མཁྱེན་རབ་རྒྱ་མཚོ།

ཁོང་གིས་སློབ་སྦྱོང་གི་བརྒྱུད་རིམ་དང༌། ད་ལྟའི་གནས་སྟངས་སྐོར་གསུང་དོན། ད་ལྟ་བར་དུ་སྒོ་མང་གྲྭ་ཚང་ནས་ནང་བསྟན་གཞུང་ལུགས་ལ་སློབ་སྦྱོང་གང་ཐུབ་བྱས་པའི་ཁུལ་ཡིན་ལ་དེའི་ཞོར་དུ་སོ་སོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཕྱོགས་ལ་དོ་སྣང་ཏོག་ཙམ་བྱས་ནས་༢༠༠༤ ལོར་ང་རང་གི་སྙན་རྩོམ་ཐོག་མ་སྤྲང་བོའི་ངུ་རྒྱངསཀཀདང་ད་ལོ་༢༠༠༨ ལོར་ཡང་སྙན་ངག་དེབ་ཕྲེང་གཉིས་པ་ཀ་ཁའི་ང་རོ་ཀཀཟེར་བ་བཅས་དེབ་གཉིས་པར་བསྐྲུན་འགྲེམས་སྤེལ་བྱས་པ་ཡིན། ང་རང་གྲྭ་པ་མ་བྱས་གོང་སློབ་ཆུང་ལ་ཕྱིན་པ་ཡིན་ལ་སློབ་ཆུང་མཐར་ཕྱིན་དུས་གྲྭ་སར་ཞུགས་པ་ཡིན། ད་ལྟ་དབུ་མ་འཛིན་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་སྤྱིར་ྋགོང་ས་མཆོག་དང་སྒོས་སུ་གྲྭ་ཚང་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལས་དམིགས་བསལ་དཀའ་ངལ་གང་ཡང་མེད་ཅེས་དང༌། ཁྱེད་རང་གིས་ལྷོ་ཕྱོགས་ནང་བསྟན་ཤེས་ཡོན་ལྷན་ཚོགས་ནང་ལྷོ་ཕྱོགས་ཕོ་ཉའི་གསར་ཤོག་གི་སྤྱིའི་བློ་འདོན་པ་དང་རྩོམ་སྒྲིག་སོགས་ཀྱི་ཕྱག་ལས་གནང་གི་འདུག ད་ལྟ་ཕྱག་ལས་རང་འཇགས་ཡིན་ནམ་དྲིས་པར་ཁོང་གིས། ང་རང་སྤྱིར་སྟངས་བཤད་ན་ཚོགས་པ་དེ་འདྲའི་ནང་ཞུགས་ནས་ལས་ཀ་བྱེད་འདོད་པ་ཞེ་དྲག་མེད། ཡིན་ནའང༌། ༢༠༠༦ ལོར་འདི་གའི་ནང་བསྟན་ཤེས་ཡོན་ལྷན་ཚོགས་གི་འགན་འཛིན་རྨོག་རུ་བསྟན་པ་ལགས་ཀྱིས་ཁོང་ལ་ལས་ཀ་བྱེད་མཁན་རོགས་པ་ཞིག་དགོས་ཀྱི་འདུག ཁྱོད་རང་གིས་རོགས་པ་བྱེད་རོགས་གསུངས་པ་བཞིན་ད་སྔོན་ལོ་ངོ་གཉིས་ཙམ་ལ་ལྷོ་ཕྱོགས་ཕོ་ཉའི་རྩོམ་སྒྲིག་པའི་ལས་ཀ་བྱས་པའི་ཁུལ་ཡིན། ཡིན་ཡང༌། ད་ལྟའི་གནས་སྐབས་ལ་སོ་སོའི་ན་ཚ་དང་སྒེར་གྱི་དཀའ་ངལ་མང་པོ་ཞིག་གི་དབང་གིས་ལས་གནས་ནས་དགོངས་པ་ཞུས་ནས་ད་ལྟ་ལས་ཀ་གཞན་པ་གང་ཡང་མེད་ཅེས་དང༌། ཁོང་གིས་ལོ་གཉིས་ཀྱི་རང་སྤྱི་ཚོགས་ནང་ལ་དངོས་སུ་ཞུགས་ནས་ལས་ཀ་བྱེད་སྐབས་དཀའ་ངལ་དེ་འདྲ་འཕྲད་སོང་ངམ་དྲིས་པར་ཁོང་གིས། གསར་ཤོག་ཐོག་ལ་ལས་ཀ་བྱས་པའི་རིང་ལ་སྒེར་ལ་དཀའ་ངལ་མི་འདུག ངའི་དཀའ་ངལ་ཆེ་ཤོས་དེ་སྤྱི་ཚོགས་ནང་ལོགས་ནས་བོད་ཡིག་ལ་དོ་སྣང་རྒྱ་ཆེ་ཡོང་གི་མེད་དུས་རང་བཞིན་གྱིས་རྩོམ་སྒྲིག་པ་དེ་ཚོ་སེམས་ཤུགས་ཆག་རྒྱུ་དང་ལས་ཀ་བྱ་འདོད་མེད་པ་དེ་འདྲ་ཡོང་གི་ཡོད་རེད། དེ་ང་རང་གཅིག་པུ་མ་རེད། རྩོམ་སྒྲིག་པ་ཐུན་མོང་ལ་ཡོད་པའི་དཀའ་ངལ་ཞིག་རེད་བསམ་གྱི་འདུག་ཅེས་དང༌། བཙན་བྱོལ་ཁྲོད་ན་གསར་ཤོག་མང་པོ་ཞིག་འགྲེམས་སྤེལ་བྱེད་བཞིན་ཡོད་པ་དེ་དག་གི་ནང་ནས་ཁྱོད་རང་གིས་དངོས་ཡོད་གནས་སྟངས་ཐོག་སྤྱི་ཚོགས་ལ་ཞབས་འདེགས་ལ་ཕན་པ་ཡོང་ཐུབ་པའི་གསར་ཤོག་དེ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་དྲིས་པར་ཁོང་གིས། ང་རང་གིས་ངོས་ནས་ཞུས་ན་སྤྱིར་སྟངས་གསར་ཤོག་དང་དུས་དེབ་འདིའི་རིགས་སྤྱི་ཚོགས་ནང་འགྲེམས་དགོས་པ་ཤིན་ཏུ་ནས་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེའི་ནང་ནས་གསར་ཤོག་གི་བརྒྱུད་ལམ་དེས་འགྲོ་བ་མིའི་རིགས་ཀྱི་བསམ་བློ་དང་བྱ་སྤྱོད་ལེགས་ཉེས་གང་བྱུང་ཡང་ཡོ་བསྲང་བྱེད་ཐུབ་པ་ཞིག་ཡིན་དུས་གལ་ཆེ་ཤོས་སུ་བརྩི་དགོས་དོན་དེ་ཡིན། བཙན་བྱོལ་ཁྲོད་ན་གསར་ཤོག་མང་པོ་ཡོད་ཀྱང་དེའི་ནང་གི་ང་རང་ངོས་ནས་དམིགས་བསལ་སྣང་བར་འགྲོ་ཤོས་དེ་བོད་ཀྱི་དུས་བབ་དང་བོད་ཀྱི་བང་ཆེན་གསར་ཤོག་གཉིས་ཀ་ཡག་ཤོས་ཡིན་ཞེས་དང༌། ཁོང་ལ་རང་རེའི་མི་རབས་གསར་པ་ཚོར་དམིགས་བསལ་གསར་ལམ་འདི་བརྒྱུད་ནས་རེ་སྐུལ་དེ་འདྲ་ཡོད་མེད་དྲིས་པར་ཁོང་གིས། ང་ཚོ་ཚང་མས་ྋགོང་ས་མཆོག་གིས་དགོངས་གཞིའི་ཐོག་ཤར་བསྐྱོད་དང་སོ་སོ་བོད་མི་ཞིག་ཡིན་པ་ངོ་ཤེས་པའི་སྒོ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གནས་སོགས་བདག་སྐྱོང་ཡག་པོ་ཞིག་བྱས་ནས་མི་རབས་གསར་པར་ངོ་གནོང་མི་དགོས་པ་ཞིག་ང་ཚོའི་མི་རབས་འདིའི་ལས་འགན་རེད་བསམ་གྱི་ཡོད། ལྷག་པར་བོད་ནང་དུ་རྒྱ་མིའི་དབང་འོག་ནས་བོད་ཡིག་བོད་སྐད་ཏག་ཏག་ཅིག་ཡོང་གི་མེད་པ་དང་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་པའི་སློབ་གྲྭ་ཁག་ནས་མཐར་ཕྱིན་པ་ཡིན་ཟེར་མཁན་ཚོས་སོ་སོར་རང་ཚུགས་མེད་ཐོག་བོད་ཡིག་བོད་སྐད་ཡག་པོ་ཞིག་བཤད་མི་ཤེས་པ་དེ་ཁོར་ཡུག་ཡིན་མདོག་བཤད་ཀྱི་ཡོད་ཀྱང༌། དབྱིན་ཇི་དང་ཧིན་དྷིའི་སོགས་ལ་དོ་སྣང་བྱས་ནས་སོ་སོའི་སྐད་ཡིག་གཡུགས་བཞག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། མི་རིགས་ཤིག་གནས་དང་མི་གནས་མི་རིགས་དེའི་སྐད་དང་ཡི་གེ་དར་རྒུད་ལ་རག་ལས་པ་གསལ་པོ་ཡིན་པས་མེས་དབོན་གོང་མ་ཚོས་ཤུལ་དུ་བཞག་པའི་སྐད་ཡིག་འདི་འཛིན་སྐྱོང་སྤེལ་གསུམ་ཚད་ལྡན་ཞིག་དགོས་པ་ང་ཚོའི་འོས་འགན་རེད་ཅེས་འགྲེལ་བརྗོད་གནང་སོང༌།།

 

 
Share this:
༡༧ ཀློག་གྲངས།