དགེ་འདུན་ཆོས་འཕེལ།

རྒྱ་དམར་གྱིས་བོད་ས་བདག་བཟུང་བྱས་པའམ་བོད་རང་བཙན་ཤོར་ནས་དུས་རབས་ཕྱེད་འགོར་གྱི་ཡོད་པ་རེད། དེ་བཞིན་གནད་དོན་དེའི་འབྱུང་རྩ་ཡང་ང་ཚོས་ཡན་མན་ཀུན་ལ་ངན་ཁག་དཀྲི་རེས་ཁོ་ན་བྱས་ནས་བསྡད་པ་རེད། དོན་ངོ་མ་བཤད་ན་གནད་དོན་དེ་ནི་བོད་གཞུང་དམངས་གཉིས་ཀྱི་ངོས་ནས་འགན་འཁྲི་ཡོད་པའི་ལས་ཀ་ཞིག་མ་བྱས་པའི་མཇུག་འབྲས་རེད་ཅེས་ཚིག་ཐག་བཅད་ནས་བཤད་ཀྱང་མི་ཆོག་པ་མེད། དཔེར་ན་ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་ཆེན་པོ་མཆོག་གིས་སྐུ་ཚེའི་སྐབས་ཀྱི་ལོ་རྒྱུས་གཅིག་པུར་བསམ་བློ་བཏང་ཡང་གསལ་པོ་རེད། གོང་དབུ་ཁྲིད་ཀྱིས་བཀའ་དགོངས་བར་སྐུ་དྲག་གིས་མ་བསྒྲུབས། བར་སྐུ་དྲག་གི་བཀའ་རྒྱ་འོག་མི་མང་གིས་མ་བསྒྲུབས་པ་རེད། དེང་སྐབས་ང་ཚོས་གནད་དོན་འདི་སྒང་གི་དཔོན་པོ་ནས་མཐའ་ང་ལ་ཐུག་པའི་བོད་མི་ཀུན་གྱིས་བཤད་བཞིན་ཡོད། རེད་དེ་དོན་དངོས་སུ་ང་ཚོས་སྔར་གྱི་ཟློས་གར་དག་ལ་རྗེས་ཟློས་བྱས་པ་ཙམ་ལས་གང་ཡང་མཐོང་གི་མི་འདུག དཔེར་ན་ྋགོང་ས་མཆོག་གིས་ང་ཚོར་ཆོས་དང་ཆབ་སྲིད། ཐ་ན་གྱོན་ཆས་གྱོན་སྟངས་ཚུན་ཕ་མས་བུ་ཕྲུག་ལ་སློབ་པ་ལྟར་བྱམས་སྐྱོང་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་ང་ཚོས་ངོས་ནས། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག དེ་བཞིན་སྤྱི་དང་སྒེར་གྱི་མི་སྣ་རྣམས་ཀྱིས་རང་རང་གི་མིང་དང་ཁེ་ཕན་ཁོ་ནའི་ཆེད། གཏམ་བཤད་སྙན་མོ་རེ་བྱས། ངོ་དགའ་སྤྲེལ་ལད་རེ་འཁྲབ། གནད་འགག་ཆུང་ཚག་རེར་ཐུག་དུས་གཞུང་གིས་འགྲིག་མ་སོང༌། ཚོགས་པས་འགྲིག་མ་སོང༌། དམངས་ཀྱིས་འགྲིག་མ་སོང་ཟེར། ངན་ཁག་ནང་དཀྲི་ཁོ་ན་བྱས་ནས་སྡོད་པ་ལས་དགྲ་བོའི་ཁ་གཏད་དུ་ལངས་ནས་དཀའ་སྡུག་གི་ཁུར་པོ་ཁུར་མཁན་ནི་བོད་ནང་གི་སྤུན་ཟླ་ཁོ་ན་ཆགས་ཡོད་པ་རེད། ང་ཚོས་མང་གཙོ་ཡིན་ཟེར་གྱི་ཡོད་པ་རེད། མང་གཙོ་ལ་ལངས་ཕྱོགས་མི་འདྲ་བའི་ཚོགས་པ་དང་བསམ་ཚུལ་མི་འདྲ་བའི་གླེང་སྟེགས་དགོས་པ་རེད། ལངས་ཕྱོགས་རེ་དང་བསམ་ཚུལ་རེ་རེའི་ཐད་ནས་ལས་ཀ་ལས་སྟངས་ཡང་རེ་རེ་ཡོད་པ་རེད། འདི་ནི་ང་ཚོས་རྒྱ་གར་གཅིག་པུ་ལ་དཔེ་ལྟ་བྱས་ཀྱང་ཤེས་གསལ་རེད། ཡིན་ཡང་ང་ཚོས་རང་གིས་མ་འཇོན་པ་གཡས་ཁག་གཡོན་དཀྲི། གཡོན་ཁག་གཡས་དཀྲི་ཁོ་ན་བྱས་ནས་བསྡད་ཡོད་པ་རེད། གང་ལྟར་ངས་དེ་རིང་བཤད་འདོད་པ་ནི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མི་སྣ་སུ་ཡིན་ཡང༌། མང་གཙོའི་རང་བཞིན་ལྡན་པའི་རང་རང་གི་ལངས་ཕྱོགས་དང་མཐུན་པའི་ལས་དོན་ལ་འབད་པར་རེ་སྐུལ་བྱེད་ཀྱི་ཡོད། དེ་བཞིན་ཚོགས་པ་ཁག་གི་ནང་ཁུལ་དང་མི་མང་ནང་ཁུལ། རྡོག་རྩ་གཅིག་སྒྲིལ་ཟེར་བ་ཁ་ཙམ་མིན་པའི་རེ་སྐུལ་ཞུ་བཞིན་ཡོད། ང་ཚོར་ལས་འགུལ་སྤེལ་རྒྱུ་ལྷག་ཡོད་པ་རེད། ང་ཚོར་ལས་ཀ་སྒྲུབ་རྒྱུ་ལྷག་ཡོད་པ་རེད། ང་ཚོས་དགྲ་བོར་རྩོད་རྒྱུ་ལྷག་ཡོད་པ་རེད། ཡིན་ན་ཡང་ྋགོང་ས་མཆོག་གི་དགུང་གྲངས་ནི་ཉུང་ཉུང་ལས་ལྷག་གི་མེད་པ་རེད། ཐམས་ཅད་ཧ་གོ་བའི་ཐོག་མགོ་ནག་བོད་མི་ཀུན་གྱིས་བྲང་ཐོག་ལ་ལག་པ་བཞག་ནས་ཐུགས་བསམ་བཞེས་རོགས་ཞུ།།

 
Share this:
༡༥ ཀློག་གྲངས།