བོད་ཀྱི་གནད་དོན་དེ་སྒྱུ་རྩལ་གྱི་ལམ་ནས་གླེང་སློང་བྱེད་པ།

འབྲེལ་ཡོད་ཀྱིས་འདི་ག་གསར་ཁང་དུ་གནས་ཚུལ་ཆེད་གཏོང་བྱས་པའི་ནང་འཁོད་དོན། “བོད་ཀྱི་དུས་སྟོན་གཟའ་འཁོར་”འཇར་མེ་ནི་ཡི་གྲོང་བརྡལ་རྦམ་ཤེ་རྡལ་རྡ་རུ་ཕྱི་ཟླ་༨ ཚེས་༢༧ ཉིན་བོད་ཀྱི་དེང་དུས་སྒྱུ་རྩལ་གཙོ་བོར་བྱས་པའི་རིག་གནས་འགྲེམས་སྟོན་ཞིག་འགོ་འཛུགས་བྱས་པ་དང་། འགྲེམས་སྟོན་དེའི་ཐོག་༧གོང་ས་མཆོག་གིས་དམིགས་བསལ་གསུང་འཕྲིན་ཞིག་གནང་བའི་ནང་༼རི་མོའི་སྒྱུ་རྩལ་གྱི་སྙན་སྦྱོར་ལ་བརྟེན་ནས་བོད་ཀྱི་ཤེས་རིག་བཀྲམ་པ་དང་། སྟོན་པའི་ཐབས་ཤེས་དེ་ནི་ནུས་པ་དང་ལྡན་ལ་གསར་གཏོད་རང་བཞིན་གྱི་གོ་རྟོགས་སྤེལ་བའི་ལམ་ཞིག་ཡིན། དེ་ནི་སྐད་ཡིག་ལ་བརྟེན་མི་དགོས་པ་དང་། ཤེས་རིག་གི་ས་མཚམས་མི་དགོས་པར་གནད་དོན་ཞིག་གླེང་སློང་ཐུབ་པའི་ལམ་ཞིག་ཀྱང་རེད།༽ཅེས་འཁོད་འདུག

01_tibetད་རེས་འགྲེམས་སྟོན་འདིར་མཉམ་ཞུགས་གནང་མཁན་སྒྱུ་རྩལ་པ་གསུམ་ཡོད་པ་ལས་ཁོང་རྣམས་ནི་རྦོ་རོན་བསོད་ནམས་སྒྲོལ་མ་དང་། བློ་བཟང་རྒྱ་མཚོ། འདུས་བྱུང་ཕུན་ཚོགས་ཚེ་རིང་བཅས་རེད། བསོད་ནམས་སྒྲོལ་མ་ལགས་ཀྱིས་༼ངའི་ཕ་ཡུལ་གྱི་འདས་གྲོངས།༽ཞེས་པ་ཞིག་བཞེངས་ཡོད་པ་དང། དེ་བཞིན་དོན་སྤྱི་བའི་“Abstract”ཐབས་རྩལ་ལ་བརྟེན་ནས་བཞེངས་པའི་བརྩམས་ཆོས་ཁག་གཅིག་འགྲེམས་སྟོན་གནང་ཡོད། ཁོང་མོའི་སྒྱུ་རྩལ་གྱི་ནང་དོན་ལས་ནང་གི་འཆར་སྣང་དུ་མ་ཕྱི་རི་མོའི་གཟུགས་སུ་མངོན་པར་བྱེད་པ་དང་། ནང་པ་སངས་རྒྱས་ཀྱི་གཏན་ཚིགས་དང་། ཚད་མའི་གཞུང་ལ་རྒྱབ་བརྟེན་བཅོལ་བའི་མཚུངས་སུ་སྤྱི་ཚོགས་ནང་འདྲ་མཉམ་མ་ཡིན་པའི་གནད་དོན་དང་གནས་ཚུལ་འབྱུང་བ་དག་བརྗོད་གཞི་བྱས་ནས་གླེང་སློང་གནང་གི་ཡོད་པ་ཞིག་རེད། དཔེར་ན་ད་རེས་ཀྱི་འགྲེམས་སྟོན་ནང་གི་ཁོང་གི་བརྩམས་ཆོས་གྲས་སུ། ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་རྒྱ་ནག་གི་རྩོམ་པ་པོ་ལེའུ་ཞོའོ་པོ་དང་ཀ་རོའི་(Kairo)ནང་བྱུང་བའི་གནད་དོན་ལས་ཁོང་མོར་གཡོ་འགུལ་ཐེབས་ཚུལ་དག་གཟིགས་མོ་བའི་སྤྱན་ལམ་དུ་བསྟར་འདུག

ཐར་ཆགས་བརྩམས་ཆོས་ལ་མཚོན་ན། སྒྱུ་རྩལ་པ་རང་ཉིད་ཀྱི་མི་ཚེ་དང་ཉམས་མྱོང་རྣམས་ཐད་ཀར་སྒྱུ་རྩལ་ཐོག་ནས་གླེང་སློང་ཟབ་མོ་གནང་བཞིན་འདུག དཔེར་ན།༼ངའི་ཕ་དམ་པའི་འདས་གྲོངས།༽ལྟ་བུ་ལས་ཁོང་གི་ཕ་དམ་པ་གྲོངས་པའི་བརྒྱུད་རིམ་ཁག་མངོན་པར་བྱས་འདུག བརྩམས་ཆོས་དེ་ནི་དགེ་འདུན་པའི་ན་བཟའ་དུམ་བུ་༤༩ རུ་བྱས་པ་དང་ཚ་ཚ་རྐང་༩ ཡིས་བཞེངས་གྲུབ་བྱུང་པ་ཞིག་རེད་འདུག བརྩམས་ཆོས་དེ་ཡིས་སྒྱུ་རྩལ་པ་ཁོང་མོས་རང་ཉིད་ཀྱི་ཕ་དམ་པར་བཅངས་པའི་དུང་ཞེན་དང་བརྩེ་བ། སྲི་ཞུའི་འདུ་ཤེས་དང་མྱ་ངན་བཅས་མཚོན་ཐབས་བྱས་པ་དེ་མཐོང་ཐུབ།

དེ་བཞིན་བློ་བཟང་རྒྱ་མཚོ་ལགས་ཀྱི་གྲགས་ཅན་བརྩམས་ཆོས་༼བོད་ནས་བྱུང་བའི་རྟགས་མཚན༽འགྲེམས་སྟོན་གནང་ཡོད་པ་དང་། བརྩམས་ཆོས་དེ་མཉམ་དུ་བོད་ནང་ས་བྱི་ལོའི་ཞི་རྒོལ་སྐབས་ཇོ་ཁང་དང་བླ་བྲང་དགོན་ནས་དགེ་འདུན་པས། རྒྱལ་སྤྱིའི་གསར་འགོད་པའི་པར་ཆས་མདུན་བདེ་སྡུག་སྨྲས་པ་དེ་བརྙན་ཕབ་ལས་གཟིགས་མོ་བ་རྣམས་ཀྱིས་སྤྱན་ལམ་དུ་བསྟར་འབུལ་ཞུས་སོང་། བློ་བཟང་རྒྱ་མཚོ་མཆོག་གི་བརྩམས་ཆོས་དེ་ལས་རྣམ་ཀུན་སྒྱུ་རྩལ་པ་ཁོང་གིས་རང་ཉིད་དང་། བོད་མི་རིགས་འདིའི་ལས་དབང་ལ་དམིགས་པའི་བརྗོད་གཞི་མང་པོ་བརྩམས་ཆོས་ནང་གླེང་སློང་གནང་འདུག

༼སྨོན་ལམ་ཁང་།༽ཞེས་པའི་བརྩམས་ཆོས་དེ་ནི་འདུས་བྱུང་ཕུན་ཚོགས་ཚེ་རིང་གིས་ཐར་ཆགས་སུ་སྒྲིག་གཤོམ་གྱིས་བཞེངས་པ་ཞིག་ཡིན་ལ། ཁང་པའི་དབུས་སུ་བཞུགས་ཁྲི་སྟོང་པ་ཞིག་མཇལ་རྒྱུ་ཡོད་པ་དང་། དེ་བཞིན་གཟིགས་མོ་རྣམས་ཀྱིས་སོ་སོའི་སྨོན་འདུན་དང་རེ་སྨོན་རྣམས་བོད་ཀྱི་ཡིག་གཟུགས་ཐོག་འབྲི་རུ་བཅུག་ནས་བཞུགས་ཁྲི་གཡས་གཡོན་དུ་བཀལ་ཆོག བཞུགས་ཁྲི་སྟོང་པ་དེ་ལས་བོད་མི་རྣམས་ཀྱི་དུས་རྟག་ཏུ་བོད་མི་ཚོའི་འདི་ཕྱི་གཉིས་ཀྱི་༧སྐྱབས་གནས་༧རྒྱལ་བ་རིན་པོ་ཆེ་བོད་ནང་ཕྱིར་ཕེབས་གནང་རྒྱུར་རེ་སྒུག་ཞུས་པ་དེ་མཚོན་པ་དང་། དར་ཅོག་གི་ངོ་བོའི་སྟེང་གཟིགས་མོ་བ་རྣམས་ཀྱིས་བོད་ཀྱི་ལས་དབང་ལ་བཅངས་པའི་འདུ་ཤེས་དང་རང་ཉིད་སྒེར་སོ་སོའི་འདོད་དོན་མཚོན་པའི་སྨོན་ཚིག་ཡང་འབྲི་རུ་བཅུག་ཆོག་པ་བཅས་གཟིགས་ཐུབ་ཀྱི་འདུག

tenzin.d.sewo and mayorབོད་ཀྱི་ཤེས་རིག་ལ་རྒྱུས་མངའ་ཟབ་པ་དང་། བོད་ཀྱི་རིག་གནས་དང་འབྲེལ་བའི་རྩོམ་ཡིག་དང་། ལྷག་པར་དུ་བོད་ཀྱི་སྲོལ་རྒྱུན་དང་། དེང་དུས་ཀྱི་སྒྱུ་རྩལ་སྐོར་ལ་དཔྱད་རྩོམ་མང་དུ་སྤེལ་མྱོང་མཁན་མར་ཏིན་རྦོ་རོན་(Martin Brauen)ལགས་ཀྱིིས་གསུང་བཤད་གནང་སོང་།
ཁོང་གི་གསུང་བཤད་དེའི་ནང་། ད་རེས་འགྲེམས་སྟོན་ནང་མཉམ་ཞུགས་གནང་མཁན་སྒྱུ་རྩལ་པ་སོ་སོར་ཐུན་མོང་གི་ཁྱད་ཆོས་ཡོད་ལ་ཆ་མཚུངས་པ་དུ་མའང་ཡོད་པ་འབྲེལ་བཤད་གནང་བ་དང་། ཁོང་གིས་“དཔེར་ན་སྒྱུ་རྩལ་བ་ཁོང་ཚོ་གསུམ་ཀ་བོད་དུ་འཁྲུངས་པ་དང་། ཆུང་དུས་ནས་ནུབ་ཕྱོགས་སུ་ཕེབས་ཡོད། གཉའ་གནོན་བྱུང་བའི་ཉམས་མྱོང་དང་། བཅོམ་བརླག་བྱུང་བའི་སེམས་ཚོར། ལེགས་བྱང་ལ་དད་པའི་འདུ་ཤེས་འཛིན་སྟངས། དེ་བས་བོད་ཀྱི་གནད་དོན་དེ་སྒྱུ་རྩལ་གྱི་ལམ་ནས་གླེང་སློང་བྱེད་པ་རྣམས་ནི་ཁོང་ཚོ་གསུམ་ཀའི་གཅིག་མཐུན་གླེང་སྟངས་ཤིག་རེད་”ཅེས་དང་། ད་དུང་ཁོང་གིས་“འགྲེམས་སྟོན་དེས་རང་ཉིད་ཀྱི་རེ་སྨོན་དང་དྲན་ཐོ་མངོན་པར་བྱེད་པ་། རེ་སྨོན་ནི་རེ་སྒུག་ཡིན་ལ་། རེ་སྒུག་ནི་དྲན་ཐོ་ལ་གཞི་བཞག་པ་ལས་བྱུང་བ་རེད། 
ཕ་ཡུལ་དང་འབྲལ་དགོས་བྱུང་བའི་དྲན་སྣང་དང་། རྩ་ཆེའི་རིག་གནས། ལེགས་བྱང་རྩ་བརླག་ཏུ་འགྲོ་ལ་ཉེ་བའི་ཛ་དྲག ཡང་དགོས་ཕ་ཡུལ་དུ་དྲང་བདེན་མིན་པའི་གནས་སྟངས་སོགས་རྩ་བར་བཟུང་འདུག་”ཅེས་གསུངས་སོང་།

བོད་ཀྱི་ཤེས་རིག་དང་། ལས་དབང་ལ་དོ་སྣང་ཅན་གྱི་གཟིགས་མོ་བ་བརྒྱ་ལྷག་འདུ་འཛོམས་གནང་ཡོད་པ་དང་། ཁོང་རྣམས་པས་རྗར་མན་བོད་རིགས་ཚོགས་པས་འཁྲབ་སྟོན་གནང་བའི་ཞབས་བྲོ་དང་། འབྲོང་རྩེད་འཁྲབ་སྟོན་ལ་གཟིགས་པ་དང་། བསྔག་བརྗོད་ཀྱང་ཆེན་པོ་གནང་སོང་།

༼ངོ་མཚར་དང་དགའ་སྤོབས་མཉམ་སྐྱེས་བྱེད་དགོས་པའི་གཏམ་བཟང་ཞིག་ནི། ད་རེས་བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོའི་གྲོང་རྡལ་དེར་གསུང་འཕྲིན་བསྩལ་བ་དང་། བོད་ཀྱི་དོན་གཅོད་ཁང་ནས་དམིགས་བསལ་སྐུ་ཚབ་ཆེད་ཕེབས་གནང་བ་དེ་རེད་ལ་དེ་བས་བོད་ཀྱི་དུས་སྟོན་གྱི་སྒྱུ་རྩལ་འགྲེམས་སྟོན་འདི་ལ་མཉམ་ཞུགས་གནང་བའི་སྒྱུ་རྩལ་པ་ཚོས་རྩ་ཆེའི་ཤེས་རིག་དེ་འགྲེམས་སྟོན་གནང་བ་དེ་རེད། ང་ཚོ་གྲོང་རྡལ་དང་། གྲོང་མི་ཚོས་བོད་ཀྱི་དུས་སྟོན་གྱི་དུས་ཡུན་རིང་རྩ་ཆེའི་བོད་ཀྱི་ཤེས་རིག་དེ་མིག་གི་ལོངས་སུ་སྤྱོད་རྒྱུ་བྱུང་བར་ཐུགས་རྗེ་ཆེ་ཞུ། རང་དབང་བྲལ་བའི་བོད་མི་ཚོར་ང་ཚོ་གྲོང་རྡལ་ནས་དུས་རྟག་ཏུ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།༽ཞེས་གྲོང་རྡལ་གྱི་འགོ་ཁྲིད་ཀྱིས་གསུངས་སོང་།

ཆེད་ཕེབས་སྐུ་ཚབ་སེ་ཝོ་བསྟན་འཛིན་ལགས་ཀྱིས་གསུངས་དོན། ༼ད་རེས་ཀྱི་འགྲེམས་སྟོན་དེ་དང་། འདི་དང་འབྲེལ་ཡོད་ཀྱི་བྱེད་སྒོ་ཁག་ལས་འཛམ་གླིང་གི་གཅེས་ནོར་གྱི་ཆ་ཤས་སུ་གཏོགས་པའི་བོད་ཀྱི་ཆོས་དང་། ལེགས་བྱང་། བོད་མི་རིགས་བཅས། ད་ཆ་ཛ་དྲག་གི་གནས་སུ་ལྷུང་ཡོད་པ་དེ་འཛམ་གླིང་གི་སྐྱེ་བོ་གཞན་གྱིས་ཤེས་རྟོགས་བྱུང་ཐུབ་ཐབས་ལ། འབོད་སྐུལ་ཡོང་བའི་དྲན་བརྡ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། བྱེད་སྒོ་གོ་སྒྲིག་གནང་མཁན་དང་། སྒྱུ་རྩལ་པ་རྣམ་པས་བོད་ཅེས་པའི་བརྗོད་གཞི་འདི་གྲོང་རྡལ་འདི་ལ་གླེང་སློང་གནང་བ་དེས་སྐྱེ་བོ་ཀུན་གྱིས་ཐུགས་སྣང་དང་། ང་ཚོར་རོགས་རམ་གནང་ཐབས་ཀྱི་ཁོར་ཡུག་ཅིག་བཟོས་པ་རེད། རོགས་རམ་དེ་ལྟ་བུ་ནི་ང་ཚོའི་གནས་སྟངས་གཉན་འཕྲང་ཅན་འདིའི་སྐབས་མེད་དུ་མི་རུང་བ་ཞིག་ཡིན་པས། ངས་བྱེད་སྒོ་གཉེར་མཁན་དང་སྒྱུ་རྩལ་པ་རྣམས་ལ་ཁ་ཞེ་གཉིས་མེད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

འགྲེམས་སྟོན་དེ་ནི་ཕྱི་ཟླ་བཅུ་པའི་ཚེས་དགུ་བར་གཉེར་རྒྱུ་ཡིན་འདུག་ལ། འགྲེམས་སྟོན་འདི་ལ་འཇར་མན་སྐད་དང་། བོད་སྐད་ཤན་སྦྱར་གྱི་དཀར་ཆགས་ཤིག་ཀྱང་བཟོས་འདུག
ད་རེས་བྱེད་སྒོ་འདི་ནི་གཉེར་མཁན་གཙོ་བོ་འཇལ་མེ་ནིའི་གྲོང་རྡལ་རྦམ་ཤེ་རྡ་རྡར་དང་། གསུམ་པ་འགྲེམས་སྟོན་ཁང་། རྗར་མེ་ནི་བོད་ཀྱི་ཁང་པ་བཅས་རེད་འདུག

{jcomments on}

Share this:
༨༡ ཀློག་གྲངས།