བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས།

གཞན་ཡང་ཕོ་མོ་དབྱེ་འབྱེད་དང་མང་གཙོའི་གོ་དོན་ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་ཟབ་སྦྱོང་ཞིག་ཉིན་གསུམ་རིང་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་བུད་མེད་ཚོགས་ཁང་དུ་འཚོགས་ཡོད་པ་དང་།   ཟབ་སྦྱོང་གནང་མཁན་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉི་མ་ལྷ་མོ་ལགས་དང་། བཀྲ་ཤིས་སྒྲོལ་མ་གཉིས་ཆེད་ཕེབས་གནང་ཡོད་པ་དང་། ཟབ་སྦྱོང་ནང་མོན་གྷོ་ས་གནས་གཞིས་གྲོང་ཁག་དགུ་ནས་བུད་མེད་༥༠  ཙམ་མཉམ་ཞུགས་གནང་ཡོད་པ་རེད།

དེ་ཡང་བཀྲ་ཤིས་སྒྲོལ་མ་ལགས་ཀྱིས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་༡༩༥༩ ལོར་བོད་བསྟན་སྲིད་ཀྱི་དོན་དུ་ཆེད་བཙུགས་པ་ནས་བཟུང་། ད་ལྟའི་བར་གྱི་བྱུང་རིམ་ངོ་སྤྲོད་དང་འབྲེལ། བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་ཕོ་མོ་དབྱེ་འབྱེད་དང་མང་གཙོའི་གོ་དོན་གཉིས་ཀྱི་སྐོར་ལ་འདི་ལྟར་ཟབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་བཅས་ཀྱི་སྐོར་ལ་གསུང་དོན།   རྩ་བས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་ཕོ་མོ་འདྲ་མཉམ་རེད། ཡིན་ན་ཡང་ཁྱིམ་ཚང་ཁ་ཤས་ནང་ལ་བུད་མེད་ལ་འཚེ་བ་དེ་འདྲ་འབྱུང་གི་ཡོད་པ་ཡིན་དུས།  དེ་འདྲེའི་དཀའ་ངལ་གལ་སྲིད་བྱུང་བ་ཡིན་ན་དེ་སེལ་བའི་ཐབས་ལམ་ག་རེ་ཡོད་མེད་སྐོར་དང་།  གཞན་ཡང་ད་ལྟའི་བར་བོད་ཀྱི་བུད་མེད་ཀྱི་ནུས་ཤུགས་གོང་མཐོར་ཆེད་ཟབ་སྦྱོང་གི་མཚོན་པའི་ལས་འགུལ་འདྲ་མིན་སྤེལ་དང་སྤེལ་བཞིན་ཡོད་པ་དེ་ལ་བརྟེན་ནས། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་ཕྱག་ལས་གནང་སྟངས་དང་འགན་ཁུལ་བྱེད་ཕྱོགས་བཅས་ཀྱི་ཐད་གྲུབ་འབྲས་མི་དམན་པ་ཐོབ་ཀྱི་ཡོད་པ་རེད།  དེ་བཞིན་ཟབ་སྦྱོང་འདི་ལྟ་བུའི་ཁྱིམ་ཚང་གང་ཡང་རུང་བའི་ནང་འཕྲད་བཞིན་པའི་དཀའ་ངལ་དག་ཡོད་པ་ནས་མེད་པ་དང་།  མེད་པ་ནས་རྩ་མེད་དུ་འགྲོ་བར་ཕན་པ་དང་ཡར་རྒྱས་འགྲོ་བར་ཏན་ཏན་ཕན་ཐོགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

མོན་གྷོ་ས་གནས་གསར་འགོད་པས།

Share this:
༦༩ ཀློག་གྲངས།