བླ་བྲང་གི་གྲྭ་འཇིགས་མེད་རྒྱ་ནག་གཞུང་གིས་འཇུ་བཟུང་།

བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གཞུང་གི་ཉེན་རྟོག་པས་ཟླ་འདིའི་ཚེས་ ༢༠ ཉིན་གྱི་ཞོགས་པ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་རྒྱུད་སྟོད་གྲྭ་ཚང་གི་གྲྭ་འཇིགས་མེད་རྒྱ་མཚོ་འམ། ཡོངས་གྲགས་སུ་འཇིགས་མེད་མགོ་རིལ་ལགས་དང་། དེ་མིན་ཁག་ཅིག་གྲོང་ཁྱེར་གྱི་ཧོང་ཡོན་མགྲོན་ཁང་ཟེར་བ་ནས་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་མི་གྲངས་བཅུ་གྲངས་ལྷག་ཡོད་པ་ཁ་ཤས་ཀྱིས་མཐོང་ཡོད་འདུག།

དེའི་སྐབས་དགེ་འདུན་པ་དང་ཁོང་གི་རོགས་པ་འགས་མཐོང་ནས་དེར་ཡོད་པའི་སྤྱི་བདེ་ཚན་པར་སྐད་ཆ་དྲིས་ཀྱང་། ལན་འདེབས་གསལ་པོ་མ་བྱས་ཐོག། འཇིགས་སྐུལ་བྱས་ནས་ཕྱིར་ཕུད་བཏང་བ་དང་རྗེས་ནས་མགྲོན་ཁང་སྒོ་འགྲམ་ནས་བཀག་ཏེ་ཡོང་བཅུག་གི་མེད་པ་དང་། རྗེས་སུ་ཁོང་གི་གྲྭ་ཤག་ཡང་ཡོངས་སུ་སྔོག་བཤེར་བྱས་ནས་གློག་ཀླད་རྩིས་འཁོར་དང་། འོད་སྡེར། འདྲ་པར་སོགས་མང་པོ་ཉེན་རྟོག་པས་ཁྱེར་འདུག། ཁོང་འཛིན་བཟུང་བྱས་རྗེས་གང་དུ་ཁྲིད་པ་སོགས་ད་ལྟ་གང་ཡང་ཤེས་རྟོགས་མེད་པར་ནང་མི་དང་དགོན་པའི་གྲྭ་བ་ཚང་མས་ཁོང་ལ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང་། དེ་ནི་༢༠༠༨ ལོ་ནས་ད་བར་འཛིན་བཟུང་བྱས་པ་ཐེངས་གསུམ་པ་དེ་ཡིན་པ་རེད།

གྲྭ་འཇིགས་མེད་རྒྱ་མཚོ་ལགས་ནི་བླ་བྲང་དགོན་པའི་ཉེ་འདབ་ཕུག་སྡེ་ཞེས་པ་ནས་ཡིན་ཞིང༌། ༢༠༠༦ ལོར་རྒྱ་གར་ལྷོ་ཕྱོགས་ཨ་མྲ་ཝ་ཏི་ལ་ཆེད་ཕེབས་ཀྱིས་༧གོང་ས་མཆོག་གིས་བསྩལ་བའི་དུས་འཁོར་དབང་ཆེན་ཞུས་རྗེས། ཕྱིར་ཕ་ཡུལ་དུ་ལོག ༢༠༠༨ ལོར་བོད་ནང་གི་ཞི་རྒོལ་སྐབས་ཁོང་གིས་ཨ་རིའི་བོད་སྐད་རླུང་འཕྲིན་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་སོགས་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཇིགས་ཞུམ་མེད་པར་བོད་ནང་གི་དངོས་བྱུང་དཀའ་སྡུག་གནས་སྟངས་དང༌། གཞིས་ལུས་བོད་མིའི་རེ་འདུན་ངོ་མ་དེ་གསལ་བཤད་བྱས་ནས་བོད་ཕྱི་ནང་གཉིས་ཀས་དོ་སྣང་ཆེན་པོ་བྱུང་ཡོད།

Share this:
༧༠ ཀློག་གྲངས།