ཕྲུ་གུ་རེ་ལ་འཆར་གཞི་རེ་རེ་སྒྲིག་དགོས་ཀྱི་ཡོད་པ་རེད།

རིགས་གཅིག་མ་སུ་རིའི་བོད་ཁྱིམ་སློབ་གྲྭར་འགྲོ་ཡི་ཡོད་པ་རེད། བོད་ཕྲུག་ཁྱིམ་སྡེར་དམིགས་བསལ་ཟུར་སྦྱོང་རིག་གནས་མང་པོ་ཡོད་པ་རེད། སློབ་སྦྱོང་བྱེད་པའི་ཐབས་ལམ་གཉིས་ཡོད་པ་རེད། སྒྲིག་འཛུགས་འོག་ནས་འགྲོ་དགོས་པ་དང༌། སྒྲིག་འཛུགས་འོག་ནས་འགྲོ་མ་དགོས་པ་གཉིས་ཡོད་པ་རེད། སྒྲིག་འཛུགས་འོག་ནས་འགྲོ་མ་དགོས་པ་དེ་ཡང་ང་ཚོས་གནད་འགག་ལ་བརྩི་ཡི་ཡོད། ཕྲུ་གུ་རེར་ལོ་རེར་མི་ཚེ་ལ་ཕན་པའི་ལག་ཤེས་ག་རེ་དགོས་ཀྱི་ཡོད། ཤེས་ཡོན་དང་འབྲེལ་བ་ཡོད་པ། འབྲེལ་བ་མེད་པ་དེ་འདྲ་ཡོད་པ་རེད། ཕྲུ་གུ་རིག་པ་འདྲ་མི་འདྲ། ཕ་མའི་གནས་སྟངས་འདྲ་མི་འདྲ་ཡོད་པ་རེད། ང་ཚོའི་ཕྲུ་གུ་རེ་ལ་འཆར་གཞི་རེ་རེ་སྒྲིག་དགོས་ཀྱི་ཡོད་པ་རེད། ཕ་མས་འགན་ཁུར་བའི་ལས་ཀ་ནང་བཞིན་བྱེད་དགོས་ཀྱི་ཡོད་པ་རེད། ནམ་རྒྱུན་གྱི་སློབ་གྲྭའི་འཛིན་སྐྱོང་བྱེད་སྟངས་དང་ང་ཚོའི་འཛིན་སྐྱོང་མི་འདྲ་བ་རེད། སྔོན་འགྲོ་དང༌། གཞི་རིམ་གོང་འོག་ག་འདྲ་འགྲོ་དགོས་ཀྱི་འདུག འཛིན་གྲྭ་བཅུ་གཅིག་བཅུ་གཉིས་ལ་ག་འདྲ་གཏོང་དགོས་ཀྱི་འདུག ལག་ཤེས་སློབ་གྲྭར་ག་འདྲ་གཏོང་དགོས་ཀྱི་འདུག་བལྟ་དགོས་པ་རེད། དེ་དག་དགོས་ན་མཐུན་རྐྱེན་ཚང་མ་ང་ཚོས་བསྐྲུན་དགོས་པ་རེད། ལས་ཀ་གང་ནས་རག་གི་འདུག ཐབས་ཤེས་ག་རེ་དགོས་ཀྱི་འདུག རིགས་གཅིག་མཐོ་རིམ་སློབ་གྲྭར་འགྲོ་ཡི་ཡོད་པ་རེད། མཐོ་རིམ་སློབ་གྲྭར་འགྲོ་མཁན་ཚོ་ྋརྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་མཐོ་སློབ་གང་འཚམས་ཡག་ཤོས་ནང་ལ་སླེབས་བསྡད་ཡོད་པ་རེད། ཁོང་ཚོར་སློབ་ཡོན་གཏོང་དགོས་པ་རེད། རང་མགོ་མ་ཐོན་བར་དུ་བདག་སྐྱོང་བྱེད་དགོས་པ་རེད། དེ་ཚོ་བོད་ཁྱིམ་གྱི་ལས་འགན་གཙོ་བོ་རེད་ཅེས་གསུངས་སོང༌།

ྋགོང་ས་མཆོག་གིས་ཉེ་བའི་ཆར་རིགས་གཅིག་རྐང་འཛིན་གྱི་ཐོག་ལ་ནུས་པ་འདོན་དགོས་སྐོར་བཀའ་གནང་ཡོད་པ་རེད། དེའི་ཐོག་དགོངས་ཚུལ་ག་རེ་ཡོད་ཅེས་དྲིས་པར། ཁོང་གིས་བོད་ཕྲུག་ཁྱིམ་སྡེར་ཕྲུ་གུ་འབོར་ཆེན་པོ་རེད། བར་སྐབས་ཤིག་ནས་ཕྲུ་གུ་རིག་པ་ཡག་པོ་ཡོད་མཁན་དེ་ཚོར་དམིགས་བསལ་གྱིས་སེའ་ལ་ཁུ་རུ་སློབ་གྲྭ་ཞིག་བཙུགས་པ་རེད། བོད་ཕྲུག་ཁྱིམ་སྡེའི་རིག་པ་ཡག་པོ་ཡོད་མཁན་ལོ་རེར་ཕྲུ་གུ་ལྔ་བཅུ་དྲུག་ཅུ་དེར་སླེབས་ཐུབ་ན། བོད་མི་མང་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག གཉིས་པ་དེར་བྷེང་ལོར་དུ་མཐོ་རིམ་སློབ་གྲྭ་ཞིག་རྒྱག་གི་ཡོད་པ་རེད། ད་ལྟ་རྒྱ་གར་མཐོ་རིམ་སློབ་གྲྭར་མ་བཏང་རང་བཏང་རེད། དེ་ལ་སྐྱོན་ཞེ་དྲག་ཡོད་པ་མ་རེད་མོད། འཛིན་གྲྭ་བཅུ་གཉིས་བར་དུ་བོད་ཡིག་སྦྱངས། ལོ་གསུམ་བཞི། ལྔའི་ནང་ལ་བོད་པའི་རིག་གཞུང་དང་འབྲེལ་བ་མེད་པ་ཆགས་ཡོད་པས། ཐ་མར་ལག་ཁྱེར་ཞིག་ཁྱེར་ཡོང་གི་རེད་མོད། བོད་པའི་རྩ་བའི་མ་རྩ་དེ་ཕན་མ་ཐོགས་པ་ཆགས། དེ་ལས་མཐོ་རིམ་སློབ་གྲྭ་ཞིག་བཙུགས་ཐུབ་ན་དེང་དུས་ཀྱི་ཤེས་ཡོན་གྱི་ཐོག་རང་གི་རིག་གཞུང༌། རང་གི་མ་སྐད་ཐོག་ཕྱུག་པོ་ཆགས་ནས་གཤོག་པ་གཉིས་ལྡན་ཡོང་རྒྱུར་རེ་བ་འཆང་ནས་མཐོ་སློབ་དེ་བཙུགས་པ་རེད།

ྋགོང་ས་མཆོག་གིས་སྔོན་མ་སློབ་གྲྭ་ཁག་གི་སློབ་དེབ་ཚང་མ་བོད་ཡིག་ཐོག་སློབ་ཁྲིད་ཡོང་ཐབས་དགོས་སྐོར་ལ་བཀའ་སློབ་གནང་ཡོད་པ་རེད། དེ་ལག་ལེན་གནང་ཐུབ་ཀྱི་ཡོད་མེད་སྐོར་དྲིས་པར། ཁོང་གིས་འཛིན་གྲྭ་བཅུ་གཉིས་བར་དུ་ཀློག་དེབ་ཆ་ཚང་བོད་ཡིག་ཐོག་སློབ་ཁྲིད་དགོས་པའི་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད་མོད། ད་ལྟ་མཐུན་རྐྱེན་སྦྱར་ཐུབ་ཀྱི་མི་འདུག ང་ཚོ་ཕར་ཞོག ཤེས་རིག་ལྷན་ཁང་གི་ངོས་ནས་ཀྱང་གནང་ཐུབ་ཀྱི་ཡོད་མ་རེད། བཀའ་སློབ་དེ་ང་ཚོས་སྙིང་ལ་བཅངས་ནས་དམའ་རིམ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་དུ་ཀློག་དེབ་རང་གིས་བཟོས། འགོ་བཙུགས་པ་རེད། ད་ལོ་ནས་འཛིན་གྲྭ་དྲུག་པ་བདུན་པ། བརྒྱད་པ་བར་དུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སློབ་གཞིའི་འཆར་གཞི་ཆ་ཚང་ཡོད། གོམ་པ་དང་པོ་དེ་འདྲ་རྒྱག་གི་ཡོད།

ཤེས་ཡོན་སྲིད་བྱུས་གསར་པའི་ཐོག་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས་ད་ལྟ་སྤྱི་ཚོགས་ནང་བོད་ཕྲུག་ཁྱིམ་སྡེའི་ཤེས་ཡོན་སྲིད་བྱུས་ལག་ལེན་འདེབས་ཀྱི་མི་འདུག་ཟེར། དེ་རྫུན་མ་རེད་ཅེས་ངས་གསལ་བོ་ཞུ་རྒྱུ་ཡིན། ཤེས་ཡོན་སྲིད་བྱུས་དེ་བོད་སྤྱི་པའི་སྲིད་བྱུས་ཤིག་རེད། ལྟ་བའི་ཐོག་ནས་བཟོ་ཐུབ་ཀྱི་ཡོད་པ་རེད་མོད། ལག་ལེན་ང་ཚོས་འདེབས་དགོས་པ་རེད། དེའི་ཐོག་མཐུན་རྐྱེན་མང་པོ་ཞེ་དྲག་ཚང་དགོས་ཀྱི་འདུག བོད་ཕྲུག་ཁྱིམ་སྡེའི་འཛིན་སྐྱོང་མཐོ་ཤོས་ཨ་མ་ལགས་བཀའ་ཟུར་རྗེ་བཙུན་པདྨ་དབུ་བཞུགས་ཐོག་འགན་འཛིན་ལྷན་ཚོགས་ཡོད་པ་རེད། འགན་འཛིན་ལྷན་ཚོགས་དེ་ནས་ཤེས་ཡོན་སྲིད་བྱུས་དེ་བོད་ཕྲུག་ཁྱིམ་སྡེའི་ནང་དོན་དང་ལྔན་པ་ཞིག་ལག་ལེན་དགོས་ཀྱི་ཡོད་ན། སྔོན་འགྲོ་དེ་ལ་དྭགས་བྱང་ཐང་གི་སློབ་གྲྭ་ཁག་ནས་འགོ་བཙུགས་དགོས་པ་རེད་ཅེས་བཀའ་ཕེབས་པ་ནང་བཞིན་ད་ལོ་ཕྱི་ཟླ་༤ པ་ནས་ལ་དྭགས་ས་གནས་སུ་ཕྱིན་ཏེ། ཕྲུ་གུའི་གྲངས་འབོར་ཞིབ་འཇུག་དང་དགེ་རྒན་གྲ་སྒྲིག་བྱས་ཡོད། ད་ལྟ་ལོ་གཉིས་ཀྱི་ནང་ལ་སྔོན་འགྲོ་ཚང་མ་ཤེས་ཡོན་སྲིད་བྱུས་ཐོག་འགྲོ་ཐུབ་ཀྱི་རེད། ལོ་ལྔའི་ནང་འཛིན་གྲྭ་ལྔ་པ་བར་དུ་ཤེས་ཡོན་སྲིད་བྱུས་རང་བཞིན་གྱིས་བྱང་ཐང་སློབ་གྲྭ་ཁག་ལ་ཁྱབ་འགྲོ་ཡི་རེད་བསམ་གྱི་འདུག དེ་དཔེ་ལ་བལྟས་ནས་བོད་ཕྲུག་ཁྱིམ་སྡེ་གཞན་པ་ཚོར་ལག་ལེན་འདེབས་དགོས་ཀྱི་འདུག་གམ་མི་འདུག་བལྟ་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།

 
Share this:
༡༣༥ ཀློག་གྲངས།