བསོད་ནམས།

དེ་འདྲའི་རྒྱ་དམར་གྱི་བརྙས་བཅོས་དང་མནར་གཅོད། གཡོ་སྒྱུའི་འོག གདོང་དམར་ང་ཚོ་ནམ་ཡང་སེམས་ཤུགས་ཆག་དགོས་དོན་མེད། གང་ལྟར། གངས་རི་ལས་ཆས་པའི་གདོང་དམར་མི་རེ་ངོ་རེའི་ཕྲག་ཏུ་འགན་འཁྲི་ཞིག་ཡོད་པས། དེ་ང་ཚོས་ནམ་ཡང་བརྗེད་མི་རུང༌། དེ་བས། དུས་རབས་ཉེར་གཅིག་ནི་ང་ཚོར་མཚོན་ན་ཆེས་ཛ་དྲག་དང་མར་མེ་སྣུམ་ཟད་ཀྱི་དུས་སྐབས་ཤིག་ཡིན་པས། ང་ཚོས་ཉི་མ་གང་འཁྱོལ་བྱས་ན་ག་ལ་འགྲིག ཆེས་སེམས་སྐྱོ་དགོས་པ་ཞིག་ནི། རང་བཙན་མེད་པའི་དབང་གིས་སྤུན་ཟླ་རྣམས་སྤྲང་པོ་བཞིན་གནས་ངེས་མེད་གང་སར་འཁྱམས་ཤིང༌། ཡུལ་སོ་སོའི་གོམས་སྲོལ་དང་སྐད་ཡིག་འདྲ་མིན་གྱིས་ང་ཚོ་ལ་རྨས་སྐྱོན་ཕོག་པ་མ་ཟད། དེང་དུས་དབྱིན་ཡིག་ནི་རྒྱལ་སྤྱིའི་སྐད་ཡིག་ཡིན་སྟབས། བོད་མི་ཀ་ཁ་མི་ཤེས་མཁན་མི་ཉུང་བས། སོ་སོའི་སྐད་ཡིག་དང་རིག་གཞུང་སྦྱོང་རྒྱུ་ཕར་བཞག ABCD ཡི་རྗེས་འཇུག་པ་བྱས་ནས། དེ་མ་ཤེས་པའི་གདུང་བ་དང་སྨྲེ་ངག་སྒྲོགས། ད་དུང་ཆེས་བསམ་བློའི་ནང་ཤོང་དཀའ་བ་ཞིག་ནི། བོད་མི་ལ་ལས་བོད་ཡིག་སྦྱངས་ན་ཅི་བྱེད། ཁ་ལག་ནི་མི་རག མདུན་ལམ་ནི་མེད། ཅེས་བརྗོད། ངོ་མ་དེའི་རིགས་ནི་བོད་མིའི་ངོས་ནས་བརྗོད་ན། ཆེས་ཞབས་འདྲེན་དང༌། ཆེས་ངོ་ཚ་དགོས་པ་ཞིག་རེད། མེས་པོ་ཚོས་ང་ཚོར་བཞག་པ་ནི། རྩ་ཆེན་སྐད་ཡིག་དང་རིག་གཞུང་རྣམས་ཡིན་པས། ང་ཚོས་དེ་རྣམས་ལ་དོ་སྣང་ཏིལ་འབྲུ་ཙམ་ཡང་མ་སྤྲད་ན་ཉིན་ཞིག་རྩ་ཆེན་སྐད་ཡིག་དང་རིག་གཞུང་རྣམས་རྒས་ནས་འཆི་ངེས་རེད། སྐབས་དེ་དུས་མི་རིགས་དེ་ཡང་ཁ་ཆག་སྣ་རལ་ཞིག་མ་གཏོགས་ལང་ཚོའི་རྣམ་པ་ག་ལ་ལྡན། དེ་བས་བོད་ཅེས་པའི་ཡིག་འབྲུ་དེ་ཡང་ཚིག་མཛོད་ནང་བཙལ་རུང༌། མུན་ཁྲོད་ལག་བསྙབ་བྱས་པ་བཞིན་རྙེད་དཀའ། དེར་བརྟེན་ང་ཚོས་དཔེ་དེབ་རྣམས་མཆོད་བཤམ་ནང་མ་བསྒྲིགས་པར་བོད་མི་རེ་རེས་ཕྱར་གྲུ་མཉམ་འདེགས་ཀྱིས་སྦྱངས་པ་བྱོས་དང༌། ད་གཟོད་ང་ཚོའི་རྒས་བཞིན་པའི་སྐད་ཡིག་དེར་ལང་ཚོའི་མེ་ཏོག་ལོས་བཞད། དེ་དུས་མི་རིགས་གཞན་གྱི་སྐད་ཡིག་སྦྱངས་ཀྱང་སྦྱངས་རིན་ཡོད་ལ། དེས་ལང་ཚོའི་མེ་ཏོག་ལ་མཛེས་རྒྱན་ཞིག་ཀྱང་སྤྲོད་ངེས། སྟབས་དེ་དང་བསྟུན་ང་ཚོར་ཤེས་ཡོན་གྱི་གཤོག་ཟུང་རྒྱས་ཤིང་ལག་ཏུ་སྨྱུ་གུ་ཐོགས་ནས་རྒྱ་དམར་དང་འཐབ་རྩོད་བྱ་ཆོག་ལ། རང་དབང་གི་སྤྱི་ཚོགས་ཁྲོད་ང་ཚོས་ལོ་རྒྱུས་ཀྱི་བདེན་དཔང་མིག་སྔར་བཤམས་ཏེ་རང་དབང་སླར་གསོའི་ནུས་པ་སྟོན་དགོས་པ་ཡིན། འདི་ནི་ཐབས་མཁས་བསྟུན་མཁས་དང་ཐབས་བརྒྱ་བྱུས་སྟོང་གི་ཞི་མོལ་ཁོ་ན་ལས་འཐབ་འཛིང་དང་གཉའ་གནོན། བཤུ་གཞོག་དང་ལྟེས་དབང་གིས་འགྲུབ་མི་ཐུབ་པའི་འདས་དོན་གྱི་ལོ་ཟླས་ར་སྤྲོད་ཐུབ་པ་ཡིན། གང་ལྟར་ང་ཚོར་བདེན་པའི་དཔང་རྟགས་ཡོད་པས་སྔ་ཕྱི་མ་གཏོགས་རང་བཙན་ཐོབ་ངེས་རེད། དེར་བརྟེན་བོད་ཡིག་ནི་བླ་རི་དང་བོད་སྐད་ནི་སྲོག་ཤིང་ཡིན་པས་སྦྱངས་པ་བྱོས་དང་མེས་རྒྱལ་འདི་ཉིད་སྔར་ལས་རྣམ་པར་རྒྱལ་བའི་རྒྱལ་ཁབ་སྟོབས་འབྱོར་ཅན་ཞིག་ཏུ་བསྐྲུན་རྒྱུ་ནི། ང་ཚོ་གཞོན་ནུའི་བླ་མེད་ཀྱི་ཕུགས་བསམ་དང་འགན་འཁྲི་ཞིག་ཡིན་པས་མདུན་བསྐྱོད་ཀྱི་དར་ཆ་བསྒྲེང་ཨང༌།།

Share this:
༥༧ ཀློག་གྲངས།