དེ་རིང་གི་འཆར་སྣང་འགའ་ཤས།

ང་རང་ཡང་ཕྱི་དྲོ་སྔོ་ཚལ་རིགས་ཉེར་སྤྱད་ཁག་གཅིག་གི་ཆེད་དུ་མོན་གྷོ་ལ་ཕྱིན་པ་ཡིན། རང་གི་སྡོད་ཤག་གི་ཉེ་འཁྲིས་གླ་བྱེད་རླངས་འཁོར་ཞིག་གི་ཕྱིར་ལོགས་ནས་འཐམས་ཏེ་གླ་བྱེད་རླངས་འཁོར་འབབ་ཚུགས་བར་སྒོར་བདུན་སྤྲད་ནས་ཕྱིན། དེ་ནས་རྐང་བགྲོད་ཏོག་ཙམ་བྱས་མཐར་སྔོ་ཚོད་ཁྲོམ་རར་སླེབ་ཀྱི་ཡོད་པས་དེ་ལྟར་དུ་ཕྱིན། སྟབས་མ་ལེགས་པ་ཞིག་ལ་ང་རང་གི་མིག་གཡོན་པའི་ནང་འབུར་རྡོག་ཅིག་ཐོན་ནས་མི་གཞན་གྱི་མདུན་སར་འགྲོ་དགོས་ཚེ་འཚེར་སྣང་འདྲ་ངོ་ཚ་པོ་འདྲ་ཡོང་ཀྱི་འདུག་པས། གྲྭ་གྲོགས་ཤིག་གི་ཤག་ནས་མིག་ཤེལ་ནག་པོ་ཆེན་པོ་ཞིག་གཡར་ནས་རྒྱབ་ཡོད་པས་ཡུལ་མི་རྒྱ་གར་བ་འགའ་རེ་ངོ་གདོང་ལ་གཅེར་ནས་བལྟ་བཞིན་འདུག།

ང་ལ་མཚོན་ན་ཡུལ་མའི་སྔོ་ཚལ་བཙོང་ས་ཚལ་ཁྲོམ་ནང་དུ་ག་དུས་ཕྱིན་ནའང་། རྟག་ཏུ་ཚོར་སྣང་ཞིག་ཡོང་བ་ནི་ཡུལ་མི་ཚོ་བཙོང་བྱ་མང་ཉུང་དང་ཆེ་ཆུང་ལ་མ་ལྟོས་པར་སོ་སོའི་ཐོན་ཁུངས་བྱུང་ས་ནས་སྔོ་ཚལ་རིགས་དེ་བཞིན་ཤིང་ཏོག་མི་བཟོས་མངར་ཟས་ཙག་ཙིག དེ་བཞིན་འབྲུ་རིགས་ཁག་ཕལ་ཆེར་བཞི་བཅུ་ཟིན་མ་ཟིན་ཡོད་ངས་མང་པོ་རྩིས་མྱོང་། དེ་བཞིན་ས་ཚོན་ཁ་དོག་སྣ་ཚོགས་ལས་གྲུབ་པ་དག་ཕལ་ཆེར་སྣ་གྲངས་ནི་ཉི་ཤུ་ཟིན་མ་ཟིན་ཙམ་འདུག མདོར་ན་སོ་སོའི་གནས་བབས་དང་དཔལ་འབྱོར་ལ་གཞིག་པའི་གང་དགོས་ཉོ་རྒྱུ་ཡོད་ལ་གང་དགོས་བཙོང་རྒྱུ་ཡོད། མི་ཁ་འཚར་ཞིག་གིས་ད་འོ་ན་ཨ་རི་མོག་མོག་བཙོང་རྒྱུ་འདུག་པས་དྲིས་ན་མ་གཏོགས་གཞན་ཉེར་མཁོ་ཚང་མ་བཙོང་ཡ་ཡོད་པ་འདྲ་པོ་རེད། དེས་ན་ངས་ཡུལ་འདི་ནི་ཐོན་སྐྱེད་ཐོན་ཁུངས་མང་ལ་ས་གཞིའི་ས་གཤིས་འཇམ་པོ་འབྲུ་རིགས་སོགས་གང་བཏབ་ན་སྐྱེ་ཡོང་བའི་དངོས་གནས་རྟག་ཏུ་ཡིད་སྨོན་ཤོར་བ་འདི་རེད།

ང་ལ་དེ་རིང་བསམ་གཞིགས་གསར་པ་ཞིག་སྐྱེས་སོང་བ་ནི་ལྷ་ས་སྡོད་རིང་ཕོ་བྲང་པོ་ཏ་ལའི་མདུན་ཕྱོགས་ཀྱི་ཟུར་ཞིག་ན་སྔོ་ཚལ་ཁྲོམ་ར་ཞིག་ཡོད་དེ་ནང་སོང་ན་རྒྱ་མིས་གཉེར་བཞིན་པའི་སྔོ་ཚལ་དང་མི་བཏབ་པའི་ཚེ་རིགས་རྫིག་པོ་དེ་འདྲ་མང་པོ་མཐོང་རྒྱུ་ཡོད། ཡིན་ནའང་རང་བྱུང་ཐོན་རྫས་དེ་འདྲ་དཀོན་པོ་ཡིན་སྟབས་དེ་གཉིས་ལ་དོ་མི་མཉམ་པའི་ཚོར་སྣང་དང་རང་བྱུང་ཐོན་ཁུངས་བཟང་ཤོས་དེ་ཕལ་ཆེར་རྒྱལ་ཁབ་གང་དང་བསྡུར་ནའང་རྒྱ་གར་འདི་བཟང་ཤོས་ཡིན་ཚོད་རེད་སྙམ་པའི་མངོན་དཔག་ཞིག་བྱས་པ་ཡིན།

རྒྱ་གར་ཁྲོམ་ར་འདི་དག་ཏུ་མཐོང་དཀོན་པ་ནི་སྲོག་ལྡན་དུད་འགྲོ་དཔེར་ན་སྦྲུལ་ཤ་བྱ་ཤ་ཉ་ཤ་དག་རེད།འདིར་ཕྱོགས་སུ་ཚལ་ཁྲོམ་གྱི་གཡས་གཡོན་ལེ་དབར་གཅིག་ཙམ་སར་ན་བྱ་ཤ་ཚོང་ཁང་དང་ཉ་ཤ་ཚོང་ཁང་ཁ་ཤས་ཞིག་ཡོད་དེ་དག་ཀྱང་ང་ཚོ་བོད་མིར་ཉོ་ཚོང་བདེ་པོ་ཡོང་ས་དག་རེད་ཡུལ་མིའི་མི་འབོར་ལ་དཔག་པའི་ཤ་རིགས་འཚོང་མཁན་ནི་ཧ་ཅང་ཉུང་ཉུང་རེད། དེས་ན་བོད་ནང་སྦྲུལ་ཤ་དག་ཚོང་གཉེར་བྱེད་མཁན་ནི་ཕལ་ཆེར་རྒྱ་མི་ཡིནཔས། རྒྱ་མིའི་ཁྲོམ་ར་དག་དང་རྒྱ་གར་ཁྲོམ་ར་དག་བསྡུར་ན་འཚེ་བའི་ལས་ནི་ལྡབ་འགྱུར་རྒྱ་མི་ཁྲོམ་ར་དག་ཡིན་པར་སྨོས་མ་དགོས་པས་དེ་ཡང་བསམ་གཞིག་ཅིག་སྐྱེས།

ད་ང་ཚོ་བོད་མིའི་མིང་ལ་རྩམ་བཟན་ཟེར་གྱིན་ཡོད་རེད་དེ་ཕལ་ཆེར་ཤ་མི་བཟའ་མཁན་ཧ་ཅང་ཉུང་ཉུང་རེད། མ་ཟད་འཚེ་བ་མེད་པ་ལྟ་གྲུབ་ཁས་ལེན་མཁན་ཞིག་ཡིན་ཟེར་གྱིན་ཡོད་རེད་དེ་དོན་དུ་འཚེ་བའི་ལས་རྩོམ་མཁན་དང་པོ་དང་མིན་རུང་ཐ་མ་ཡང་གཏན་ནས་མ་རེད་སྙམ་དཔེར་ན་ཞིབ་སྡུར་ཞིག་བྱོས་དང་བོད་མི་བཅུ་དང་རྒྱ་གར་ཡུལ་མི་བཅུ་ཡི་བར་ན་གཤིབ་སྡུར་ཞིག་བྱོས་དང་འཚེ་བའི་ལས་ནི་ང་ཚོ་ཆེ་བ་ཐག་ཆོད།ང་ཚོ་ཤ་མེད་ན་ཟས་ལ་དྭངས་ག་མེད་པ་རྐྱང་རྐྱང་འཛོམས་ཡོང་བས་སེམས་ཅན་ག་ཚོད་ལ་གཏོར་རྒོལ་བཏང་དགོས་ཆག་གི་རེད།དེ་ནས་བཅུ་ནས་རྒྱ་སྟོང་ཁྲི་ཚོ་ནས་མིའི་སྤྱི་ཚོགས་བར་བསྡུར་དང་ང་ཚོ་ནི་དངོས་གནས་ཧང་སང་དགོས་པའི་འཚེ་ལན་ཅན་ཞིག་ཏུ་མཐོང་བ་ནི་ཤེས་ལྡན་མི་ཞིག་ཡིན་ན་དཔོག་ངེས་རེད།

ཆོས་ཀྱི་འབྱུང་ཁུངས་ཕལ་ཆེར་བ་རྒྱ་གར་ནས་དར་ཡོད་ཅིང་ང་ཚོའི་ཁ་ལ་འཁྱེར་བཞིན་པའི་འཚེ་བ་མེད་པའི་ལྟ་གྲུབ་ཀྱང་རྒྱ་གར་ནས་དར་བ་ཡིན་པ་ནི་ཀུན་གྱི་ས་རིས་ཐང་གསལ་རེད།དེ་བཞིན་སྔགས་ཐེག་པ་ཡང་འདི་ནས་དར་ཞིང་སྔགས་ཐེག་པའི་ལུགས་ནས་ཤ་ལ་དགག་བྱ་མེད་པར་ཤོད་ཀྱིན་ཡོད་རུང་སྔགས་ཐེག་པའི་ལུགས་ཀྱི་རྡོ་རྗེ་འཛིན་པ་ཚོས་ཟས་སུ་ཤ་ཟས་འདི་ལྟར་བསྟེན་མེད་པར་ནི་ད་ལྟ་རྒྱ་གར་བའི་ཡུལ་སྲོལ་གོམས་གཤིས་འདིས་མངོན་དཔག་ཐུབ་ཀྱི་རེད་སྙམ།འཚེ་བ་མེད་པའི་ལྟ་གྲུབ་སྨ་བ་ཚོས་ཆེས་ཚབ་ཆེ་བའི་འཚེ་བ་ཁ་ཟས་རྐྱང་རྐྱང་བསྟེན་སྡད་ན་དོན་དམ་པའི་འཚེ་བ་མེད་པའི་ལམ་ཁ་ཞིག་ང་ཚོའི་འགྲོ་ལམ་ཆག་དཀའ་ལ།གལ་ཏེ་གོམས་གཤིས་ཞིག་ཡིན་ཚེ་རྒྱ་གར་ཡུལ་དུ་མི་ལོ་མང་པོ་སྐྱེལ་བཞིན་ཡོད་པས་ཡུལ་མིའི་ཁ་ཟས་སྤྱོད་སྟངས་དེ་དཔེར་བྱས་ནས་དོན་དམ་པའི་འཚེ་བ་མེད་པའི་ལམ་ཁ་ཞིག་བཙལ་དགོས་ཀྱི་རེད་སྙམ།


Share this:
༥༡ ཀློག་གྲངས།