ནགས་ཚང་ཞི་ལུའི་སྐྱིད་སྡུག་ངོ་སྤྲོད།

དེབ་འདིའི་ཟུར་རྒྱན་དུ་<<ནགས་ཚང་ཞི་ལུའི་སྐྱིད་སྡུག་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད>>དང༌། <<དགེ་བཤེས་བསོད་ནམས་ཕུན་ཚོགས་ཀྱིས་རྒྱལ་ཁབ་ཁ་བྲལ་གཏོང་བའི་ངན་སྐུལ་བྱས་ཡོད་ཅེས་པའི་ནག་ཉེས་ཉེས་དོན་གྱི་དག་སེལ་ཞུ་ཡིག>>ཅེས་ཏྲེ་ཧོར་དགེ་བཤེས་བསོད་ནམས་ཕུན་ཚོགས་མཆོག་ལ་རྒྱ་གཞུང་གིས་མ་ཉེས་ཁ་ཡོག་གིས་ཆབ་སྲིད་ཀྱི་ཞྭ་མོ་གཡོགས་ནས་བཙོན་འཇུག་བྱེད་སྐབས་ནགས་ཚང་ནུས་བློས་དྭང་བླངས་ཀྱི་ཐོག་ནས་ཁོང་གི་ཁྲིམས་རྩོད་པ་གནང་ཡོད་པ་དང༌། སྐབས་དེ་དུས་ཁྲིམས་ར་ནས་བཤད་པའི་དག་སེལ་ཞུ་ཡིག་ཀྱང་དེབ་འདིའི་ནང་དུ་བཀོད་ཡོད་པས། ཏྲེ་ཧོར་དགེ་བཤེས་བསོད་ནམས་ཕུན་ཚོགས་ལགས་སུ་མ་ཉེས་ཁ་ཡོག་ཇི་ལྟར་བྱས་ཡོད་མེད་དང༌། འདི་དང་འདི་ལྟ་བུའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་རྒྱ་གཞུང་གིས་མ་ཉེས་ཁ་ཡོག་ཇི་ལྟར་བྱེད་བཞིན་ཡོད་མེད་ཀྱང་ཟུར་བལྟས་ལེབ་མཐོང་བཞིན་རྭ་སྤྲོད་གསལ་པོ་བྱས་ཡོད།

དེབ་འདིའི་དམིགས་བསལ་ཁྱད་ཆོས།

༡༽ དེབ་འདི་ལ་མཚོན་ན་བོད་ས་མ་ཤོར་གོང་གི་བོད་རིགས་མི་མང་སྤྱི་དང༌། ལྷག་པར་དུ་མདོ་སྨད་ས་ཁུལ་གྱི་འབྲོག་པ་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཞིབ་ཕྲ་བྲིས་ཡོད་ལ། གནའ་ནས་ད་བར་འདི་ལྟར་མི་མང་དཀྱུས་མའི་འཚོ་བ་དངོས་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པའི་དེབ་ཐེར་ཐོག་མ་ལྟ་བུ་ཆགས་ཡོད། དེ་བཞིན་བོད་ས་མ་ཤོར་གོང་གི་བོད་ནང་གི་རང་བྱུང་ཁོར་ཡུག་དང༌། རི་སྐྱེས་སྲོག་ཆགས་ཀྱི་འཕེལ་རྒྱས་དངོས་མཐོང་ཡིག་ཐོག་ཏུ་བཀོད་ཡོད་པ་མ་ཟད། ད་ལྟ་བོད་ནང་གི་རི་སྐྱེས་གཅན་གཟན་རི་དྭགས་ཀྱི་གནས་སྟངས་གཉིས་གཤིབས་བསྡུར་བྱས་ན་བློ་ཕམ་སྐྱེ་དགོས་པའི་གནས་སྟངས་ཤིག་ཡིན་པ་ཤུགས་ཀྱིས་གསལ་པོ་ཆགས་ཡོད།

༢༽ བོད་ནང་དུ་རྒྱ་དམར་དྲག་དཔུང་གིས་བཙན་འཛུལ་བྱེད་པའི་སྐབས་བོད་མི་རིགས་དམར་གསོད་བཏང་བ་དང༌། བཙོན་ཁང་དུ་མནར་གཅོད་དང་རྡུང་རྡེག་འོག་མུག་ཤི་ཐེབས་པའི་གནས་སྟངས་སོགས་ཁོང་གི་མཐོང་ཐོས་དངོས་ལ་བརྟེན་ནས་གསལ་པོ་བྲིས་ཡོད། དེབ་འདི་ལ་མཚོན་ན་དཀའ་ངལ་སྣ་ཚོགས་ཀྱི་འོག་ནས་བོད་རིགས་མུག་ཤི་ཐེབས་པ་གཙོ་བོ་ཁམས་ཡུལ་ཤུལ་ཆུ་དམར་ལེབ་རྫོང་གི་གནས་སྟངས་གཞི་ལ་བཞག་ནས་བྲིས་ཡོད་ཀྱང༌། བོད་ས་སྟོད་སྨད་བར་གསུམ་གྱི་དཀའ་སྡུག་གི་གནས་སྟངས་གཅིག་མཚུངས་ལྟ་བུ་ཆགས་ཡོད་པས་དེབ་འདིས་བོད་ཡུལ་ཧྲིལ་པོར་རྒྱ་དམར་གྱི་བཙན་གནོན་འོག་དཀའ་སྡུག་ཇི་ལྟར་མྱོང་བ་ཤེས་ཐུབ།

༣༽ ཁོང་གི་དེབ་འདིའི་ནང་དུ་རྒྱ་མི་སྡུག་ས་དང༌། བོད་མི་ཡག་ས་རྐྱང་པ་བྲིས་པ་ལྟ་བུ་ཕྱོགས་ལྷུང་གི་ལོ་རྒྱུས་མ་ཡིན་པར་རྒྱ་མིའི་མ་འགྲིག་པ་དང་འགྲིག་པ། བོད་མིའི་མ་འགྲིག་པ་དང་འགྲིག་པ་བཅས་ཚང་མ་གསལ་པོ་བྲིས་འདུག་ལ། བོད་ས་མ་ཤོར་གོང་གྲལ་རིམ་དང་མཐོ་དམན་དབང་ཤེད་ལ་བརྟེན་ནས་ཉམ་ཆུང་ལ་ཐུབ་ཚོད་བཏང་བ་ཁོ་རང་གི་ཕ་ལ། ཆུ་ཁ་མའི་དགོན་པའི་དགེ་བསྐོས་ཀྱིས་གྲྭ་མང་འདུས་པའི་སར་ལུས་གཅེར་བུར་ཕུད་ནས་ལྕག་ཚན་གང་མང་གཞུས་པ་ལྟ་བུ་ཡང་གསལ་པོ་བྲིས་ཡོད་པས། ཚད་ལྡན་གྱི་ལོ་རྒྱུས་དེབ་ཐེར་ཞིག་གི་མཚན་ཉིད་ཚང་ཡོད།

༤༽ ལྷག་པར་དུ་ཁོང་ལ་མཚོན་ན་ད་ལྟ་བོད་ནང་དུ་བཞུགས་ཡོད་པ་མ་ཟད། དེ་སྔོན་ཆུ་དམར་རྫོང་གི་རྫོང་དཔོན་གཞོན་པ་དང༌། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ཁྲིམས་ཁང་སོགས་རྒྱ་གཞུང་གི་གནས་རིམ་མཐོ་བའི་དཔོན་རིགས་ཀྱི་གོ་གནས་བཟུང་ནས་ད་ལྟ་བགྲེས་ཡོལ་དུ་ཕེབས་ཟིན་ཡོད་པའི་གནད་ཡོད་མི་སྣ་ཞིག་ཡིན་པས། ཕྱོགས་མང་པོའི་གནས་སྟངས་ལ་རྒྱུས་མངའ་ཆེན་པོ་ཡོད།

༥༽ དེབ་འདི་ནི་བོད་ནང་ནས་བྲིས་ཏེ་བཀྲམ་པའི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་གནས་སྟངས་ཞིབ་ཕྲ་འཁོད་པའི་དེབ་དང་པོ་དེ་ཆགས་ཡོད།

༦༽ དེབ་འདི་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཞིག་གིས་བཀླག་ན་ལོ་རྒྱུས་ཁ་གསལ་གཏིང་ཟབ་ཀྱིས་བྲིས་ཡོད་པས་དུས་ཚོད་དེའི་ནང་གི་ལོ་རྒྱུས་ངོ་མ་ཤེས་ཐུབ་པའི་ཕན་ཡོན་ལྡན་ཡོད། ལོ་རྒྱུས་ལ་དོ་སྣང་གཏན་ནས་མེད་མཁན་ཞིག་ཡིན་ཡང་དེབ་དེ་བཀླག་ན་ཁོར་ཡུག་ཞིབ་འབྲི་དང༌། མི་སྣའི་རྣམ་འགྱུར། སྐད་ཆའི་གོ་རིམ་སོགས་སྒྱུ་རྩལ་གྱི་བྲོ་བ་ཆེས་ཆེར་ལྡན་པའི་བརྩམས་སྒྲུང་ལྟ་བུའི་ཁྱད་ཆོས་ཀྱང་ལྡན་ཡོད།

ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དེབ་དེ་འདི་ག་ཁ་བ་དཀར་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ནས་པར་སྐྲུན་བྱས་ཡོད་པ་དང༌། དེབ་དེ་དགྱེས་གཟིགས་གནང་འདོད་ཡོད་མཁན་རྣམས་ཀྱིས་བོད་ཀྱི་བང་ཆེན་གསར་ཤོག་གི་ཁ་བྱང་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ་བཞིན་ཡོད།།

 

 
Share this:
༢༠༧ ཀློག་གྲངས།