན་བྱེད་པ་གསན་པ་ཙམ་གྱི་ཐུགས་སུ་ཆུད།

དགུང་ལོ་དགུ་པ་ས་ཡོས་སྤྱི་ལོ་ (༡༥༧༩) ཡོངས་འཛིན་རིན་པོ་ཆེ་རྣམ་རྒྱལ་རིན་ཆེན་དཔལ་བཟང་མདུན་ནས་བཀའ་ཆོས་ཐོག་མར་གསན།  དེ་ནས་བརྩམས་ཏེ་ཡོང་འཛིན་རིན་པོ་ཆེ་ཉིད་ཀྱི་དྲུང་ནས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དབང་ལུང་ཁྲིད་སོགས་རིམ་བཞིན་རྒྱ་ཆེར་གསན།  ཁྱད་པར་དུ་དཔལ་རྒྱལ་བ་སྟག་ལུང་བཀའ་བརྒྱུད་པའི་ཐུན་མིན་གྱི་བཀའ་སྲོལ་ནོར་བུ་རྣམ་བཞིའི་ཆོས་སྐོར་རྣམས་ཏེ།  ཕྱི་ཡིད་ཆེས་བསྐྱེད་པར་བྱེད་པ་བརྒྱུད་པ་ཡིད་བཞིན་ནོར་བུའི་ལོ་རྒྱུས་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་གནད་ནས་བཟུང། ནང་ཉམས་མྱོང་བསྐྱེད་པར་བྱེད་པ་སྨིན་ལམ་ཡིད་བཞིན་ནོར་བུའི་དཀྱིལ་འཁོར་རྣམ་པ་གསུམ་གྱི་དབང་བསྐུར་ནས་སྣོད་བཅུད་ཐམས་ཅད་ཡེ་ནས་དག་པ་རབ་འབྱམས་སུ་སྟོན་པ་ཟབ་པའི་བསྐྱེད་རིམ་ཡེ་སྲུང་དམ་ཚིག་དང་བཅས་པ། གསང་བ་ཟུང་འཇུག་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ་གྲོལ་ལམ་ཡིད་བཞིན་ནོར་བུ་ཟུང་འཇུག་ཡེ་ཤེས་ཆེན་པོའི་ཕྱག་རྒྱས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་འདེབས་པར་བྱེད་པ་ལྟ་བ་ཕྱག་རྒྱ་ཆེན་པོ་དང། བླ་མེད་རྒྱུད་སྡེ་རྒྱ་མཚོའི་ཉིང་ཁུ། མ་དང་མཁའ་འགྲོའི་སྙིང་ཁྲག  བཀའ་བཞི་བརྒྱུད་པའི་གདམ་པ་ལ་རྩལ་དུ་འདོན་པ་ཐབས་ལམ་ནཱ་རོའི་ཆོས་དྲུག་གཉིས་ཀྱི་ཉམས་ཁྲིད་ཐུན་མིན་དང། ལམ་གྱི་ཆ་རྐྱེན་མ་ཚང་པ་ཁ་སྐོང་ཡིད་བཞིན་ནོར་བུ་བསྟན་སྲུང་དམ་ཅན་རྒྱ་མཚོ་སོགས་ཀྱི་མན་ངག་བཅས་མ་ལུས་པར་གསན་པར་མཛད།  དེར་འདུས་པའི་དགེ་འདུན་ཡོངས་ལ་ཐམས་ཅད་མཁྱེན་པ་ངག་དབང་གྲགས་པའི་རྣམ་ཐར་གྱི་ལུང་དང། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད་ཞིབ་རྒྱས་སྩལ་བས་དགུང་ན་ཤིན་ཏུ་ཕྲ་བ་འདི་ལྟ་བུའི་མཁྱེན་པའི་རྣམ་དཔྱོད་ཞེས་ཀུན་ངོ་མཚར་སྐྱེས་ཤིང་མི་འཕྲོག་པའི་དད་པས་ཞབས་སྤྱིར་བོར་བླང། རྗེ་ཞྭ་དམར་ཅོད་པན་འཆང་བ་དཀོན་མཆོག་ཡན་ལག་གིས་ཀྱང། སྐུ་ཡི་ཟླ་ཚེས་གསར་པ་དག། སྲིད་གསུམ་དབང་ཕྱུག་རྩེར་འཕེལ་ཤིང།། དགེ་ལེགས་འོད་དཀར་གྱིས་ཁྱབ་པ།། བཀའ་བརྒྱུད་ནོར་བུ་གང་དེ་རྒྱལ།། ཞེས་པའི་ཆེད་དུ་བཀའ་འཕྲིན་བསྩལ་ཞིང་བསྔགས་པར་མཛད།  དེ་ནས་ལཱཉྩ་དང་ཝརྟུ་སོགས་ཡིག་རིགས་དང། ལྷ་རིས་རྣམས་ཀྱང་བརྩོན་པ་ཆེར་མ་དགོས་པ་འབད་མེད་དུ་མཁྱེན།  སྒྲ་དང་སྙན་དངགས་སྐར་རྩིས་སོགས་རིགས་པའི་གནས་ཆེ་ཕྲ་མ་ལུས་པ་སྦྱངས་པ་མཐར་ཕྱིན་པ་གནང་ངོ་།།

དགུང་གྲངས་བཅུ་གཉིས་པ་ཆུ་ཕོ་རྟ་སྤྱི་ལོ་ (༡༥༨༢)  སྟག་ལུང་པའི་གཙུག་ལག་ཁང་ཆེན་པོའི་ནང་གཉུག་མར་གནས་པ་དང་ཕྱོགས་གཞན་ནས་ཕེབས་པའི་དགེ་འདུན་སྟོང་ཕྲག་ལས་བརྒལ་བ་རྣམས་ལ་ཆོས་རྒྱལ་དྭགས་པོ་ལྷ་རྗེའི་ཞལ་གྱི་བདུད་རྩི་ཐར་པ་རིན་པོ་ཆེའི་རྒྱན་ལུང་རིག་མན་ངག་གསུམ་གྱི་ལེགས་པར་རྒྱན་ཏེ་ཐུགས་ཐོག་ནས་ཚིག་གཅིག་ཀྱང་ལྷག་ཆད་མེད་པར་གསུངས་པས་ཀུན་ངོ་མཚར་སྐྱེས་ཅིང་མི་འཕྲོག་པ་དད་པའི་སྒོ་འཕར་ཕྱེ།

དགུང་ལོ་བཅོ་ལྔ་པ་ཤིང་བྱ་སྤྱི་ལོ (༡༥༨༥) ལོར་ས་ཁྲི་དམར་པོ་ཞེས་ཡོངས་སུ་གྲགས་པ་རྫོགས་པའི་སངས་རྒྱས་མཆོག་གི་སྤྲུལ་པའི་སྐུ་ན་རིམ་གྱི་ཆོས་བསྟན་པའི་སེང་གེ་ཁྲི་ལ་བཞུགས་སུ་གསོལ།  ཡོངས་འཛིན་རིན་པོ་ཆེ་གཙོས་འདུས་པ་རྒྱ་མཚོས་བདེ་ལེགས་ཀྱི་ཚིགས་སུ་བཅད་པ་དུ་མའི་བསྟོད་ཅིང་བཀྲ་ཤིས་མེ་ཏོག་གི་སིལ་མའི་ཆར་ཕབ་པ་དང་ཆབས་གཅིག་དཔལ་ལྡན་ངག་དབང་ཆོས་ཀྱི་ཉི་མ་འཇིགས་མེད་བཟང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་པའི་མཚན་གསོལ། དེ་ནས་བཟུང་སྟེ་ཆོས་རྗེ་རྣམ་ཐར་བཅུ་གསུམ་སྟེང་ནས་ཁྲི་གདུགས་ལྟར་གསལ་ཞིང་དག  གླིང་གི་འདུལ་ཁྲིམས་བཅུ་གསུམ་གྱི་འོག་ནས་ས་གཞི་ལྟར་བརྟན་ཅིག་རྟག  ཚོགས་ཀྱི་བཅའ་བ་བཅུ་གསུམ་གྱི་བར་ནས་རིན་པོ་ཆེའི་རི་བོའི་ཕྲེང་བ་ལྟར་གཙང་ཞིང་མཛེས་པའི་བཀོད་པ་སྔོན་ལས་ཀྱང་ཆེས་ཁྱད་པར་དུ་འཕགས་པར་མཛད་ཅིང་། ཧོར་སྟོད་སྨད་ལ་སོགས་པའི་ཡུལ་དུ་སྐུ་ངལ་སོགས་མ་འཛེམ་པར་ཞབས་ཀྱི་བཅགས་སྟེ་སྡེ་པ་ཕན་ཚུན་གྱི་ཁ་མཆུ་འཁྲུགས་རྩོད་སོགས་ཞི་བར་མཛད་དེ་སྐྱེ་བོ་དྲག་ཞན་ཀུན་ཕན་ཚུན་སྡང་ཞིང་འཁོན་པ་ལས་བྱུང་བའི་ཉེར་འཚེའི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པར་མཛད།

དགུང་ལོ་བཅུ་དགུ་པ་ས་གླང་སྤྱི་ལོ་(༡༥༨༩)ལོར་དཔལ་སྟག་ལུང་རྡོ་རྗེ་གདན་གྱི་གཙུག་ལག་ཁང་འཇིག་རྟེན་གསུམ་གྱི་མགོན་པོ་༸རྒྱལ་བ་སྟག་ལུང་པ་ཆེན་པོ་ཐང་པ་བཀྲ་ཤིས་དཔལ་གྱི་དངུལ་སྐུ་རིན་པོ་ཆེའི་སྤྱན་སྔར། ཐམས་ཅད་མཁྱེན་པ་ཀུན་དགའ་བཀྲ་ཤིས་ཞབས་ཀྱིས་མཁན་པོ་དང། ཞབས་འབྲིང་མང་ཐོས་ཚུལ་ལྡན་གྱི་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཤིང། བསྟན་པ་སྤྱི་ལ་སྨན་པའི་ཕུལ་དུ་བྱུང་བའི་མཛད་པས་འགྲོ་དོན་བསྐྱངས་པས་གྲགས་སྙན་ས་སྟེང་ཁྱབ་པ་ཙམ་བྱུང་བ་ལ་དབུ་གཙང་ཆེ་དགུ་ཐམས་ཅད་ཀྱི་ཞབས་ལ་གཏུགས།   འབྲུག་པའི་ཀུན་མཁྱེན་པདྨ་དཀར་པོ་སོགས་དམ་པའི་སྐྱེས་བུ་རྣམས་ཀྱི་ཕྱོགས་དུས་ཀུན་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར།

དགུང་ལོ་སུམ་ཅུ་སོ་བདུན་མེ་མོ་ལུག་སྤྱི་ལོ་(༡༦༠༧) ལོར་སྤྱིར་དགེ་འདུན་རྣམས་སྒྲིག་ལམ་བསླབ་རིམ་ལྷོད་ཅིང་།  ནོར་ལོངས་སྤྱོད་ཀྱི་རྣམ་གཡེང་ཆེ་བ། རང་ལུགས་རྒྱུད་པའི་ཕྱག་བཞེས་རྣམས་ཉམས་ལ་ཉེ། གཞན་གྱི་ལད་མོའི་རྗེས་སུ་འབྲངས་བ་བཅས་ལ་རྟེན་ནས། མངའ་འབངས་ཀྱི་ཐུས་བཙུན་བརྒྱ་དང་བརྒྱད་དུས་གཅིག་ལ་རབ་ཏུ་བྱུང་། སྤང་ཀློག་ཐོས་བསམ་ལ་སྦྱར་ཏེ་བཀའ་བརྒྱུད་སྡོམ་གསུམ་གླིང་གསར་དུ་འཛུགས་པ་སོགས་མདོར་ན་རྗེ་འདི་སྟག་ལུང་གི་གདན་སའི་ཁྲིར་བཞུགས་ནས་སྟག་ལུང་པའི་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་མ་དྲོས་པའི་མཚོ་ལྟར་གང་བའི་འཛིན་སྐྱོང་སྤེེལ་གསུམ་གྱི་ཐུགས་འགན་ལོ་སུམ་ཅུ་སོ་གཅིག་བར་དུ་རྗེ་ཉིད་ཀྱི་མཛད་རིང་།  རིས་སུ་མ་ཆད་པའི་བླ་མ་དགེ་འདུན་མཁས་པ་རྣམས་ངང་པ་པདྨ་མཚོ་ལ་འདུ་བ་བཞིན་མ་འབོད་ངང་གི་འདུ་སྟེ་སློབ་ཚོགས་བོད་ཡུལ་སྟོད་སྨད་ཀུན་ལ་མ་ཁྱབ་མེད་པ་ཙམ་དུ་གྱུར།  བསྟན་པའི་རྒྱན་དུ་གསུང་འབུམ་པོ་ཏི་བཅུ་གསུམ་ཙམ་བཞག་པར་མཛད་པ་སྟེ་འཆད་རྩོམ་གཙོ་བོར་གྱུར་པའི་བསྟན་པའི་བྱ་བ་རྒྱ་ཆེན་པོ་རྣམས་ཀྱང་ཐུགས་བཞེད་ལྟར་གེགས་མེད་དུ་མཐར་ཕྱིན་པ་སོགས་ལ་བརྟེན། དགུང་ལོ་ཞེ་དྲུག་པ་མེ་ཕོ་འབྲུག་སྤྱི་ལོ་ (༡༦༡༦) ལོར་ཉིད་ཀྱི་སྐུ་དབོན་ངག་དབང་བཀྲ་ཤིས་དཔལ་ལ་གདན་སའི་ཐུགས་འགན་གཏད་དེ་རྗེ་ཉིད་ཆོས་རྫོང་རྣམ་རྒྱལ་རབ་བརྟན་དུ་བཞུགས་ནས་ཀུན་སྤངས་ཀྱི་བརྟུལ་ཞུགས་དངས་དུ་བཞེས་ཐུགས་དམ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་པར་གདའོ།།

དེ་ལྟར་མཁས་བཙུན་བཟང་པོའི་མཛད་པ་ལ་བརྟེན་ནས་བོད་ཡུལ་སྤྱི་དང་། བྱེ་བྲག་སྟག་ལུང་བཀའ་བརྒྱུད་པའི་བསྟན་པ་ལ་ཕྱག་རྗེས་བླ་ན་མ་མཆིས་པའི་བཀའ་དྲིན་བསྐྱངས་མཐར་དགུང་གྲངས་ང་དྲུག་ཏུ་ཕེབས་པ་མེ་སྟག་སྤྱི་ལོ་(༡༦༢༦) ལོར་ཟླ་བ་བཞི་པའི་ཚེས་དྲུག་གི་ཉིན་ཕྱེད་ལ་སྤྲུལ་པའི་སྣང་བརྙན་ཞི་བ་ཆེན་པོའི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།། ཞེས་རྣམ་ཐར་མདོར་བསྡུས་པ་འདི་ཉིད་སྟག་ལུང་སྤྲུལ་སྐུ་མིང་འཛིན་ཆོས་ཀྱི་ཉི་མ་ནས་སྤྱི་ལོ་༢༠༡༡ སྤྱི་ཟླ་༤པའི་སྤྱི་ཚེས་༢༧ལ་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །

Share this:
༣༥༣ ཀློག་གྲངས།