རྒྱ་གར་སྲིད་བློན་གྱིས་བྷང་ལ་དེ་ཤིར་འཚམས་གཟིགས།

བྷང་ལ་དེ་ཤི་ཕྱོགས་ནས་རྒྱ་གར་གྱི་“ཏིས་ཏ་”དང་“ཕེ་ནི་”གཙང་པོ་གཉིས་ཀྱི་ཆུ་རྣམས་ཆ་བགོའི་གྲོས་མཐུན་འཇོག་དགོས་སྐོར་བརྗོད་ཀྱི་ཡོད་པ་དང་། ཐོག་མར་སྲིད་བློན་རྣམ་གཉིས་ཀྱིས་དེའི་ཐོག་གྲོས་མཐུན་འཇོག་རྒྱུར་མོས་མཐུན་བྱུང་ཡོད་ཀྱང་སྲིད་བློན་མཱན་མོ་ཧན་སིང་བྷང་ལ་དེ་ཤི་ནང་མ་ཕེབས་གོང་དུ་པཱཤ་ཅིམ་བཱང་(ཝེས་བྷེང་གལ་མངའ་སྡེའི་མིང་གསར་པ།) བློན་ཆེན་ལྕམ་སྐུ་མཱམ་ཏ་བཱེ་ནར་ཇི་མཆོག་གིས་དེར་མོས་མཐུན་མ་བྱས་སྟབས་གྲོས་མཐུན་འཇོག་ཐུབ་མེད་པ་རེད།

སྲིད་བློན་མཱན་མོ་ཧན་སིང་གི་ལྷན་དུ་བློན་ཆེན་དང་གཞུང་གི་སྲི་ཞུ་བ་ཁག་གཅིག་ཕེབས་ཡོད་པ་དང།   རྒྱལ་ཁབ་གཉིས་དབར་དུས་ཡུན་རིང་གླེང་རྙོག་མང་དག་ཅིག་ལྷག་ཡོད་པ་རྣམས་ལ་ད་ཐེངས་བསལ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།   བྷང་ལ་དེ་ཤི་ནི་ ༡༩༧༡ ལོར་གསར་དུ་རང་གཙན་ཐོབ་པའི་རྒྱལ་ཁབ་ཞིག་པ་ཡིན་པ་དང།  རྒྱ་གར་གིས་དམག་ཤུགས་མཐུན་རྐྱེན་ལ་བརྟེན་ནས་པཱ་ཀི་སི་ཐན་འོག་ནས་རང་དབང་ཐོབ་ཡིན་པ་རེད།   ད་ཐེངས་ཀྱི་གཟིགས་སྐོར་སྐབས་གྲོས་མཐུན་བཞག་ཡོད་པ་ཁག་ནི།   རྒྱལ་ཁབ་ཕན་ཚུན་གཉིས་ཀྱིས་ས་མཚམས་སྲུང་སྐྱོབ་བྱ་ཕྱོགས་དང།  བསྐྱར་གསོ་ཐུབ་པའི་སྐམ་གློག་འཛུགས་རྒྱུ།  ས་མཚམས་སུ་བྷང་གལ་གྱི་སྟག་རྣམས་གནས་ཡུལ་སྲུང་སྐྱོབ་བྱ་རྒྱུ།    བྷང་ལ་དེ་ཤི་ནས་རྒྱ་གར་ནང་གོས་སློག་རིགས་མི་འདྲ་བ་ ༤༦ བཙོང་ཆོག་པ་བཅས་ཡིན་པ་རེད།

ད་ཐེངས་གྲོས་མཐུན་འཇོག་མ་ཐུབ་ནི།   པཱཤ་ཅིམ་བཱང་མངའ་སྡེ་བློན་ཆེན་གྱིས་གོང་གི་གཙང་ཆུ་གཉིས་པོ་བགོ་འདོད་མེད་པར་བརྟེན་རྒྱ་གར་ཕྱོགས་ནས་བྷང་ལ་དེ་ཤི་དང་གཙང་ཆུ་ཆ་བགོའི་གྲོས་མཐུན་ལ་མཚན་རྟགས་འགོད་ཐུབ་པ་མེད་པ་རེད།   དེ་ལྟར་བྱུང་མེད་སྟབས་པཱཤ་ཅིམ་བཱང་ནས་བྷང་ལ་དེ་ཤི་རྒྱུད་རྒྱ་གར་གི་བྱང་ཤར་མངའ་སྡེ་ཁག་གི་ནང་དངོས་རྫས་རྣམས་དབོར་འདྲེན་བྱེད་ཆོག་པའི་གྲོས་མཐུན་ལ་བྷང་ལ་དེ་ཤི་ནས་མཚན་རྟགས་འགོད་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་འདུག   དེ་ལྟ་ནའང་བྷང་ལ་དེ་ཤིས་རང་གི་གྲུ་གཟིངས་འབབས་ཚུགས་གཉིས་རྒྱུད་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་གི་ནང་དངོས་རྫས་རྣམས་དབོར་འདྲེན་ཆོག་པའི་གྲོས་མཐུན་ལ་མཚན་རྟགས་བཀོད་ཡོད་པ་རེད།།

Share this:
༡༥ ཀློག་གྲངས།