ྋགོང་ས་མཆོག་ཡོ་རོབ་ཁུལ་དུ་ཆིབས་བསྒྱུར།

ཁྲིམས་ཀྱི་ཐད་ནས་ཆ་རྐྱེན་ཚང་གི་མེད་སྐོར་སོགས་བཀའ་གནང་ཡོད་པ་རེད། ྋགོང་ས་མཆོག་ཡོ་རོབ་གྲོས་ཚོགས་ལ་ཕེབས་ནས་འགྲོ་བ་མི་སྤྱི་དང་ལྷག་པར་བོད་རིགས་རྣམས་ཀྱི་བདེ་དོན་ཆེད་འགན་ཁུན་གྱིས་འབད་བརྩོན་གནང་བའི་སྐོར་དང༌། རྒྱ་ནག་གིས་དྲག་པོའི་བྱ་སྤྱོད་འོག་རྩ་མེད་དུ་འགྲོ་བཞིན་པའི་ད་ལྟའི་བོད་ཀྱི་གནས་བབ་སོགས་ངོ་སྤྲོད་གནང་བ་དང༌། བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་སེལ་བར་མུ་འཐུད་ནས་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ལེགས་འབུལ་དང་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

ཕྱི་ཚེས་༥ ཉིན་ྋགོང་ས་མཆོག་པོ་ལཱེན་ཌ་རུ་ཕེབས་པ་དང༌། པོ་ལཱན་ཌའི་སྲིད་འཛིན་ཟུར་པ་དང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ལེཁ་ཝ་ལེ་ས་སོགས་མི་སྣ་གལ་ཆེན་དུ་མར་མཇལ་འཕྲད་བཀའ་མོལ་གནང་ཡོད་པ་རེད། ྋགོང་ས་མཆོག་ཡོ་རོབ་ཏུ་ཕེབས་འགོ་ཚུགས་སྐབས་ནས་རྒྱ་ནག་གིས་གནོད་ཤུགས་ཧ་ཅང་ཤུགས་ཆེན་བྱུང་ཡོད་ལ། ཁྱད་པར་དུ་ཧཕ་རན་སིའི་སྲིད་འཛིན་སར་ཀོ་ཟི་དང་ཐུགས་འཕྲད་བྱེད་རྒྱུར་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་རེད། ཡིན་ནའང་ྋགོང་ས་མཆོག་གིས་འདས་པའི་ལོ་རབས་ཁྲོད་དྲག་པོའི་དམག་གི་ལམ་ནས་གནད་དོན་ཐག་གཅོད་བྱེད་ཐབས་བྱས་ཀྱང་རྙོག་གྲ་ཇེ་མང་དུ་ཕྱིན་པ་ལས་མེད་པ་བཟོ་ཐུབ་མེད། ད་ལྟའི་དུས་རབས་འདིར་ཞི་བའི་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་བྱེད་དགོས་ཞེས་སོགས་བཀའ་སློབ་དུ་མ་བསྩལ་ཡོད་འདུག

ཕྱི་ཚེས་༦ ཉིན་ཧྥ་རན་སིའི་སྲིད་འཛིན་མཆོག་གིས་རྒྱ་ནག་གིས་ངོ་རྒོལ་དང་འབོད་སྐུལ་སོགས་གནོད་ཤུགས་ཡོད་ཚད་ལ་རྩིས་མེད་ཀྱིས་ྋགོང་ས་མཆོག་དང་པོ་ལན་ཌར་མཇལ་འཕྲད་གནང་ཡོད་པ་རེད། རྒྱ་ནག་གིས་མཇལ་འཕྲད་འདི་སྐབས་འཚོལ་རིང་ལུགས་ཤིག་ཡིན་པ་ལས་ཕུགས་བསམ་མེད་པ་ཞིག་རེད་ཅེས་འགྲེལ་བརྗོད་བྱས་པ་དང༌། སྲིད་འཛིན་མཆོག་གིས་ྋགོང་ས་མཆོག་ལ་ཁོང་གིས་ཐུག་འཕྲད་འདིའི་དགོས་དམིགས་ནི་བོད་ལ་རང་བཙན་རྩོད་ཆེད་མིན་པ་དང་བོད་རྒྱ་གཉིས་གྲོས་མོལ་ལམ་ནས་ཞི་འགྲིག་ཡོང་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་སྐོར་གསུངས་ཡོད་འདུག དབུ་ཁྲིད་གཉིས་པོ་པོ་ལཱན་ཌའི་ནོ་སྦེལ་ཞི་བདེའི་གཟེགས་རྟགས་ཐོབ་མཁན་དང་པོ་ལཱན་ཌའི་མང་གཙོ་དོན་གཉེར་གྱི་དབུ་ཁྲིད་ལེཁ་ཝ་ལེ་ས་ཡི་དུས་དྲན་ཐེངས་༢༥ ལ་ཞུགས་ཡོད་པ་རེད།།

Share this:
༡༢༩ ཀློག་གྲངས།