ལོག་སྨྲ་ཚར་གཅོད།

རྒྱས་རྔ་བརྡུང་སྟངས་ལ་གཞིགས་པའི་འཆམ་རྒྱག་རྒྱུ་ལས་གཞན་པའི་ཐབས་ཤེས་ཤིག་མ་མཐོང། འོན་ཀྱང་སྔར་བྱུང་བའི་ལོ་རྒྱུས་ལ་ཕྱིར་བལྟས་སློག་སྟེ་བརྟག་ཅིང་དཔྱད་ན། “ཞི་བ་”ཞེས་པའི་གོ་དོན་ངོ་མ་ད་དུང་རྒྱ་ཕྱོགས་ནས་མ་རྟོགས་པའི་རྟགས་མཚན་གསལ་པོ་འདུག སྤྱིར་ཞི་བ་ཞེས་པ་ནི་ཡལ་བའི་དོན་ཡིན། དེ་ནི་རླུང་འཚུབ་ཞི་བ། ཁོང་ཁྲོ་ཞི་བ། ནད་གདོན་འཇིགས་པ་ཞི་བ་སོགས་ཀྱི་དོན་ཡིན། སྐབས་འདིར་ཞི་བ་ཞེས་པ་འཚེ་བ་མེད་པའམ། དྲག་ལས་ལ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། ཡང་ན་འཚེ་བའི་བྱ་སྤྱོད་ལས་ལྡོག་པ་ལས་ཞི་བ་ཞེས་གོ་དགོས། རྒྱ་ནག་དམར་པོའི་སྲིད་གཞུང་གི་སྔ་ཕྱི་བར་གསུམ་གྱི་བྱེད་སྟངས་ལ་ཞི་བའམ། འཚེ་མེད་ཅེས་པའི་རྩ་ཆེ་བའི་ལྟ་སྤྱོད་ཀྱི་བརྗོད་ཚིག་འདི་ཁོང་ཚོའི་ཁ་ནས་བཤད་ཕོད་ཐབས་མེད་ཀྱང། ཨུ་ཚུགས་ཀྱིས་བཤད་པའི་རྒྱབ་ལྗོངས་སུ་དམིགས་ཡུལ་ཞིག་བཅངས་ཡོད། 

“བཅིངས་འགྲོལ་”ཟེར་བ་ནི་བསྡམས་པ་ལས་གྲོལ་བ་ལ་གོ་དགོས། དེ་ནི་ཕྱི་རྒྱལ་གྱི་བཙན་འཛུལ་བ་ནས་བཅིངས་འགྲོལ་བཏང་བར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། བོད་མིས་རྒྱ་མིར་ཡང་ཕྱི་རྒྱལ་བར་ངོས་འཛིན་ཀྱི་ཡོད། གང་ལྟར་སྐབས་དེར་རྒྱ་མི་མ་ཡིན་པ་བོད་ནང་ཕྱི་རྒྱལ་བ་ཏར་འཕྲིན་ལས་བྱེད་པ་གཅིག་དང། གློག་ལས་པ་གཅིག རྒྱ་གར་དང་བལ་པོའི་གཞུང་ཚབ་ལས་བྱེད་པ་བཅས་ཀྱི་མི་སྣ་བཅུ་གྲངས་ཤིག་ལས་མེད། འདི་དག་ལ་བཙན་འཛུལ་བའི་ཐ་སྙད་འདི་བེད་སྤྱོད་ཐུབ་པ་འདུག་གམ།
བོད་ནི་ལོ་རྒྱུས་ཐོག་རྒྱ་དང་ཐ་དད་ཡིན། ང་ཚོ་བོད་པ་རང་ཉིད་ལ་རྒྱ་དང་ཐ་དད་ཡིན་པའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང། རིག་གཞུང་ཡོད་པ་མ་ཚད། ཉོ་ཚོང་བྱེད་ཆེད་དངུལ་ལོར་དང། གསེར་དངུལ་ཟངས་གསུམ་ཀྱི་ཊཾ་ཀ རང་ས་སྲུང་བའི་དམག་མི། རྒྱལ་དར། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཁྲིམས་ཁང་། ཕྱི་འབྲེལ་ལས་ཁུངས་སོགས་རྒྱལ་ཁབ་གཅིག་ལ་ཚང་དགོས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད། སྒོས་རང་ཉིད་ལ་ཆོས་སྲིད་རང་དབང་བདག་གིར་སྐྱོང་བའི་སྲིད་འཛིན་ལས་ཁུངས་ཀྱི་སྒྲིག་གཞི་ཆ་ཚང་ཡོད་ལ། བོད་ཀྱི་རྒྱལ་རྒྱུད་རིམ་བྱུང་གིས་བོད་ཀྱི་ཆོས་སྲིད་སྐྱོང་བ་དང་། ༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱིས་ཆོས་སྲིད་དབང་ཆ་ཆ་ཚང་བདག་གིར་བཞེས་ཐོག་གཞུང་ཞབས་སེར་སྐྱ་དང་། ཚོགས་འདུ་རྒྱས་བསྡུས་ཀྱི་སྒྲིག་སྲོལ་ཐོག་ནས་བོད་ཀྱི་ཆོས་སྲིད་དང། དཔལ་འབྱོར། རིག་གཞུང་། དམག་དོན། ཕྱི་འབྲེལ་སོགས་ལས་དོན་ཆེ་ཕྲ་ཚང་མ་རང་ཐག་རང་གིས་གཅོད་ཀྱི་ཡོད།
གང་ལྟར་བོད་སར་བཙན་འཛུལ་གྱིས་བཙན་བཟུང་རྗེས་རྒྱ་གཞུང་གིས་ཧམ་པ་རི་ཙམ་བཤད་ན། བདེན་པ་གཡག་རོ་ཙམ་འཐོབ་རེ་བྱས་ཏེ་སྐད་གསང་མཐོན་པོའི་སྒོ་ནས་ཡང་ནས་ཡང་དུ་བསྐྱར་བཤད་ཡང་བཤད་བྱས་པ་ལྟར་དོན་དངོས་ཐོག་བོད་ཞི་བས་བཅིངས་འགྲོལ་བྱས་ཡོད་དམ་མེད་དཔེ་མཚོན་བརྒྱ་ཕྲག་མང་པོ་ཡོད་པའི་ཁོངས་ནས། འདིར་དཔྱད་གཞིའི་ཚུལ་དུ་བཙན་འཛུལ་སྐབས་དམག་སར་བསད་བཟུང་དང། ཁྲིམས་གཅོད་བྱེད་སྟངས། འཐབ་འཛིངས་གཏོང་སྟངས། བཙོན་པའི་གནས་སྟངས་བཅས་ཀྱི་སྐོར་བདེན་དཔང་དཔེ་མཚོན་རེ་ཟུང་ཟུར་འགོད་བྱེད་རྒྱུར།

ཕྱི་ལོ་༡༩༥༠ ཟླ་༡༠ ཚེས་༧ ཉིན་རྒྱ་དམར་གྱིས་ཁམས་རི་བོ་ཆེ་དང་། ལྡན་ཁོག སྐམ་ཐོག་གྲུ་ཁ། སྡེ་དགེ་འཇོ་མདའ། ཚ་ཁ་ལྷོ། སྨར་ཁམས། ཆབ་མདོ་སོགས་ས་ཁག་བརྒྱད་ལ་དུས་གཅིག་ཏུ་རྒྱ་དམག་ཁྲི་བརྒྱད་ཀྱིས་བཙན་འཛུལ་བྱས་པ་རེད། དུས་ཚོད་དེ་བརྗེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། བཙན་བྱོལ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ཀྱི་དུས་ཚེས་ཀྱང་འདི་རང་ལ་གཏན་འཁེལ་གནང་བ་རེད། ཆབ་མདོར་ལོ་དེའི་ཟླ་༡༠ ཚེས་༧ ནས་ཚེས་༢༥ བར་བོད་དམག་དང་། མི་སེར་ལྔ་སྟོང་བདུན་བརྒྱ་ལྷག་ཙམ་དམར་བས་བཏང།  ཉིས་སྟོང་ཙམ་བཙོན་འཇུག་བྱས་པ་རྒྱ་དམར་རང་ཉིད་ཀྱིས་“བོད་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་རགས་བསྡུས་”ཞེས་པའི་རྒྱ་ཡིག་དེབ་ནང་བསྡོམས་རྩིས་བྱས་ཡོད། སྐབས་དེར་རྒོལ་འཛིང་ནང་སྐྱེས་པ་ལོ་༡༥ ཡན་ཞུགས་པས་མ་ཚད། བུད་མེད་ཚོས་ཀྱང་ཁྱོ་ཀ་དང་མཉམ་དུ་རང་ས་སྲུང་བའི་ཆེད་དུ་འཐབ་འཛིངས་བྱས་ཡོད། དམག་མཇུག་བསྒྲིལ་སྐབས་ཁུལ་དེར་སྐྱེས་པ་ལོ་དྲུག་ཅུ་ཡན་གྱི་རྒན་རྒོན་ནད་གཅོང་ཅན་ཉུང་ཤས་དང། ཕྲུ་གུ་ལོ་བཅུ་གསུམ་བཅུ་བཞི་མན་ཆད་མ་གཏོགས་ལྷག་མེད་པ་ལྟ་བུར་གྱུར་ཡོད།
༡༩༤༩ ནས་བཟུང་འབའ་གླིང་ཀ་གཤིས་ཁུལ་མང་ཚོགས་ལ་སྡུག་པོ་ཚད་མེད་བཏང་རྐྱེན་ངོ་རྒོལ་རྒྱུན་བསྲིང་བྱས་པས། ༡༩༦༣ བར་ཡུལ་མི་སུམ་ཆ་གཉིས་ཏེ་མི་གྲངས་༣༠༠༠ སྐོར་དམར་བསད་བཏང་སྟེ་མི་ཤི་ཁྱིམ་སྟོང་གི་གྲོང་སྡེ་ཞིག་ཏུ་གྱུར་ཡོད།

དེ་བཞིན་སྙེ་མོ་ཁུལ་ནས་ངོ་རྒོལ་ཤུགས་ཆེ་བྱུང་སྟབས་ལྷ་ས་ནས་དམག་སྣོན་བཏང་སྟེ་དྲག་གནོན་གྱིས་སྐྱེས་པ་༢༣༧ དམར་གསོད་བཏང་བ་དང་། མདོ་སྨད་ཁུལ་དུ་བོད་མི་སྒེར་ལངས་པ་འཇུ་བཟུང་ཐུབ་ཚོད་རི་ཁུག་ཏུ་འཁྲིད་དེ་སྡེབ་གསོད་བྱས་ཡོད། དཔེར་ན་༡༩༥༤ ཡས་མས་ནས་མགོ་ལོག་རྫོང་ཁག་བཞི་དང། མཚོ་སྔོན་ཁུལ་ནས་གྱེན་ལོག་སྐབས་འཇུ་བཟུང་བྱས་རིགས་རྨ་ཆུའི་རི་ཁུག་ཅིག་ཏུ་ཉིན་གཅིག་རང་ལ་མི་གྲངས་བདུན་སྟོང་སྐོར་སྡེབས་གསོད་བཏང་ཡོད། ལོ་རྒྱུས་ཀྱི་དོན་དངོས་རྫུན་བཟོ་བྱས་ཏེ། བོད་ཞི་བས་བཅིངས་འགྲོལ་བཏང་བ་ཡིན་ཞེས་ཧམ་བཤད་བྱེད་མུས་འདི་ནི་ངོ་ཚ་ཡོད་མེད་ཤེས་ཐུབ། ང་ཚོ་རང་ཡུལ་བཞག་ནས་གཞན་ཡུལ་དུ་བཙན་བྱོལ་དུ་གྱར་དགོས་ཀྱི་གནས་ཚུལ་འདི་ཡང་ཞི་ལས་ལས་བྱུང་བའི་འབྲས་བུ་ཡིན་ནམ།
མདོ་སྟོད་ཀྱི་ས་ཁུལ་ཁག་ཏུ་དགོན་སྡེ་གཏོར་བཅོམ་དང། བླ་དཔོན་འཛིན་བཟུང། མང་ཚོགས་ལ་མི་སྤྱོད་ལས་འདས་པའི་རྩུབ་སྤྱོད་ལག་བསྟར་བྱས་རྐྱེན་རང་གི་དབུ་ཁྲིད་དང་རྒྱལ་ཁབ་སྲུང་སྐྱོབ་སླད། རྒྱལ་གཅེས་ཀྱི་མེ་ལྕེ་རབ་ཏུ་འབར་ཏེ་རྒྱལ་སྲུང་དང། བསྟན་སྲུང་དང་བླངས་དམག ཆུ་བཞི་སྒང་དྲུག་སོགས་མང་བསྐུལ་འོས་ལངས་ཀྱི་ཡུལ་དམག་རྩ་འཛུགས་གཅིག་མཇུག་གཉིས་མཐུད་ཀྱིས་བཙན་འཛུལ་ལ་འགོག་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་དགོས་བྱུང་བ་ཡང་། རྒྱ་དམར་རྒྱ་བསྐྱེད་རིང་ལུགས་དང་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་དྲག་སྤྱོད་ལ་ཐུག་ཡོད།
ཕྱི་ལོ་༡༩༥༩ ཟླ་༣ པར་རྒྱ་དམར་གྱིས་བོད་ཀྱི་རྒྱལ་ས་ལྷ་སར་གནས་འཁོད་བོད་ཆོལ་ཁ་གསུམ་གྱི་མི་མང་ལ་ཁྱོན་ཡོངས་ནས་དྲག་གནོན་བྱས། ལྷ་སའི་བར་སྐོར་ནང་དང་། སྲང་ལམ་ཁག ཕྲོ་བྲང་དམར་པོ། ནོར་བུ་གླིང་གའི་གཞུང་ལམ་དང་། ཕོ་བྲང་གི་ལྕགས་རིའི་ཕྱི་ནང། ལྕགས་པོ་རི་སོགས་ས་ཆ་གང་སར་བོད་མི་མཐོང་ཚད་གསོད་པ་དང། རྩེ་ཕོ་བྲང་དང་། ནོར་བུ་གླིང་ག གཙུག་ལག་ཁང་། ལྷ་སའི་བར་སྐོར་ནང་དང།  རྩེ་ཞོལ་སོགས་གྲོང་མི་འདུས་སྡོད་ཀྱི་གྲོང་ཁུལ་ལ་ཡང་སྨྱོ་བ་ལྟ་བུའི་མེ་སྒྱོགས་གྲངས་མེད་འཕངས། ལྷ་ལྡན་ཞིང་འདི་བཤས་ར་ལྟ་བུར་གྱུར་ཏེ་རྒན་རྒོན་ལོ་ན་བདུན་ཅུ་ཡས་མས་ནས་བྱིས་པ་དམར་འབྱར་ཡན་ཆད་ཀྱི་ཚེ་སྲོག་ཤོར་ཏེ་ཁྲག་དང་མི་རོས་ས་གཞི་དོག་པོར་བཀང། ཁྱི་རྣམས་ཀྱིས་མི་རོ་ཟ་བ་དང་། ཡར་འདྲུད་མར་འདྲུད་བྱེད་པ། དམག་མཚམས་ཆོད་རྗེས་རྒྱ་དམར་གྱིས་བོད་མི་དམར་གསོད་བཏང་བའི་ཕུང་པོ་སྤུངས་ཏེ་མེ་བསྲེག་ཉིན་མཚན་འགའ་ཞིག་ལ་བཏང་ནའང། གཙང་མ་བཟོ་མ་ཐུབ་པར་སླར་ཡང་ས་དོང་བྲུས་ཏེ་སྦས། མདོར་ན་ལྷ་སའི་དྲག་གནོན་གྱི་ཉིན་གསུམ་རིང་བོད་མི་ཆིག་ཁྲི་བརྒལ་བ་དམར་གསོད་བཏང་བ་རེད། རྒྱ་གཞུང་གིས་རྒྱལ་ཁབ་གཞན་གྱིས་རང་གི་ས་ཆར་དམག་དྲངས་པ་ལ་བཙན་འཛུལ་གྱིས་དཔུང་འཇུག་བྱས་བྱུང་ཞེས་སྡུག་སྐད་ཚད་མེད་རྒྱག་པ་དང། རྒྱ་དམར་རང་ཉིད་ཀྱིས་བོད་སར་དམག་དྲངས་ཏེ་བོད་མི་གསོད་རྡུང་དང་། བོད་ཡུལ་གཏོར་བཅོམ་བྱས་པ་དེ་དྲང་བདེན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པ་རེད་ཅེས་ཧམ་རྩོད་བྱེད་པ་རིགས་པ་དང་མི་འགལ་ལམ།

གངས་ཅན་བོད་ཀྱི་ས་ཁུལ་གང་སར་མཚམས་ཚིག་མེད་པར་ངལ་རྩོལ། རྫོགས་མཐའ་མེད་པའི་དྲི་བཙིར། བློ་ཡུལ་དུ་འཆར་དཀའ་བའི་མནར་གཅོད། བཟོད་པར་དཀའ་བའི་འཐབ་འཛིངས་དང་རྡུང་རྡེག་བཏང་བ། བཙན་འཛུལ་བའི་ཁྲག་དྲི་བྲོ་བའི་དྲག་གནོན་བཟོད་ཐབས་མེད་མ་བྱུང་བར་བོད་མི་སྟོང་ཕྲག་མང་པོས་རང་སྲོག་དོར་བའི་བྱ་བ་བརྩམས། ལ་ལས་སྐེ་བསྡམས། ལ་ལ་གཡང་དང་ཆུར་མཆོངས། ལ་ལས་གྲི་ཆུང་རང་གི་སྐེ་དང་སྙིང་ལ་བཙུགས། ཁྱིམ་ཚང་ཁ་ཤས་ནང་མི་རྒན་རྒོན་བུ་ཕྲུག་ཡོངས་རྫོགས་ལག་གདང་སྦྲེལ་ནས་གཙང་པོར་ལྕེབས་པ་སོགས་བྱུང་ཡོད།
ངལ་རྩོལ་ལ་མཚོན་ན། ཞོགས་པ་ནམ་མ་གསལ་གོང་ནས་ལས་ཀར་འདེད་པ་ནས་མཚན་གྱི་ཆུ་ཚོད་༡༢ ཡས་མས་བར་སྡུག་ལས་བསྐུལ་བ་མ་ཟད། ལྟོ་དུས་སྐར་མ་བཅུ་གྲངས་ཙམ་ཕུད། ངལ་གསོ་རྒྱག་མི་འཇུག་པ་སོགས་ལས་མཚམས་མི་གཅོད་པ། བཙོན་པ་ཚོ་བཀྲེས་སྐོམ་བཟོད་ཐབས་བྲལ་ནས་ལྷམ་གྱི་མཐིལ་དང།  ཀོ་བའི་སྐེད་རགས། པགས་པའི་གྱོན་གོས། ཕྲེང་ཐག་ཡན་ཆད་ཟ་བ་དང་། ས་སློག་སྐབས་ཙི་ཙི་དང་ཨ་བྲ་སོགས་བསད་དེ་ཟ་བ། འབུ་སྲིན་སྒྲུག་ནས་ཟ་བ། ཁྱི་རོ་དང་རྟ་བོང་གི་རོ་རྙེད་ན་ཧབ་ཐོབ་རྒྱག་པ། ར་ལུག་སོགས་ཀྱི་རྐང་རུས་མཛུབ་མོ་ཙམ་ཞིག་མཐོང་ན་ཡང་ཁར་མུར་བ་སོགས་སྡུག་བསྔལ་ཆེན་པོ་དེ་ལྟ་བུ་མྱོང་དགོས་བྱུང་བ་རང་ཅག་གི་ཡིད་ལ་དྲན་པར་བྱེད་དགོས།

བཙོན་པར་མཚོན་ན། ཐ་ན་ཆུ་ཡང་བཏུང་རྒྱུ་མེད་པར་རང་གི་གཅིན་པ་ཕོར་པའི་ནང་བཏང་སྟེ་འཐུང་བ་དང་། རིམ་གྱིས་གཅིན་པ་ཡང་བཏང་རྒྱུ་མེད་པར་སྐོམ་ཤི་ཐེབས་འགྲོ་བ་སོགས་ཀྱི་དཀའ་སྡུག་བསམ་ཡུལ་ལས་འདས་པ་བྱུང་ཡོད། བཙོན་པ་རྣམས་གྲོད་པ་རྒྱགས་པའི་ལྟོ་དུས་གཅིག་ཀྱང་བཟའ་རྒྱུ་མེད་པར་དུད་འགྲོ་ལྟར་སྡུག་ལས་བྱེད་དགོས་སྟབས། ལུས་འཚོ་མ་ཟིན་པར་ལ་ལ་དགོང་མོ་ཉལ་ནས་ཞོགས་པ་ལངས་རྒྱུ་མེད་པ་དང། ལ་ལ་ལས་ཀ་བྱེད་བཞིན་དབུགས་ཆད་པ། ལ་ལ་ལས་ཀའི་བར་སེང་དུ་ངལ་གསོ་སྐར་མ་རེ་ཟུང་རྒྱག་སྐབས་དབུགས་ཆད་པ། འབའ་ཞིག་ཆབ་གཅིན་གཏོང་སྐབས་དབུགས་ཆད་པ། ལ་ལ་ས་རྐོ་སྐབས་འཇོར་བ་དང་མཉམ་དུ་ཁ་སུབ་ལོག་ནས་དབུགས་ཆད་པ་སོགས་ལྟོགས་བཀྲེས་དང་། ངལ་དུབ་འོག་རྐྱེན་ལམ་དུ་སོང་བ་གྲངས་མེད་བྱུང་ཡོད། ཁྲིམས་གཅོད་གཏོང་སྟངས་ལ་མཚོན་ན། ༡༩༤༩ ལོར་ཨ་མདོ་ཅོ་ནེ་ཁུལ་དུ་བླ་མ་དང་། དགེ་བཤེས། མི་དྲག་བཅས་མི་གྲངས་༣༠༠ སྐོར་འཛིན་བཟུང་ཁོངས་ནས་ཁག་ཅིག་གི་སྐེ་ལ་ས་སྣུམ་ཡོད་པའི་ལྕགས་ཀྲིན་བཏགས་ཏེ་ཁྲོམ་སྐོར་དུ་ཁྲིད། དེ་རྗེས་མེ་སྦར་ཏེ་བསད། དགུན་དུས་གྲང་ངར་ཆེ་བའི་སྒང་ལ་ལུས་གཅེར་བུར་ཆུ་གྲང་མོ་བཤོས་ཏེ་འཁྱག་ཤི་བཏང།
༡༩༥༤ ལོར་ཁམས་འཇོལ་ཁུལ་དཔའ་ཐང་ཨ་ངག་ཅན་སེར་སྐྱ་མི་དྲག་བཅུ་དྲུག་འཛིན་བཟུང་གིས་ཤིང་སྒྲོམ་ནང་བཅུག རྐང་ལག་གཉིས་ཀར་ལྕགས་གཟེར་བརྒྱབ་སྟེ་ཤིང་ལ་སྦྱར། རྒྱབ་མདུན་ནས་མེ་སྦར་ཏེ་བསད།    ༡༩༥༧ ལོར་མདོ་སྨད་རྔ་པ་ཁུལ་གྱི་ཡུལ་མིའི་གྱེན་ལངས་སྐབས་ལྷུན་གྲུབ་དང། དེའི་བུ་གཡུ་སྟག་ཟེར་བ་གཉིས་ནས་འགོ་གཙོ་བྱས་པར་བསྙད་དེ་ཕ་བུ་གཉིས་སྐེ་མན་ཆན་གཟུགས་པོ་ཚང་མ་ས་དོང་ནང་བཅུག་སྟེ་གཡས་གཡོན་ནས་ས་རྡོ་བརྫངས་རྐྱེན་ཁའི་ནང་ནས་ནང་འཁྲོལ་ཐོན་པ་དང་། མིག་འབྲས་ཕྱིར་ཐོན་པ་སོགས་གསོད་སྟངས་ངན་པ་བྱས་ཡོད་པ་རེད།

ལྷ་སའི་ཉེ་འཁོར་དཔལ་ལྡིང་དུ་མི་ལ་མཛོ་གླང་ལྟར་གཉའ་ཤིང་བཀལ་ཏེ་ཞིང་རྨོས་བཅུག་སྐབས་འར་ཆད་ཀྱིས་ཤི་བ་དང་། མཇིངས་པ་དང་སྒལ་པར་རྨ་བཟོས་པ། ཁྲག་རྣག་དང་ཆུ་སེར་འཛག་པ་སོགས་མི་ལ་དུད་འགྲོའི་འདུ་ཤེས་ཀྱིས་མནར་གཅོད་བཏང་ཡོད།
ལྷ་ས་ཕྲེང་རིང་དང་དམག་ཁུལ་ཁང་བཙོན་ཁང་གཉིས་ནང་རྣམ་ཀུན་རྟ་གླང་གི་མིག་བཀབ་ནས་གྲོ་ཞིབ་འཐག་པའི་ཆུ་འཁོར་ཆེན་པོ་དེ་འདྲ་ཆེད་མངགས་བཙུགས་ཏེ་བོད་མི་བཙོན་པ་རྣམས་ལ་རྩམ་པ་འཐག་ལས་བྱེད་དུ་བཅུག་པ།
༡༩༦༡ ལོར་འོར་ཤངས་དགའ་ལྡན་ཆོས་འཁོར་དང། རྒྱ་ཚ་འོད་ཡུག་སོགས་ནས་མི་གྲངས་༦༠༠ འཛིན་བཟུང་བཙོན་འཇུག་ཁོངས་ཕྱེད་ཙམ་དམར་གསོད་བཏང་བ་དང་རང་ཤི་བརྒྱབ་པ། མི་གསོན་པོ་ས་སྦས་བཏང་བ། ༡༩༦༠ ལོ་འགོ་ནས་ཚ་བ་སྤོམ་མདའ་གོས་ཆེན་ཐང་དུ་བཙོན་པ་དྲུག་སྟོང་སྐོར་སྤུངས་གསོག་གིས་ཉིན་ལྟར་ཆུ་ཚོད་༡༢ རིང་ངལ་རྩོལ་དང།  ཟས་སུ་འཆར་ཅན་མ་རྨོས་ལོ་ཏོག་གི་རྩམ་པ་ཏོག་ཙམ་དང་། ཉུང་མའི་ཐུག་པ་ཆུ་མདོག་བསྒྱུར་ཙམ་སྐྱོག་ཆུང་རེ་ལས་མེད་པ། དབྱར་དུས་ཉིན་མཚན་དབྱེར་མེད་ཐང་དུ་བསྡད་ཉལ་དགོས་པ་སོགས་ཀྱིས་རྐྱེན་པས་ཉིན་ལྟར་བཙོན་པ་བཅུ་ནས་སུམ་ཅུ་བར་ཤི་སྐྱོན་བྱུང་བ་རྣམས་ཀྱི་མི་རོ་དེ་རང་དུ་ས་སྦས་བཏང་བ་ད་ལྟ་བསྔོག་ན་ར་འཕྲོད་གསལ་པོ་ཡོང་རྒྱུ་ཡིན།
བྱང་ཚ་ལ་དཀར་པོ་འདོན་སར་བོད་ཀྱི་ས་ཁུལ་གང་ས་ནས་སྔ་རྗེས་བཙོན་པ་ཆིག་ཁྲི་སྐོར་བཏང་ཁོངས་ནས་ལོ་གཅིག་ལྷག་ཙམ་ནང་མི་གྲངས་༩༢༠༠ ལ་སྲོག་སྐྱོན་བྱུང་ཡོད། དེ་ནི་འཚོ་བ་ཧ་ཅང་ཞན་ཐོག་ངལ་རྩོལ་ཚད་མེད་བསྐུལ་བ་དང། ཆར་རླུང་དང་སེར་བ། བྱེ་འདམ། གྲང་ངར་བཅས་ཀྱི་ཀྱི་ཐོག་སྨན་བཅོས་ཀྱི་མཐུན་རྐྱེན་མེད་རྐྱེན་ལས་བྱུང་བ་རེད། སྐབས་ཤིག་ཁུལ་དེའི་བྱང་རིགས་བཙོན་པ་༡༦༠༠ ཚ་ལ་དཀར་པོ་འདོན་པར་བཏང་ཁོངས་ལོ་གཅིག་ནང་བཙོན་པ་༣༦ ལས་བྱིངས་བཙོན་པ་༡༥༦༤ འདས་གྲོངས་སུ་གྱུར་ཡོད།

སྟོད་ཤེལ་དཀར་དང་དིང་རི། གཏིང་སྐྱེས་ཁུལ་ནས་མི་གྲངས་དྲུག་བརྒྱ་སྐོར་ལ་ཉིན་མཚན་བར་མེད་ལམ་ལས་ལ་བསྐུལ་སྐབས། ལམ་བཟོ་བའི་གཞས་ཚིག་ཏུ། ཕྱི་ཡི་ཆར་པས་སྦངས་སོང།། ནང་གི་ཐིགས་པས་ཚོས་སོང།། ས་ལ་ཟོ་རོང་རྒྱག་དུས།། དྲིན་ཆེན་ཕ་མ་དྲན་བྱུང།། ཤི་ནས་བར་དོ་མཐོང་བ།། འཇིག་རྟེན་ཀུན་ལ་གྲགས་ཡོད།། མ་ཤི་བར་དོ་མཐོང་མཁན།། བོད་རིགས་སྤུན་ཟླ་མི་མང།། ཞེས་སོགས་ཁོང་ཚོའི་ལུས་སེམས་ལ་དཀའ་སྡུག་ཇི་འདྲ་ཡོད་མེད་གསལ་པོ་མཚོན་ཐུབ།
བླ་སྤུལ་རྣམ་པར་ཟིང་འཁྲུག་སྐབས་མཚོན་སྲུང་སྤྲད་ཚུལ་ལ་བསྙད་དེ་ལུས་གཅེར་བུར་རྡོ་ཧྲུག་སྟེང་བུས་མོ་བཙུག་ཏུ་བཅུག་སྟེ་ལག་གཉིས་ལ་ས་ཕག་བསྐུར་ནས་ཚ་འདྲི་བྱས་པ། མཛུམ་མོའི་ཤ་སེན་བར་སྨྱུག་གཟེར་བརྒྱབ་ནས་ཚྭ་བྱུག་བཞིན་དྲི་བ་བླངས་པ། ཁབ་སྦོམ་ལ་རྩིད་སྐུད་བརྒྱུས་ཏེ་དཔུང་པ་བརྒྱུས་ནས་ལྕང་སྡོང་ལ་བཏགས་པ།
ཤངས་རྣམ་གླིང་རྫོང་གི་བཙོན་ཁང་དུ་བུད་མེད་སྒྲོལ་ལགས་ཟེར་བར་ལོག་སྤྱོད་པར་ལག་འབྲེལ་བྱེད་ཚུལ་ལ་ཁ་བཏགས་ནས་ལག་གཉིས་རྒྱབ་ཏུ་བསྡམས་རྗེས། མཚན་མའི་ནང་ཉ་འཛིན་ལྕགས་ཀྱུ་བཀོན་ནས་འཐེན་བཞིན་དྲི་བ་བྱས་ཏེ་ཁྲག་རྒྱུན་མ་ཆད་པར་བབས་པ་སོགས་མནར་གཅོད་བཏང་བ་དང་། དེ་བཞིན་གཞན་ཞིག་ལ་བུད་མེད་གཅིག ཀ་བ་གཉིས་སུ་རྐང་ལག་ཁ་བྲལ་ཏེ་བཏགས་རྗེས། མཚན་མའི་མཚམས་ཕྱོགས་གཉིས་ནས་ཐག་པ་འཐེན་བཞིན་ནག་མེད་ཉེས་འཛུགས་བྱས་པ་ངོས་ལེན་བྱེད་དུ་བཅུག་པ།

དེ་མཚུངས་རྐང་པ་ཐོག་ལ་བཏགས་ཏེ་མགོ་རྟིང་སློག་ཐོག་སྒྲིམ་བརྒྱབ་སྟེ་བསྐོར་བ། ཚ་འདྲི་བྱེད་སྐབས་རྐུབ་སྟེགས་སྟེང་མགོ་བོ་སྒུར་བཅུག་སྟེ་འོག་ནས་སུ་ཕེན་བདུག་པ། ཁྱོ་ག་དམར་གསོད་བཏང་བའི་ཕུང་པོ་འདས་པོའི་བཟའ་ཟླའི་རྒྱབ་ཏུ་བསྐུར་བ། ཨ་མ་མནར་གཅོད་མ་བཟོད་པར་ཆུར་ལྕེབས་ཏེ་ཤི་རོ་ལ་བུ་ཕྲུག་གིས་འཐབ་འཛིང་བྱེད་དུ་བཅུག་པ། མེ་མདའ་བརྒྱབ་སྟེ་སྲོག་ཐོག་ཉེས་ཆད་བཏང་བའི་ཁྱིམ་ཚང་ནས་མདེལ་རིན་ལེན་པ། སྨན་བཅོས་ཡིན་ཁུལ་གྱིས་སྨན་ཁབ་བརྒྱབ་སྟེ་བསད་པ་དང་། བཤའ་བཅོས་བྱས་ནས་གསོད་པ་སོགས་ཕྱི་རྒྱལ་བཙན་འཛུལ་བའི་ལག་ནས་ལུས་སེམས་སྐད་ཅིག་ཙམ་ཡང་བདེ་བའི་གནས་མེད་པར་ཉིན་མཚན་འཁྱོལ་དཀའ་བའི་མི་ཡུལ་གྱི་དམྱལ་བ་དངོས་དེ་བོད་ཀྱི་བདག་པོ་བོད་མིས་རང་ཡུལ་དུ་མྱངས་དགོས་བྱུང་ཡོད།
བྱེད་སྟངས་འདི་ཚོ་ཞི་བའི་བྱ་ལས་ཤིག་ཡིན་མིན་དགོངས་པ་བཞེས་དང། ཕྱི་ལོ་༨༢༣ ལོར་ལྷ་ས་གཙུག་ལག་ཁང་གི་མདུན་དུ་བཙུགས་པའི་བོད་རྒྱ་རྒྱལ་ཁབ་ཕན་ཚུན་བཙན་རྒོལ་མི་བྱེད་པར་ཞི་མཐུན་དུ་གནས་ཐབས་ཀྱི་ཆིངས་ཡིག་རྡོ་རིང་དུ་བརྐོས་པ་དེའི་ནང།  བོད་རྒྱ་རྒྱལ་ཁབ་གཉིས་པོས་ཚེ་ཚེ་རབས་རབས་སུ་ད་ལྟར་དུ་མངའ་བའི་ཡུལ་དང་མཚམས་སྲུང་ཞིང། དེ་ལས་ཕན་ཚུན་དགྲར་མི་འཐབ། དམག་མི་དྲངས་ཞེས་གསལ་བ་ལས་རྩ་འགལ་གྱི་བྱ་སྤྱོད་ཅིག་ཡིན་པ་ར་འཕྲོད།

མདོར་ན་༡༩༤༩ ལོར་རྒྱ་དམར་གྱིས་བོད་སར་བཙན་འཛུལ་བྱས་པ་ནས་༡༩༩༣ བར་ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། བཙོན་དུ་མནར་གཅོད་འོག་བསད་པ་དབུས་གཙང་ནས་༩༣༥༦༠ དང། ཁམས་ཁུལ་ནས་༦༤༨༧༧  མདོ་སྨད་ཁུལ་ནས་༡༤༧༨༤ བཅས་བསྡོམས་༡༧༣༣༢༡ དང།  དམར་གསོད་བཏང་བ་དབུས་གཙང་ཁུལ་ནས་༢༨༢༦༧ དང། ཁམས་ཁུལ་ནས་༣༢༢༦༦ མདོ་སྨད་ཁུལ་ནས་༩༦༢༢༥ བཅས་བསྡོམས་༡༥༦༧༥༨ དང།  དམག་སར་བསད་པ་དབུས་གཙང་ཁུལ་ནས་༡༤༣༢༥༣ དང། ཁམས་ཁུལ་ནས་༢༤༠༤༡༠ མདོ་སྨད་ཁུལ་ནས་༤༩༠༤༢ བཅས་བསྡོམས་༤༣༢༧༠༥ དང།  ལྟོགས་ཤི་ཐེབས་པ་དབུས་གཙང་ཁུལ་ནས་༡༣༡༠༧༢ དང། ཁམས་ཁུལ་ནས་༨༩༩༡༦ མདོ་སྨད་ཁུལ་ནས་༡༢༡༩༨༢ བཅས་བསྡོམས་༣༤༢༩༧༠ དང་། རང་ཤི་བརྒྱབ་པ་དབུས་གཙང་ཁུལ་དུ་༣༣༧༥ དང། ཁམས་ཁུལ་ནས་༣༩༥༢ མདོ་སྨད་ཁུལ་ནས་༡༦༧༥ བཅས་བསྡོམས་༩༠༠༢ དང། འཐབ་འཛིང་འོག་རང་སྲོག་ཤོར་བ་དབུས་གཙང་ཁུལ་ནས་༢༧༩༥༡ དང། ཁམས་ཁུལ་ནས་༤༨༨༤༠ མདོ་སྨད་ཁུལ་ནས་༡༥༩༤༠ བཅས་བསྡོམས་༩༢༧༣༡ བཅས་གོང་གསལ་ཆ་ཚང་ཁྱོན་གཅིག་ཏུ་བསྡོམས་བོད་མི་རྒྱ་དམར་གྱི་འོག་རང་སྲོག་ཤོར་བ་༡༢༠༧༣༨༧ སྐོར་བྱུང་ཡོད། དེ་ལྟར་བོད་མིའི་རྩ་འབོར་གྱི་དྲུག་ཆ་གཅིག་ལྷག་རྒྱ་དམར་འོག་སྲོག་སྐྱོན་ཤོར་ཡོད་པ་རེད། ཕྱོགས་གཞན་ནས་བཤད་ན་རྒྱ་དམར་གྱི་བོད་སར་བཙན་འཛུལ་བྱས་པ་ནས་བཟུང་བོད་མིའི་ཁྱིམ་ཚང་རེ་ནས་མི་རེ་གཉིས་ལུས་སྲོག་མ་ཤོར་བའི་ཁྱིམ་ཚང་གཅིག་ཀྱང་ལྷག་མེད་པ་ལྟ་བུའི་ཤི་ཚད་འདི་ནི་བོད་ཀྱི་སྲིད་པ་ཆགས་ནས་ལོ་རྒྱུས་ནང་བྱུང་མ་མྱོང་བ་ཡིན།
དོན་སྙིང་རྒྱ་ཕྱོགས་ནས་དགོས་དབང་གིས་ཡང་ནས་ཡང་དུ་མི་བདེན་རྫུན་སྒྲིག་གིས་བསྐྱར་ཟློས་ཉིས་ཡང་ཟློས་བྱས་ཏེ། “བོད་ཞི་བས་བཅིངས་འགྲོལ་”བཏང་ཚུལ་དང། དུས་རྒྱུན་ལྡན་ནས་བོད་རིགས་སྤུན་ཟླ་ཞེས་མ་རུང་ཁོག་བཅངས་ཀྱིས་ཁ་འཇམ་ཁོག་ནག་གི་དམིགས་ཡུལ་བཟུང་བ་དང། བོད་དུ་གནས་པའི་གཞིས་ལུས་སྤུན་ཟླ་རྣམས་རང་ཡུལ་དུ་གནས་ཡོད་ཀྱང། ཕྱི་མིའི་བཙན་གནོན་འོག་བཞུགས་ཡོད་སྟབས། དངོས་ཡོད་གནས་སྟངས་ཀྱི་ཆ་ནས་ཁོང་ཚོར་གདམས་ཀ་གང་ཡང་མེད་པ་དང། རང་ཅག་རྣམས་གཞན་ཡུལ་དུ་གནས་ཡོད་ཀྱང་རང་དབང་ཡོད། འོན་ཀྱང་ཤིང་བཟང་པགས་པའི་འོག་ཏུ་རུལ་བ་ལྟར་རང་དབང་བེད་མེད་དུ་མ་སོང་བར་དངོས་བྱུང་གི་གནས་ཚུལ་བཤད་མ་ཕོད་པའམ། ཕ་རོལ་པོར་ཕོོག་ཐུག་འགྲོ་དོགས་ཀྱིས་ཁ་རོག་བཞུགས་པ་ཡིན་ཚེ། མ་འོངས་པའི་བོད་གསར་པའི་ལོ་རྒྱུས་ནང་རང་རེའི་མི་རབས་ཀྱི་འགོ་དམངས་ཡོངས་ལ་ནག་ཉེས་ཀྱི་ཆད་པ་ཕོག་ཉེན་ཡོད།།

རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།

Share this:
༢༣༣ ཀློག་གྲངས།