ཀྲང་ཆིང་ལི་གནས་སྤོས་བཏང་འདུག

བོད་ལྗོངས་ཆ་ཕྲིན་ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་ད་གནས་ཐོག་གནས་ཚུལ་སྤེལ་བའི་ནང་འཁོད་དོན།   སྤྱི་ཟླ ༨ པའི་ཚེས ༢༥ ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་འདུ་འཚོགས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་བློ་མཐུན་གཙོ་བོའི་གོ་གནས་ལེགས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང༌། ཁྲེན་ཆོན་གོ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན། རྒྱུན་ལས་ཨུ་ཡོན། ཧྲུའུ་ཅིའི་འགན་བཞེས་རྒྱུ་དང་། ཀྲང་ཆིང་ལི་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི། རྒྱུན་ལས་ཨུ་ཡོན། ཨུ་ཡོན་གྱི་འགན་བཞེས་མཚམས་བཞག་ནས་བཀོད་སྒྲིག་གཞན་དག་བྱས་ཡོད་པ་རེད།

ཀྲུང་དབྱང་གི་བཀའ་མངག་ལྟར་ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཅིས་ནན་གྱིས་ཀྲུང་དབྱང་གི་གཏན་འབེབས་ཁྱབ་བསྒྲགས་གནང་བ་མ་ཟད་གལ་ཆེའི་གསུངས་བཤད་ཀྱང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀྲང་ཆིང་ལི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་ཀྱང་གནང་བ་དང༌། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་གསུངས་བཤད་གནང་བ་རེད།

འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་བྱམས་པ་ཕུན་ཚོགས། པད་མ་འཕྲིན་ལས། ཧའོ་ཕུང༌། ཡང་ཅིན་ཧྲན། ལའང་ཡུའོ་ལེང༌། པ་སངས་དོན་གྲུབ། ཝུའུ་དབྱིང་ཅེ། ཚུས་ཡུས་དབྱིང༌། བློ་བཟང་རྒྱལ་མཚན། ཅིན་ཧྲུའུ་པོའོ། དབྱིན་ཏེ་མིང༌། མགོན་པོ་བཀྲ་ཤིས། ཆིན་དབྱིས་ཀྲི། ཆེ་དགྲ་ལྷ་བཅས་དང་ལྗོངས་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་པ་སངས་ཚོགས་འདུར་ཕེབས་ཡོད་པ་རེད།

ཀྲང་ཅིས་ནན་གྱིས་གསུངས་བཤད་གནང་སྐབས་བློ་མཐུན་ཀྲང་ཆིང་ལི་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གནང་ནས་ལོ་ལྔ་ལྷག་ཙམ་སོང་རིང་ནི་བོད་ལྗོངས་གོང་འཕེལ་འགྲོ་བའི་འགག་རྩའི་དུས་མཚམས་ཤིག་རེད། བློ་མཐུན་ཀྲང་ཆིང་ལི་ཡིས་ཚང་མ་དང་ལྷན་དུ་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཀའ་སློབ་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་ཅིག་ཏུ་གནང་བ་དང༌། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་གནང་བ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་ནན་པོ་གནང་བ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་བཅས་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་བསྲིང་དང་མགྱོགས་མྱུར་གོང་འཕེལ་བྱུང་ནས་ལས་དོན་ཁག་ལ་སྔར་ཡོད་རྨང་གཞིའི་ཐོག་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། བློ་མཐུན་ཀྲང་ཆིང་ལི་ཡིས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་སྲུང་སྐྱོང་ཐད་ཐུགས་ནུས་ཆེན་པོ་བཏོན་གནང་ནས་ཕྱག་ལས་དོ་ནན་དང་བརྩོན་སེམས་ལྷོད་མེད་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ལྡན་ལ་སྙིང་སྟོབས་ཆེར་སྐྱེས་ཀྱིས་ཕྱག་ལས་གནང་གི་ཡོད། ཀྲུང་དབྱང་ནས་ཀྱང་བློ་མཐུན་ཀྲང་ཆིང་ལི་ཡི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད་ཅེས་གསུངས་པ་རེད།

ཀྲང་ཅིས་ནན་གྱིས་གསུང་བཤད་གནང་སྐབས་བློ་མཐུན་ཁྲེན་ཆོན་གོ་ལས་གནས་མང་པོའི་ཐོག་ཕྱག་ལས་གནང་མྱོང་ཡོད་པ་དང་གཞི་རིམ་ནས་འགོ་བཙུགས་ཏེ་ཕྱག་ལས་གནང་མྱོང་བས་འགོ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་ལ་ཏང་དོན་དང་དཔལ་འབྱོར་ལས་དོན་ཐད་རྒྱུས་མངའ་ཆེན་པོ་ཡོད་པ་མ་ཟད་སྤྱི་ཡོངས་ལ་བཀོད་འདོམས་བྱེད་པའི་ནུས་པ་ཆེན་པོ་ལྡན་ཡོད་པས་ཀྲུང་དབྱང་ནས་བློ་མཐུན་ཁྲེན་ཆོན་གོ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་ན་འཚམས་པོ་ཡོད་པའི་ངོས་འཛིན་གནང་ཡོད། བློ་མཐུན་ཁྲེན་ཆོན་གོ་ནི་ཧོ་ནན་བིང་ཡུལ་ནས་ཡིན་པ་དང་སྤྱི་ལོ ༡༩༥༥ ལོའི་ཟླ་བ ༡༡པར་འཁྲུངས་ཤིང་དམག་མི་གནང་མྱོང་ཡོད་ལ་བཟོ་པ་ཡང་གནང་མྱོང་ཡོད། སློབ་གྲྭ་ཆེ་མོ་ཐོན་རྗེས་ཀུང་ཧྲེའི་ནང་ཕྱག་ལས་གནང་བར་ཕེབས་པ་དང་། སྔ་རྗེས་སུ་གྲོང་ཁྱེར་དང་རྫོང་གི་ཏང་སྲིད་དབུ་འཁྲིད་རྒན་པའི་ལས་འགན་བཞེས་མྱོང་ཡོད་པ་མ་ཟད་ཧོ་ནན་ཞིང་ཆེན་གྱི་དབུ་འཛིན་གཞོན་པ་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧོ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་དབུ་འཛིན་གཞོན་པ། ཞིང་ཆེན་གྱི་ལས་ཚབ་དབུ་འཛིན། ཞིང་ཆེན་གྱི་དབུ་འཛིན་བཅས་ཀྱི་ལས་འགན་བཞེས་མྱོང་ཡོད། དེས་མ་ཚད་སྐབས་བཅུ་བདུན་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན་ཡང་རེད་ཅེས་གསུངས་པ་རེད།

ཀྲང་ཅིས་ནན་གྱིས་ད་རེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་འཁྲིད་གཙོ་བོ་ལེགས་སྒྲིག་བྱེད་པ་ནི་ཀྲུང་དབྱང་གིས་སྤྱི་ཡོངས་ལ་བསམ་གཞིགས་གནང་བ་དང་། ལས་ཀའི་དགོས་མཁོ་དང་ལས་བྱེད་པ་བརྗེས་རེས་ཀྱི་དགོངས་དོན། བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་ཚན་ཁག་འཛུགས་སྐྱོང་གི་དོན་དངོས་བཅས་ལ་གཞིགས་ནས་ཕྱོགས་ཡོངས་ལ་བསམ་གཞིགས་དང་ཞིབ་འཇུག་ནན་ཏན་བྱས་རྗེས་གཏན་འཁེལ་གནང་བ་ཞིག་ཡིན་པས། རིམ་ཁག་འགོ་འཁྲིད་ལས་བྱེད་པས་རང་འགུལ་ངང་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་འགྱུར་ཡོང་བ་བྱས་ནས་སྣེ་འཁྲིད་དེ་ཆབ་སྲིད་ལ་སྣང་ཆེན་དང་ཁྱོན་ཡོངས་ལ་བལྟ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་ལྗོངས་ཏང་ཨུད་ཀྱི་འགོ་འཁྲིད་གཙོ་བོས་ཕྱག་ལས་རྩིས་སྤྲོད་རྩིས་ལེན་བདེ་བླགས་ཡོང་བ་དང་ལས་དོན་བརྟན་པོའི་ངང་བར་བརྒལ་ཡོང་བ་བྱ་རྒྱུ་འགན་སྲུང་བྱས་ནས་བོད་ཀྱི་མཐུན་སྒྲིལ་དང་གཞི་མཐུན། བརྟན་ལྷིང་བཅས་སྤྱི་ཡོངས་སྲུང་སྐྱོང་བྱེད་པ་དང༌། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡག་པོ་ཡོང་བ་བྱས་ཏེ་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་རྒྱལ་ཡོངས་མི་དམངས་བློ་མོས་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཀྲང་ཆིང་ལི་ཡིས་གསུང་བཤད་གནང་སྐབས་ཀྲུང་དབྱང་གི་གཏན་འབེབ་ལ་བརྩི་བཀུར་ཐ་གཅིག་ཏུ་ཞུ་རྒྱུ་དང་ཀྲུང་དབྱང་གིས་ཡིད་ཆེས་དང་མངག་བཅོལ་ཟབ་མོ་གནང་བར་སྙིང་དབུས་ནས་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་སྦྲགས་བློ་མཐུན་ཁྲེན་ཆོན་གོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅིར་བསྐོ་བཞག་གནང་བར་སྙིང་དབུས་ནས་བཀྲིས་བདེ་ལེགས་ཀྱང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས། ཉེ་བའི་ལོ་དྲུག་གི་ཚུན་དུ་ང་ཚོས་ཧ་ཅང་དཀའ་ཚེགས་ཆེ་བ་དང་སྤྱིར་བཏང་མ་ཡིན་པའི་ཚོད་བགམ་ཐེག་ཡོད་པ་དང་སྙིང་རུས་ཆེན་པོས་འབད་བརྩོན་དང་མཐུན་སྒྲིལ་འབད་འཐབ་བྱས་པས་བོད་ལྗོངས་འདི་ཉིད་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་རྒྱུར་སྐུལ་མ་བཏང་ཐུབ་ཡོད། ད་ཆའི་གསོན་ཉམས་ལྡན་པའི་གངས་ལྗོངས་ས་མཐོ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆོད་སེམས་ཆེན་པོ་དང་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་གོང་འཕེལ་དང་སྤྱི་ཚོགས་དུས་བབ་རྒྱུན་བསྲིངས་བརྟན་ལྷིང༌། མི་རིགས་མཐུན་སྒྲིལ་རྒྱུན་ཆད་མེད་པར་སྲ་བརྟན་གོང་འཕེལ། མི་དམངས་ཀྱི་འཚོ་བར་ལེགས་བཅོས་མངོན་གསལ་དོད་པོ་བྱུང་བ། ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་བཅས་མཐོང་དུས་བོད་ནས་བྲལ་མི་ཕོད་པའི་བསམ་པ་སྐྱེས་བྱུང་ལ་དགའ་ཚོར་ཡང་ཧ་ཅང་ཆེན་པོ་སྐྱེ་གི་འདུག ངས་བརྗེད་པར་དཀའ་བ་ཞིག་ལ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོའི་ལས་གནས་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཆེད་དུ་དགོས་ངེས་ཀྱི་ལས་དོན་སྒྲུབ་རྒྱུ་བྱུང་བར་དགའ་པོ་བྱུང་བ་ལ། བོད་ལྗོངས་མཆོང་སྐྱོད་ལྟ་བུའི་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ནང་དགོས་ངེས་ཀྱི་རྨང་གཞི་འདིང་རྒྱུ་བྱུང་བར་དགའ་འཚོར་ཆེན་པོ་སྐྱེས་བྱུང་། བོད་དུ་དམིགས་བསལ་གྱི་སྦྱོང་རྡར་དང་ཚོད་བགམ་ཐེབས་པར་སྤོབས་སེམས་ཀྱང་སྐྱེ་ཀྱི་འདུག་དེ་དག་ནི་ངའི་མེ་ཚེ་གཅིག་རིང་ཕན་པ་ཐོབ་པའི་རྩ་ཆེན་རྒྱུ་ནོར་ཞིག་རེད། ངས་བརྗེད་པར་དཀའ་བ་ཞིག་ནི་བོད་ཀྱི་རི་ཀླུང་དང་བོད་ཀྱི་ལས་བྱེད་པ། བོད་ཀྱི་མི་རིགས་ཁག་གི་མི་དམངས། བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཚོས་ལྷག་བསམ་ཟོལ་མེད་དང་རང་ཉིད་གཏིང་རྗེད་ཀྱིས་ལས་དོན་སྒྲུབ་པ་དང་། ལྷག་པར་དུ་བླ་ན་མེད་པའི་སྤྱོད་ཚུལ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙོང་སྟོབས་ཡིན། དེ་དག་ངས་ཚེ་གང་རིང་བརྗེས་མི་སྲིད་ལ་སླད་ཕྱིན་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགུལ་ཤུགས་ཞིག་ཀྱང་རེད་ཅེས་གསུངས་པ་རེད་ཅེས་བོད་ལྗོངས་ཆ་ཕྲིན་དྲ་གནས་ཞེས་པའི་ཐོག་གནས་ཚུལ་སྤེལ་འདུག

Share this:
༡༣༡ ཀློག་གྲངས།