རྒྱ་ནག་གིས་དྲ་རྒྱ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།

ཕྱི་ཟླ་༨ ཚེས་༢༩ ཉིན་རྒྱ་ནག་མི་དམངས་ཆེས་མཐོ་ཁྲིམས་ཁང་དང་སྲིད་གཞུང་གི་ཁྲིམས་གཏུགས་ལས་ཁང་གཉིས་ཀྱིས་དྲ་རྒྱ་ནང་གསང་འཛུལ་བྱེད་པ་དང་ཁྲིམས་འགལ་བྱེད་པ་འགོག་པའི་ཆེད་དུ་སྒྲིག་ཁྲིམས་ཤིག་བཏོན་ཡོད་པ་དང།   དེའི་ནང་དོན་དུ་བརྗོད་དོན།  ཉེ་ཆར་ནས་རྒྱལ་ནང་དུ་ཁྲིམས་འགལ་གི་གློག་ཀླད་གནས་བསྡུས་རེའུ་མིག་ཉོ་ཚོང་བྱེད་པ་དེ་ཇེ་མང་དུ་ཕྱིན་པར་བརྟེན།    ད་ནས་མི་སུ་འདྲ་ཞིག་གིས་ཁྲིམས་འགལ་གི་གློག་ཀླད་ནང་གནས་བསྡུས་རེའུ་མིག་གམ་ཡང་ན་དྲ་བའི་དངོས་ཆས་ཉོ་བའམ་བཙོང་བ་བྱེད་པ་ཡིན་ན།   ཉེས་ཆད་ཕོག་རྒྱུ་ཡིན་པ་རེད་ཅེས་ཡོངས་ཁྱབ་དུ་གསལ་བསྒྲགས་སྤེལ་ཡོད་པ་རེད།

དེར་སྲིད་གཞུང་དང་ལྟ་བ་མི་མཐུན་མཁན་ཚོས་བརྗོད་པར་གཞིགས་ན།    དེས་ཁྲིམས་འགལ་གི་བྱེད་ལས་རྣམས་འགོག་མི་ཐུབ་པ་དང་དགོས་མེད་ཀྱི་ལས་དོན་ཞིག་ཡིན་པ་དང།    དམིགས་དོན་གཙོ་བོ་དྲ་ལམ་དུ་སྲིད་གཞུང་དང་ལྟ་བ་མི་མཐུན་པའི་བསམ་ཚུལ་འགོག་ཆེད་ཡིན་པ་རེད་ཅེས་བཤད་ཀྱི་ཡོད་པ་རེད།

ཁ་སྔོན་རྒྱ་གར་ནང་ལྐོག་ཟ་རུལ་སུངས་འགོག་པའི་ལས་འགུལ་སྤེལ་བའི་རིང་རྒྱ་ནག་ནང་དེ་བཞིན་བྱ་དགོས་པ་དྲ་ལམ་དུ་མི་མང་གི་བསམ་ཚུལ་ཤུགས་ཆེ་བྱུང་བ་དང།   སྲིད་གཞུང་གིས་ཊུ་ཝིཊ་ཊར་ (Twitter) དང་མཚུངས་པ་རྒྱ་ནག་གི་སི་ན་ཝེའུ་བཱོ་ (Sina Weibo) ཞེས་པའི་གླེང་རྟགས་སྒོ་བརྒྱབ་ཡོད་པ་རེད།   རྒྱ་ནག་ནང་དྲ་ལམ་ཐོག་བསམ་ཚུལ་སྤེལ་མཁན་སྐད་གྲགས་ཆེ་བ་སྐུ་ཞབས་ཝེན་ཡུན་ཅའོ་ཡིས་བརྗོད་དོན་དུ།   ཉེ་ཆར་སྲིད་གཞུང་གིས་ངོ་སྤྲོད་ཁ་གསལ་མེད་པའི་མི་རྣམས་ཀྱིས་བསམ་ཚུལ་སྤེལ་མི་ཐུབ་པ་བཟོས་ཏེ།   མི་སྣ་ངོ་མའི་ངོ་སྤྲོད་འགོད་འགྲེམས་བྱ་དགོས་པའི་ལུགས་སྲོལ་གསར་པ་ཞིག་བཟོས་ཡོད་པ་རེད།   ཡིན་ནའང་“རྒྱ་ཟུར་ ༥༠ ཤོག་ཁ་” (50 cent party) ཞེས་པ་སྟེ་དྲ་རྒྱའི་ཐོག་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་སྤྱོད་མཐུན་པའི་བསམ་ཚུལ་སྤེལ་མཁན་ལས་བཀོལ་དུ་བཞག་པའི་སྒེར་མི་རྣམས་ལ་དེ་ལྟར་གྱི་དམ་སྒྲགས་མེད་པ་རེད།   ཁོ་ཚོའི་བསྟི་གནས་ ༥༠ ཙམ་ཡོད་པ་རྣམས་ལ་དམིགས་གསལ་གྱི་མཐུན་རྐྱེན་ཡོད་པ་དང།    བསམ་ཚུལ་སྤེལ་བྱེད་དུ་རང་གི་བརྒྱུད་ལམ་ཁག་ལོགས་སུ་ཡོད་པ་རེད་ཅེས་བཤད་ཡོད་པ་རེད།།

Share this:
༤༡ ཀློག་གྲངས།