དཀོན་མཆོག་རྒྱ་མཚོ༌

བོད་མི་རིགས་ཀྱི་སྐད་ཡིག་གམ་ཐ་སྙད་རིག་གཞུང་ནི་དེང་དུས་འཛམ་གླིང་འདིར་མཁོ་གནད་ཆེ་བའི་ནང་བསྟན་གཞུང་ལུགས་ཀྱི་སྲོག་ཤིང་དུ་ཞུགས་པའི་བྱམས་བརྩེ་དང་རྟེན་འབྱུང་རིག་པའི་མ་ཡུམ་དུ་གྱུར་ཡོད་པ་འུ་ཅག་གིས་ཤེས་དགོས་ལ། ལྷག་པར་སྐད་ཡིག་ནི་མིའི་རིགས་ཤིག་ངོས་འཛིན་བྱེད་ཀྱི་མཚོན་རྟགས་གཙོ་བོ་ཡིན་པ་མ་ཟད། སྐད་ཡིག་ནི་འགྲོ་བ་མིའི་འཚོ་སྡོད་ཐུབ་པའི་དབུགས་ཀྱི་རྒྱུ་བ་ཉག་གཅིག་ཏུ་སེམས། འུ་ཚོས་སྤྱོད་བཞིན་པའི་བརྡ་སྤྲོད་གཞུང་ལུགས་སམ་དྲིན་ལྡན་མའི་གསུང་སྐད་འདི་བོར་བརླག་ཏུ་སོང་ན་བཙན་པོའི་གདུང་རྒྱུད་དུ་གྲགས་པའི་རླབས་ཆེན་མི་རིགས་ཤིག་གོ་ལ་འདིར་གཏན་ཡལ་དུ་འགྲོ་ངེས་ཤིང༌། འུ་ཚོའི་སྐད་ཡིག་ནི་རིག་གཞུང་གཞན་རྣམས་བརྟེན་སའི་ས་གཞི་ལྟ་བུ་ཡིན་ལ་དེ་དག་རྩིས་ཐང་དང་བྱིན་རླབས་ཆེ་ནའང་ས་གཞི་ལྟ་བུའི་བརྡ་སྤྲོད་གཞུང་ལུགས་འདི་བརླག་སོང་ན་གཞན་རྣམས་རང་བཞིན་གྱིས་འགྱེལ་འགྲོ་བ་ཡིན། ས་གཞི་དང་བྲལ་བའི་སྐྱེ་དངོས་མེད་པ་ཇི་བཞིན་སྐད་ཡིག་དང་བྲལ་བའི་རིག་གཞུང་ཞིག་གཏན་ནས་ཡོད་མི་སྲིད། དེ་ལྟར་ཡོད་ན་དེ་ནི་སྐར་མ་བཞིན་མཁའ་དབྱིངས་སུ་འཕགས་པའི་སྐད་ཡིག་ཅིག་ཡིན་ངེས། རང་སྐད་མ་སྦྱང་བར་གཞན་སྐད་ལ་བརྟེན་པའི་མི་བུ་ཞིག་ཡིན་ན་དེ་ནི་སྡོང་སྐམ་ཞིག་ལ་མུ་ཏིག་གི་མཛེས་རྒྱན་བྱས་པ་ཙམ་ལས་དོན་གྱི་འབྲས་བུ་སྨིན་རྒྱུ་མེད་པ་ཞིག་རེད་སྙམ། ད་དུང་གཞུང་ཆེན་མོ་ལ་སྦྱང་གི་ཡོད་མདོག་གིས་བརྡ་སྤྲོད་རིག་གནས་ལ་སྣང་ཆུང་བྱེད་མཁན་གྱི་མི་དག་ནི་ཀློང་ཆེན་རབ་འབྱམས་པས་གསུངས་པ་ལྟར་བདག་གིས་དཔའ་བོ་ལག་རྡུམ་ཞིག་དང་མཚུངས་པར་འདོད་ལ། འདི་ལྟ་བུའི་མཁས་པ་ལག་རྡུམ་སྔར་མང་པོ་བྱུང་མྱོང་ལ་ད་ལྟའང་འཕེལ་རྒྱས་སུ་འགྲོ་བཞིན་པའི་སྒང་ཡིན། ལག་རྡུམ་དེ་དག་གིས་མི་རབས་ཕྱི་མ་ཚོར་བཞག་པའི་མཛད་རྗེས་མེད། འུ་ཚོའི་བརྡ་སྤྲོད་རིག་གཞུང་མ་སྦྱངས་པས་ལན་པ་མ་ཡིན་ནམ། གང་ལྟར་ངས་བརྗོད་འདོད་པ་ནི་འུ་ཚོས་དེ་རིང་ནས་འགོ་བཟུང་སྟེ་རང་གི་བརྡ་སྤྲོད་གཞུང་ལུགས་ལ་བརྟེན་ནས་རང་ཁ་གསོ་བའམ་རང་གི་མི་གཞི་བཞེངས་བསྐྲུན་བྱས་ཏེ་མི་བུ་སླད་མེད་ཅིག་བཟོ་དགོས་པ་ལས་གཞན་སྐད་རྐྱང་པས་ང་ཚོ་སྐྱོབ་མི་ཐུབ་པ་ནི་སྙན་ངག་པ་ཡི་དམ་ཚེ་རིང་གིས་རྩ་བ་བསློགས་ཟིན་པའི་སྡོང་པོ་དེ་ནོར་འཛིན་བུ་མོས་གཉོར་སྐྱོང་ལས་བྲལ་བའི་དུས་ནས་བཟུང་གཡུར་ཟའི་འབྲས་བུ་སྨིན་པའི་སྐལ་པ་ཆད་པ་ལྟར་ལགས་སོ།།

Share this:
༥༠ ཀློག་གྲངས།