དམ་དྲག་ཧ་ཅང་ཆེན་པོ་འདུག

ཁོང་ལྷ་སར་ཐོག་མར་ཕེབས་སྐབས་གྲྭ་ཆས་གྱོན་ཡོད་སྟབས་མགྲོན་ཁང་གང་དུ་ཕྱིན་རུང་ཁང་པ་སྟོང་པ་མེད་ཟེར་ནས་ཁང་པ་གཡར་མཁན་མེད་པ་དང༌། མགྲོན་ཁང་བདག་པོ་བོད་པ་ཞིག་གིས་དགོངས་པ་མ་འཚོམས་རོགས། ང་ཚོ་ལ་ཉེན་རྟོག་པས་གྲྭ་བཙུན་ལ་མགྲོན་ཁང་གཡར་མི་ཆོག་ཟེར་ནས་ཉིན་ལྟར་ཐེངས་གཉིས་རེ་སླེབས་ཀྱི་ཡོད་ལུགས་གསུངས་ནས་གྲྭ་ཆས་ཕུད་པ་ཡིན། བར་སྐོར་དུ་ཕྱིན་སྐབས་ཕོ་སར་ལོ་ངོ་ཉི་ཤུ་ཡས་མས་ཞིག་ཡིན་པ་མི་དྲུག་ཙམ་ཕ་ཡུལ་ནས་བྲོས་ཡོང་བ་ཡིན་པ་ངོ་ཤེས་ནས་འཛིན་བཟུང་བྱས་སོང༌། ཁང་ཐོག་གང་སར་དམག་མིས་རྒྱང་ཤེལ་ཁྱེར་ནས་སོ་ལྟ་བྱེད་ཀྱི་ཡོད་པ་དང་རྒྱ་ལམ་དང་སྲང་ལམ་གང་སར་ཉེན་རྟོག་པ་མེད་ས་མི་འདུག གལ་ཏེ་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་པ་མི་གཉིས་གསུམ་རེ་མཉམ་དུ་ཕྱིན་ཚེ་འདྲི་རྩད་དང་འཛིན་བཟུང་བྱེད་ཀྱི་འདུག ད་ལོའི་ལས་འགུལ་སྐབས་སྐྱེ་རྒུ་རྫོང་དུ་སློབ་མ་ཁ་ཤས་ཤིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རྒྱ་ནག་གི་རྒྱལ་དར་མེ་བསྲེགས་བྱས་པ་རེད་ཟེར། དེའི་སྐབས་བོད་པའི་གསར་འགོད་པ་གླ་པ་ཞིག་གིས་རྒྱལ་ཁབ་དྲུག་ཏུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ཟླ་བ་གཉིས་ཙམ་བཀག་ཉར་བྱས། དེས་རྐྱེན་གྱིས་རྫོང་ཐོག་ཏུ་དྲ་ཁང་ཆེན་པོ་གཉིས་སྒོ་བརྒྱབ་པ་རེད། དྲ་ཁང་དེ་དག་ནི་ཧ་ཅང་ཆེན་པོ་ཡིན་པ་མ་ཟད་རེ་རེའི་ནང་གློག་ཀླད་བརྒྱ་ལྷག་ཙམ་འདུག ཕྱིས་སུ་དྲ་ཁང་དེ་དག་ནང་རྩེད་མོའི་རིགས་རྩེ་ཆོག་པ་ལས་དྲ་ལམ་ཕྱེ་མི་འདུག ཨོ་ལིམ་པིག་རྩེད་འགྲན་སྐབས་གྲོང་གསེབ་ནས་གྲོང་ཁྱེར་དུ་བོད་པ་འགྲོ་མི་ཆོག་པ་དང༌། དགོན་པའི་གྲྭ་པ་ཚོ་གྲོང་གསེབ་དང་གྲོང་ཁྱེར་ཡོང་མི་ཆོག་བྱས་སོང་ཞེས་འགྲེལ་བརྗོད་གནང་སོང༌།

དེ་བཞིན་ཁོང་གསེར་རྟ་བླ་རུང་སྒར་དང་མཁན་པོ་ཨ་ཁྱུག་སྒར་གཉིས་ལ་ཕྱིན་འདུག སྒར་དེ་གཉིས་པོའི་མཐར་རྒྱ་གཞུང་གིས་ལྕགས་རི་བསྐོར་ནས་ལྕགས་རིའི་ཕྱི་ལོགས་སུ་གྲྭ་ཤག་གསར་རྒྱག་བྱེད་མི་ཆོག་པས། ཕྱིས་སུ་དགོན་པ་འཕེལ་རྒྱས་འགྲོ་ས་མེད་པར་བྱས་ཡོད་པ་རེད། གསེར་རྟ་སྒར་དུ་ཕྱིན་སྐབས་སྤྱི་ལེ་རེ་གཉིས་སར་ཉེན་རྟོག་པ་ལྔ་དྲུག་རེས་འདྲི་རྩད་བྱེད་ཀྱི་འདུག ཨ་ཁྱུག་སྒར་གྱི་གྲྭ་པ་དང་བཙུན་མའི་ཤག་ཕྱོགས་གཉིས་སུ་ཡོད་པའི་དཀྱིལ་དུ་ཆུ་ཞིག་ཡོད་པ་དེའི་འགྲམ་དུ་ཉེན་རྟོག་ལྷན་ཁང་བཙུགས་ནས་རྒྱ་མིའི་རྒྱལ་དར་ཆེན་པོ་ཞིག་བསྒྲེངས་འདུག དགོན་པ་དེ་དག་གི་ནང་དུ་ཧ་ཅང་དམ་དྲག་ཆེན་པོ་ཡོད་རེད་བརྗོད་བྱུང༌།

ཁོང་སྐྱེ་རྒུ་ཁུལ་ཆུ་དམར་རྫོང་དུ་ཕྱིན་པ་ཡིན་ཟེར། དེར་གདོད་མ་ནས་འབྲོག་ས་ཡིན་པ་ལས་ཞིང་ཁའི་ཐོན་སྐྱེད་མི་འདུག འོན་ཀྱང་རྒྱ་གཞུང་གིས་འབྲོག་པ་ཚོར་ཁང་པ་བརྒྱབ་ནས་འབྲོག་པ་གྲོང་པར་བསྒྱུར་ཡོད་པ་རེད། འབྲོག་པ་ཚོས་སྒོ་ཕྱུགས་སེམས་ཅན་ཡོད་ཚད་རྒྱ་མིའི་ཚོང་པ་ཚོར་སྡེབས་ཚོང་བྱས་ནས་རྒྱ་མི་དེ་དག་གིས་འབྲོག་པ་ལས་ཀ་བྱེད་མཁན་ཁ་ཤས་ལ་གླ་སྤྲད་དེ་འབྲོག་ལས་བྱེད་བཅུག་འདུག ལོ་ཤས་རྗེས་སུ་གཡག་ཤ་དང་འབྲི་མར་སོགས་རྒྱ་མིའི་ལག་ནས་ཉོ་དགོས་པའི་ཉེན་ཁ་ལ་སླེབས་འདུག འབྲོག་པ་ཚོར་ཐོག་མར་གྲོང་ཁྱེར་གྱི་འཚོ་བ་དེ་སྐྱིད་སྣང་ཞིག་ཤར་ཡོད་རུང་རིམ་པས་ཤ་མར་དཀོན་པ་དང༌། ད་ལོ་དབྱར་རྩྭ་དགུན་འབུའི་གོང་ཆག་ནས་གྱོང་གུད་ཧ་ཅང་ཆེན་པོ་རག་པ་སོགས་དཀའ་ངལ་འཕྲད་བསྡད་ཡོད་རེད། འབྲོག་པ་ཚོར་དབྱར་རྩྭ་དགུན་འབུ་ཙམ་ལས་ཚོང་ལས་གཞན་གཉེར་རྒྱུའི་བསམ་བློ་མི་འདུག ཕོ་སར་མང་པོ་ཞིག་གིས་གྲོང་ཁྱེར་ནས་ལས་ཀ་མེད་སྟབས་རྐུ་བྱེད་པ་སོགས་ལས་ཀ་མ་རབས་བྱེད་མཁན་ཇེ་མང་དུ་འགྲོ་སྡོད་ཡོད་པ་རེད་ཟེར། ད་ལོ་ཡུལ་ཤུལ་གྱི་རྟ་རྒྱུག་ཆེན་པོ་དེ་མེད་པ་རེད། དེ་ནི་ལོ་ལྟར་ཉིན་བཅུ་གྲངས་རིང་རྩྭ་ཐང་སྟེང་གུར་སྟོང་ཚོ་བརྒལ་བར་ཕུབ་ནས་རྟ་རྒྱུག་དང་རྩེད་མོ། གཞས་ཞབས་བྲོ་སོགས་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་དབྱར་སྐྱིད་གཏོང་སྲོལ་ཡོད། འོན་ཀྱང་རྟ་རྒྱུག་རྩེད་མོ་དེ་ཉིད་སྤྱི་ཟླ་བརྒྱད་པའི་ནང་འགོ་བཙུགས་ཀྱི་ཡོད་སྟབས་ད་ལོ་ཆེད་དུ་མེད་པ་བྱས་འདུག རྟ་རྒྱུག་རྩེད་མོ་དེ་བཞིན་ལི་ཐང་དུ་རྩེད་སྲོལ་ཡོད་མོད་དེ་ཡང་ད་ལོ་མེད་པར་བྱས་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།། བལ་ཡུལ་གསར་འགོད་པས།

Share this:
༡༠༥ ཀློག་གྲངས།