ཨབ་གྷ་ནི་སི་ཐན་སྲིད་འཛིན་གྱིས་རྒྱ་གར་དུ་འཚམས་གཟིགས།

སྐུ་ཞབས་ཧཱ་མིཌ་ཁར་ཛཱ་ད་ཐེངས་རྒྱ་གར་དུ་ཉིན་གཉིས་རིང་འཚམས་གཟིགས་ཀྱི་སྐབས་འདིར་ཨབ་གྷ་ནི་སི་ཐན་དང་། པཱ་ཀི་སི་ཐན་གཉིས་ཀྱི་དབར་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པའི་དུས་སུ་ཁེལ་ཡོད་པ་དང་། ཟླ་སྔོན་མའི་ནང་ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་ཟུར་པ་རཱ་བྷ་ནི་སྐུ་བཀྲོངས་ཡོད་པ་དང། ཨབ་གྷ་ནི་སི་ཐན་གྱི་གཞུང་འབྲེལ་ནས་“པཱ་ཀི་སི་ཐན་གྱི་གསང་བའི་ལས་དོན་ཚན་པའི་མཐུན་འགྱུར་འོག འཇིགས་སྐུལ་རིང་ལུགས་མི་སྣས་བཀྲོངས་པ་རེད་”བཅས་བཤད་བཞིན་ཡོད་ཀྱང་། དེ་ལྟར་པཱ་ཀི་སི་ཐན་གཞུང་ཕྱོགས་ནས་ཁས་ལེན་བྱེད་ཀྱི་མེད་པ་རེད།

ཐེངས་འདིའི་ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་ཧཱ་མིཌ་ཁར་ཛཱ་འཚམས་གཟིགས་སྐབས་རྒྱལ་ཁབ་གཉིས་ཀྱི་བར་གྲོས་གཞི་ཁག་ཁ་ཤས་ལ་མོས་མཐུན་མཚན་རྟགས་འགོད་ཀྱི་ཡོད་པ་དང་། དེའི་ནང་གལ་གནད་ཆེ་བ་གཉིས་ནི་རྒྱ་གར་གཞུང་ཕྱོགས་ནས་ཨབ་གྷ་ནི་སི་ཐན་གྱི་བདེ་འཇགས་དང་ཡར་རྒྱས་གཏོང་ཆེད་དུ་དམག་མིར་སྦྱོང་བརྡར་སྤྲོད་རྒྱུ་དང། ཨབ་གྷ་ནི་སི་ཐན་ནང་རྒྱ་གར་གྱིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཁག་གཅིག་འཛུགས་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་འདུག

ཕྱི་ཟླ་༩ ཚེས་༢༠ ཉིན་ཏ་ལི་བྷན་གྱིས་ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་ཟུར་པ་སྐུ་ཞབས་བཱར་ཧ་ནུཌ་དིན་རཱབ་བཱ་ནི་མཆོག་ཀ་བཱུལ་ནང་རང་གི་སྡོད་ཤག་ཏུ་སྐུ་བཀྲོངས་ཡོད་པ་དང། བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཏ་ལི་བྷན་མགྲིན་ཚབ་པས“ང་ཚོས་སྲིད་འཛིན་ཟུར་པ་ཁོང་དང་གྲོས་མོལ་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་ཏེ།  ཁོང་གིས་ང་ཚོར་ཡིད་ཆེས་བློས་འགེལ་ཐུབ་པ་བཟོས་རྗེས།  རང་སྲོག་བློས་གཏོང་མཁན་གྱི་མི་བཏང་སྟེ་བཀྲོངས་པ་ཡིན་”ཞེས་བཤད་ཡོད་པ་རེད།

སྲིད་འཛིན་ཟུར་པ་ཁོང་གིས་ཏ་ལི་བྷན་འཇིགས་སྐུལ་ཚོགས་པ་དང་ཞི་འགྲིག་ཡོང་ཐབས་བྱས་ཡོད་པ་དང་། ཞི་བདེ་ལྷན་ཚོགས་ཀྱི་ཚོགས་མི་ཞིག་གིས་བརྗོད་དོན། “སྲིད་འཛིན་ཟུར་པ་དམ་པ་ཁོང་སྐུ་བཀྲོངས་པ་དེས་རྒྱལ་ཁབ་ནང་ཞི་འགྲིག་ཡོང་བའི་ལས་འགུལ་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་པ་དང།   དམ་པ་ཁོང་ནི་འགོ་ཁྲིད་ནང་གལ་གནད་ཆེ་བ་ཞིག་ཡིན་པ་མ་ཟད།  ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཀྱང་རེད་”ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།།

Share this:
༦༢ ཀློག་གྲངས།