བོད་ནང་ནས་བཀའ་ཟུར་ལྷ་ཀླུ་ཚེ་དབང་རྡོ་རྗེ་སྐུ་གཤེགས་པ།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལྷ་ཀླུ་གཟིམ་ཤག་ཞེས་པ་ནི། རྒྱལ་བ་སྐུ་ཕྲེང་བརྒྱད་པའི་འཁྲུངས་གཞིས་དང༌། རྒྱལ་བ་སྐུ་ཕྲེང་༡༢ པའི་ཡབ་གཞིས་ཟླ་སྒྲིལ་བཏང་བའི་སྐུ་ཕྲེང་གཉིས་ཀྱི་ཡབ་གཞིས་ཡིན་ཞིང༌། ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གི་ཡབ་ནི་བོད་ཀྱི་ལོ་རྒྱུས་ནང་མཚན་སྙན་ཆེ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞུ་བ་དང་ཡུམ་བཤད་སྒྲའི་བུ་མོ་དབྱངས་འཛོམས་ཚེ་རིང་ལགས་གཉིས་ཀྱི་སྲས་སུ། བོད་རབ་བྱུང་༡༥ པའི་ཤིང་སྟག་༡༩༡༤ ལོའི་ཟླ་བ་༡༠ པའི་ཚེས་༡༥ ཉིན་རྒྱ་གར་རྡོ་རྗེ་གླིང་དུ་ལུང་ཤར་ཁྱིམ་རྒྱུད་དུ་འཁྲུངས་ཡོད་པ་རེད།
བོད་ལ་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་སྔོན་དུ། བོད་གཞུང་དགའ་ལྡན་ཕོ་བྲང་ལ་ཞབས་ཕྱི་ཞུས་ཡོད་པ་དང། ༡༩༢༧ ལོར་ཁོང་དགུང་གྲངས་༡༤ ཕེབས་པའི་སྐབས། རྩིས་ཁང་དུ་གཞུང་ཞབས་བྱས། དེ་རྗེས་༡༩༣༧ ལོར་དགུང་གྲངས་༢༤ ཕེབས་པའི་སྐབས། བཀའ་མགྲོན་དང༌། ༡༩༤༡ ལོར་དགུང་གྲངས་༢༨ སྐབས་རྩིས་དཔོན་གནང་། དེ་རྗེས་༡༩༤༦ ལོར་དགུང་གྲངས་༣༣ སྐབས་བཀའ་བློན་གྱི་མཛད་འཁུར་བཞེས་ཏེ། བོད་ཀྱི་མདོ་སྨད་སྤྱི་ཁྱབ་གནང་བར་ཕེབས་ཡོད་པ་རེད།  བོད་གཞུང་གིས་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་བོད་ཤར་ཕྱོགས་ཆབ་མདོར་མདོ་སྨད་སྤྱི་ཁྱབ་ཏུ་བསྐོ་བཞག་གནང་ནས། རྒྱ་ནག་མི་དམངས་བཅིང་བགྲོལ་དམག་ཟེར་བས་བོད་ཤར་ཕྱོགས་བརྒྱུད་ནས་ཐོག་མར་བཙན་འཛུལ་མ་བྱས་བར་དུ་མདོ་སྤྱི་གནང་ཡོད་ཅིང། ༡༩༥༥ ལོར་བོད་གཞུང་གི་སྐུ་ཚབ་ཚོགས་པའི་ལྷན་དུ་པེ་ཅིང་དུ་ཕེབས་ཡོད་པ་རེད། ༡༩༥༩ ལོའི་བོད་མིའི་སྒེར་ལངས་སྐབས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱེད་པར་ཁ་གཏད་གདོང་ལེན་གནང་བར་བརྟེན། རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། འཐབ་འཛིངས་བཏང་བ་དང༌། གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པ། མཐར་སྤྱི་ཚོགས་ཐོག་གློད་བཀྲོལ་བཏང་ཡོད་ཀྱང་ཞྭ་མོ་ཡོད་པའི་གྲལ་རིམ་དུ་ངོས་འཛིན་བྱས་ཏེ། འཐབ་འཛིངས་བཏང་བ་དང་ལས་མེད་ཀྱི་ལས་ཀ་སྐུལ་དེད་བྱས་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད།
རྗེས་སུ་ཁོང་གིས་རྒྱ་ནག་གཞུང་གི་ལས་བྱེད་པའི་ཁོངས་སུ་ཞུགས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཀྱི་གཙོ་འཛིན་དང་། རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་འཐུས་མི་སོགས་ཀྱི་ཕྱག་ལས་གནང།

Share this:
༧༦ ཀློག་གྲངས།