ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་ཟུར་པ་རཱབ་བྷ་ནི་སྐུ་བཀྲོངས་པ།

ཏ་ལི་བྷན་མགྲིན་ཚབ་པས་བརྗོད་དོན་དུ།  ང་ཚོས་སྲིད་འཛིན་ཟུར་པ་ཁོང་དང་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་བསྟན་ཏེ།  ཁོང་ནས་ང་ཚོར་ཡིད་ཆེས་བློ་འགེལ་ཐུབ་པ་བཟོས་རྗེས།  རང་སྲོག་བློས་གཏོང་མཁན་གྱི་མི་བཏང་སྟེ་བཀྲོངས་པ་ཡིན་ཞེས་བཤད་ཡོད་པ་རེད།

སྲིད་འཛིན་ཟུར་པ་ཁོང་ཨབ་གྷ་ནི་སི་ཐན་གྱི་ཞི་བདེ་ལྷན་ཚོགས་ཀྱི་འགོ་འཛིན་ཡིན་ཞིང།  ཏ་ལི་བྷན་དང་ཞི་འགྲིག་ཡོང་བར་འབད་བརྩོན་གནང་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་རེད།   ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་ཨུ་རུ་སུ་དམར་པོའི་བཙན་འཛུལ་ལ་ཁ་གཏད་གཅོག་མཁན་ཁ་ཆེ་ཆོས་དམག་གི་འགོ་ཁྲིད་ཅིག་ཀྱང་ཡིན་འདུག།

ཕྱི་ལོ་ ༡༩༩༠ གོ་གྲངས་ནང་ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་གནང་མྱོང་ཡོད་པ་དང།   སྔ་ལོའི་ཕྱི་ཟླ་ ༡༠ ནང་སྲིད་འཛིན་ཧ་མིཌ་ཀར་ཛ་ཨིས་ཞི་བདེ་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོ་བཞག་གནང་ཡོད་པ་རེད།  དམ་པ་ཁོང་གི་ལས་འགན་དེ་ནི།  ཏ་ལི་བྷན་གྱི་རྐང་དམག་ཚོར་དམིགས་བསལ་ཉེས་ཆད་གུ་ཡངས་བཏང་སྟེ། ལས་ཀ་སྤྲོད་རྒྱུ་དང།  འགོ་ཁྲིད་ཚོར་རྒྱལ་ཁབ་གཞན་དུ་སྐྱབས་བཅོལ་ལ་སྡོད་ཐབས་ཀྱི་མཐུན་རྐྱེན་སྐྲུན་རྒྱུ་བཅས་ཡིན་པ་རེད།

ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གིས་བརྗོད་དོན།  སྲིད་འཛིན་ཟུར་པ་ཁོང་སྐུ་བཀྲོངས་པ་དེས་རྒྱལ་ཁབ་ནང་ཞི་འགྲིག་ཡོང་བའི་ལས་འགུལ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་དང།   དམ་པ་ཁོང་ནི་འགོ་ཁྲིད་གལ་གནད་ཆེ་བ་ཞིག་ཡིན་པ་མ་ཟད།  ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཀྱང་རེད་ཅེས་བརྗོད་ཡོད་འདུག །

Share this:
༥༩ ཀློག་གྲངས།