ཤེས་རབ་ཀྱི་མེ་ཕུང་སྒྲོན་མཁན།

རྒྱུ་མཚན་ཡང་དགེ་རྒན་དང་སློབ་དཔོན་ནི་ཤེས་རབ་ཀྱི་སྒྲོན་མེ་དང་། མུན་སེལ་གྱི་ཟླ་བ། མ་རིག་གི་རྨོངས་སེལ། ཡང་དག་གི་ལམ་སྟོན། དོན་གཉིས་སྒྲུབ་པའི་གྲོགས་མཆོག་བླ་ན་མེད་པ་ཞིག་རེད། སྲུང་བརྩི་བྱེད་སྟངས་སྣ་ཚོགས་ཤིག་མཆིས་མོད་ངས་ནི་རང་གི་ཤེས་ཚོད་ཀྱི་ཆེ་བསྟོད་དང་མཛད་རྗེས་ཕྱིར་དྲན་གྱིས་སྲུང་བརྩི་འདི་ལྟར་བྱེད་འདོད་བྱུང་། ངས་ཆེས་ཐོག་མར་ཀ་ཁ་སུམ་ཅུའི་གདངས་དབྱངས་གྱེར་འདོན་མི་ཤེ་པའི་དུས་སུ་དགེ་རྒན་གྱིས་ང་ལ་ཀ་ཁ་ག་ངའི་ཀློག་སྟངས་བསླབས་ཤིང་ཞི་འཇམ་དང་བྱམས་སེམས་ཀྱིས་ཀ་མད་སུམ་ཅུའི་གདངས་ཀློག་དང་གཟུགས་རིས་བདག་གི་སེམས་ཁོང་དུ་བྲིས། དེ་ནི་བདག་ལ་ཤེས་ཡོན་སློབ་སྟོན་གྱི་ཆེས་ཐོག་མའི་དགེ་རྒན་གྱི་སློབ་གསོར་བརྩི་འོས་ཤིང་འཇིག་རྟེན་གྱི་ཆེས་ཐོག་མའི་བདག་གི་ཤེས་ཡོན་སློབ་པའི་དགེ་རྒན་གྱི་སློབ་གསོའི་དབུ་བརྩམས་པ་ཞིག་ཀྱང་རེད། དེ་ནི་གཞན་མ་ཡིན་པར་བདག་གི་བཀའ་དྲིན་ཅན་གྱི་བརྩེ་བའི་སྐྱེད་ཡབ་དམ་པས་བདག་ལ་འཇིག་རྟེན་གྱི་ཆེས་ཐོག་མའི་སློབ་འཁྲིད་ཀྱི་སྒོ་མོ་ཕྱེས་པའི་སྟ་གོན་དང་པོ་དེ་ཡིན།

 

མི་ལོ་ཉུ་ཤུ་ལྷག་འདས་པའི་དེ་རིང་ཁོང་གི་སྐུ་གཟུགས་འཇིག་རྟེན་འདི་ལས་ཕྱིན་ཚར་ཡང་ཁོང་གི་བྱམས་བརྩེའི་སློབ་སྟོན་དང་ཁོང་གིས་བདག་ལ་བསླབ་པའི་ཀ་མད་ཀྱི་སྦྱོར་ཀློག་དང་གདངས་འགྲོས་ནི་བདག་གི་གྲིབ་གཟུགས་བཞིན་དུ་བདག་དང་འགྲོགས་ཤིང་ཡར་རྒྱས་དང་གོང་འཕེལ་ངང་བདག་དང་ལྷན་དུ་གནས་ཏེ་བདག་གི་མི་ཚེ་ལ་འོད་སྣང་སྤྲོ་བཞིན་ཡོད། དེ་ནི་བདག་གི་ཆེས་ཐོག་མའི་དགེ་རྒན་གྱིས་བདག་ལ་གནང་བའི་ཤེས་རབ་ཀྱི་འོད་སྣང་ཡིན་ལ་བདག་དང་བདག་གི་འཚོ་བའི་ལམ་བུར་གཟི་བརྗིད་ཀྱི་བཀྲག་མདངས་འཚེར་བའི་འོད་ཀྱི་འགུལ་སྐྱོད་ཅིག་ཀྱང་ཡིན། དེས་ན་འཇིག་རྟེན་གཞན་དུ་བཞུད་ཟིན་པའི་བདག་གི་ཆེས་ཐོག་མའི་དགེ་རྒན་ཏེ་བདག་གི་བརྩེ་བའི་སྐྱེད་ཡབ་དམ་པ་མཆོག་ལ་བདག་གིས་ཕྱིར་དྲན་དང་བཀའ་དྲིན་རྗེས་དྲན་གྱི་བླ་མེད་མཆོད་སྤྲིན་སྟོང་ཚར་སྙིམ་པས་མཐོ་རུ་འདེགས་བཞིན་བཀའ་དྲིན་ཆེ་ཞུའི་གདུང་འབོད་གདངས་སུ་གྱེར་བཞིན་ཡོད།

 

བདག་གིས་ཀ་མད་སུམ་ཅུའི་སྦྱོར་ཀློག་གི་བྱང་ཆ་ཐོགས་མེད་དུཤེས་ཤིང་འདོན་ཆོས་སྤྱོད་དང་ཆོ་ག་ཕྱག་ལེན་གྱི་གཞི་རིམ་སློབ་གཉེར་ལ་མོས་བརྩོན་གྱིས་འཇུག་བཞིན་དུ་བདག་གི་བརྩེ་བའི་སྐྱེད་ཡབ་དམ་པས་རྔུལ་ཆུས་བསགས་པའི་ལག་དངུལ་གྱིས་ཉོས་པའི་གླིང་གེ་སར་གྱི་སྒྲུང་གཏམ་དག་གིས་བདག་གི་ཡིག་རྩ་ཇེ་ལེགས་སུ་བཏང་ཞིང་དེ་ནས་བདག་ཀྱང་བོད་ཡིག་གི་ཀློག་འདོན་དཀའ་ངལ་མེད་པར་གྱུར།

 

དག་ཡིག་དང་སྡེབ་སྦྱོར། རྩོམ་འབྲི་སོགས་ཀྱི་བྱ་བར་མོས་བརྩོན་ཆེ་བའི་ང་རང་སྤྱི་ལོ་ཉིས་སྟོང་ལོར་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ཞིང་གཞུང་ཆེན་སློབ་གཉེར་གྱི་དཀའ་ཚེགས་ཆེ་བའི་འགྲུལ་བཞུད་དེའི་ཁྲོད་ནས་རང་གི་རྣམ་པར་དཔྱོད་པའི་ཤེས་རབ་ཀྱི་ནུས་སྟོབས་ལ་འཚམ་པའི་བོད་ཡིག་བསྐྱར་སྦྱོང་གི་ལས་གཞིར་ཐོག་མར་ཞུགས། དུས་དེར་བདག་གིས་དོན་ངོ་མར་རང་གི་ཡིག་སྐུར་ཡང་ངོས་གཙང་དག་ཆ་ལྡན་པ་ཞིག་ཀྱང་འབྲི་ཐུབ་ཀྱི་མེད། མཚན་ཉིད་རིག་པའི་སློབ་ཚན་ལ་ཤུགས་བརྩོན་གྱི་སྔ་དགོང་དང་གུང་སེང་གི་ཉིན་མོ་དམ་འཛིན་གྱིས་ལེགས་བཤད་ལྗོན་དབང་ནས་སྙན་ངག་ཚངས་སྲས་བཞད་པའི་སྒྲ་དབྱངས་བར་དུ་སློབ་འཁྲིད་ཀྱི་བཀའ་དྲིན་སྐྱོང་བ་པོ་ནི་བདག་གི་རྒན་དམ་པ་ཐུན་མོང་རིག་གནས་ཀྱི་མཁས་པའི་སྤྱན་ལྡན་དགེ་རྒན་བྱ་གཞུང་ཀླུ་སྒྲུབ་ལགས་ཡིན། ཁོང་གིས་དུས་ཚོད་ནམ་ཡོད་དང་དགེ་ཕྲུག་མང་ཉུང་ལ་མ་བལྟོས་བར་བདག་དང་བདག་ལྟ་བུའི་མོས་བརྩོན་ཅན་གྱི་གྲྭ་རྐྱང་དག་ལ་དུས་ནས་དུས་སུ་རིག་གནས་ཀྱི་སློབ་འཁྲིད་ཆགས་མེད་གནང་ཏེ་རིག་གནས་ཀྱི་རྨང་གཞི་ལེགས་པོ་ཞིག་བཙུག་གནང་གི་མཛད་རྗེས་མཆོག་ཏུ་ལྕི།

 

ད་དུང་ཞོར་ལ་རིག་གནས་སློབ་འཁྲིད་ཀྱི་བཀའ་དྲིན་ཆེ་ཞུ་སའི་དགེ་རྒན་སེར་བྱེས་སློབ་དགེ་རྗེ་དྲུང་བསྟན་འཛིན་དང་། བོད་མི་མང་སྤྱི་འཐུས་རོང་བོ་བློ་བཟང་སྙན་གྲགས། སེར་བྱེས་སློབ་གྲྭའི་ཆེ་དགེ་དགེ་བཤེས་སྐལ་བཟང་ཨེ་ལགས་སོགས་ཀྱིས་ཀྱང་བདག་གི་རྣམ་དཔྱོད་ལ་དཔྱོད་པའི་མེ་དཔུང་གི་སྣང་བ་ཆེན་པོ་ཤུགས་ཀྱིས་སྦར་གནང་ཡོད། འདི་ལྟར་གཞི་རིམ་གྱི་རིག་གནས་རྨང་གཞི་གསར་སྐྲུན་དང་ལྷན་དུ་མཚན་ཉིད་རིག་པའི་དཀའ་གནད་ཀྱི་ཕྱོགས་ལ་ཤེས་རབ་ཀྱི་སྒོ་མོ་ཕྱོགས་པའི་དུས་དེར་མཁས་བཙུན་བཟང་པོའི་དཔལ་མངའ་ཞྭ་སེར་བསྟན་པའི་མཛེས་རྒྱན་དམ་པ་བྱང་རྩེ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དང་།

 

མཁས་པའི་གྲགས་སྙན་གྱི་བ་དན་བླ་ན་མཐོ་བའི་སེར་བྱེས་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག མདོ་རྒྱུད་རྒྱ་མཚོའི་དཔལ་ཡོན་མངའ་བ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག བཙུན་པའི་སྤྱོད་མཆོག་ཀུན་ཏུ་དགེ་ཞིང་མཁས་པའི་རྣམ་དཔྱོད་ཀྱི་མཛེས་པ་བླ་ན་མཐོ་བའི་དགེ་བའི་བཤེས་གཉེན་ཆེན་པོ་སེར་བྱེས་ལྷ་རམས་པ་དགེ་བཤེས་བློ་བཟང་འབྲུག་གྲགས་མཆོག

 

ལུང་རིགས་སྨྲ་བའི་དེད་དཔོན་ཆེན་པོ་སེར་བྱེས་ལྷ་རམས་པ་དགེ་བཤེས་ངག་དབང་སངས་རྒྱས་མཆོག་ལ་སོགས་པའི་བཤེས་གཉེན་ཆེན་པོ་དག་གིས་བདག་ལ་མཚན་ཉིད་རིག་པའི་དཀའ་གནད་དང་། དེའི་ཉམས་ལེན། རིགས་ལམ་གྱི་འགྲོས། གཞུང་དོན་གྱི་གོ་བ་བབ་སྟངས། དོགས་སློང་གི་སྤུ་རིས་འབྱེད་སྟངས་སོགས་མ་འདྲེས་མ་ནོར་བར་མི་ལོ་བཅུ་ཕྲག་རིང་བཀའ་དྲིན་ཆེ་བའི་བྱིན་རླབས་ཀྱིས་བདག་ཡིག་སྐུར་འབྲི་མི་ཐུབ་པའི་གནས་སྟངས་ནས་སྤྱི་ཚོགས་ཁྲོད་ཅུང་གདེང་འཇོག་ཐོབ་པའི་རྩོམ་པ་པོ་ཞིག་ཏུ་གྱུར་བ་དང་། ཁ་དོག་དཀར་དམར་གྱི་རིགས་ལམ་འགྲོ་སྟངས་མི་ཤེས་པ་ནས་གདན་ས་ཁག་གི་རྩེ་ཕུད་སློབ་གཉེར་བའི་གྲས་སུ་ཚུད་ཅིང་སྔ་ཕྱིར་སེར་བྱེས་མཁས་སྙན་གྲྭ་ཚང་གི་རིགས་ཆུང་ཚོག་ལངས་དང་། གདན་ས་ཁག་གི་རྣམ་དཔྱོད་འགྲན་རྩོད་ཀྱི་འཇང་དགུན་ཆོས་ཆེན་མོ་ཆད་མེད་དུ་སྐྱོད་པའི་གོ་སྐབས་ཐོབ་ཅིང་། སེར་བྱེ་མཁས་སྙན་གྲྭ་ཚང་གི་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་ཐོབ་པ་སོགས་མདོར་ན་བསྡུས་གྲྭ་ནས་དབུ་མ་བར་གྱི་གཞུང་ཆེན་དག་ལ་རྗེས་སུ་མ་ལུས་པའི་གྲུབ་འབྲས་ཀྱི་ཐོབ་བྱ་བསྩལ།

 

ད་དུང་གནས་སྟངས་སྣ་ཚོགས་ཀྱི་འོག་ནས་དགེ་རྒན་གྱི་མིང་ཐོབ་ཞིག་ཀྱང་བཙན་གྱིས་ཕྲག་པར་བཀལ་ཡོད། འདི་དག་ཐམས་ཅད་ནི་གོང་དུ་སྨྲས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དག་གིས་བདག་ལ་གནང་བའི་རླབས་ཆེན་གྱི་བྱ་དགའ་དང་། མཆོག་གྱུར་གྱི་ལེགས་སྐྱེས། བོད་མི་རིགས་ལ་གནང་བའི་བླ་མེད་ཀྱི་དགེ་མཚན། འགྲོ་བ་མིའི་རིགས་ཀྱི་བསམ་བློའི་ནུས་པར་སྒྲོན་པའི་ཤེས་རབ་ཀྱི་མེ་འོད་ཆེན་པོ་ཞིག་ཡིན་པས་དེ་རིང་གི་ཉིན་མོ་འདི་དང་བསྟུན་ནས་བདག་གིས་བླ་ན་མེད་པའི་དཀའ་དྲིན་དང་མཛད་རྗེས་དེ་དག་ལ་ཕྱིར་དྲན་དང་ཡི་རང་བྱེད་བཞིན་ཁོང་ཚོས་གནང་བའི་ཤེས་རབ་ཀྱི་ལེགས་སྐྱེས་འདིས་ཤེས་རབ་ཀྱི་མེ་ཕུང་མུན་པའི་ཞིང་སར་སྦར་བའི་རྐྱེན་དུ་བསྒྱུར་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན།

 

འདི་དག་ཐམས་ཅད་ཀྱི་རྩ་བ་ནི་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ལ་འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་ཡིན་པས་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་དྲན་དང་ཁོང་གིས་ལམ་སྟོན་གནང་བའི་གདམས་པ་དག་ལ་གང་ནུས་ཅི་ལྕོགས་ཀྱིས་ཞུགས་པར་དམ་བཅའ་དང་བཅས་བདག་གིས་དགེ་རྒན་ཉིན་མོའི་དྲན་གསོའི་ལས་རིམ་འདི་ལྟར་ཞུ་རྒྱུ་ཡིན།

 

སེར་ཤུལ་རིན་ཆེན་དོན་གྲུབ་ཀྱིས་ལྷག་བསམ་དང་པ་ཆེན་པོས་ལྷོ་ཕྱོགས་མཐའ་ཡས་རྒྱ་མཚོའི་རླབས་ཕྲེང་མཁའ་ལ་རྩེན་པའི་ཡུལ་གྲུ་ནས་ཕུལ།

 

༢༠༡༡ ༩ ༥ལ་བྲིས།

 

Share this:
༡༤༧ ཀློག་གྲངས།