ནོ་སྦེལ་ཞི་བདེའི་གཟེངས་རྟགས་དུས་ཆེན་གྱི་མཛད་སྒོ།

བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང༌། རྒྱ་གར་རྒྱལ་གླུ་འབུལ་བཞིན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས། དྷ་ས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་པྲེམ་སཱ་གར་ནས་དུས་ཆེན་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ཡོད་པ་རེད།

གཞུང་ཞབས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ནས་གཞུང་གི་སྲི་ཞུ་བ་བགྲེས་ཡོལ་དུ་ཕེབས་མི་ངོ་སྤྲོད་དང་འབྲེལ་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་རྗེས་དྲན་ལེགས་སྐྱེས་གསོལ་སྩལ་གནང་ཡོད་པ་རེད། བོད་གཞུང་འཕྲོད་བསྟེན་ཁྱབ་ཁོངས་ཞབས་ལོ་༢༥ འཁོར་བའི་ལས་བྱེད་རྣམས་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ངོ་སྤྲོད་གནང་བ་དང༌། བཀའ་བློན་ཁྲི་པ་མཆོག་གིས་བྱ་དགའ་གསོལ་སྩལལ་གནང་ཡོད་པ་རེད། སྐུ་བཅར་རྣམ་གྲ་ཕན་བདེ་ལེགས་བསད་གླིང་གྲ་ཚག་གི་ཤེས་ཡོན་ལྷན་ཚོགས་ནས་ྋགོང་ས་མཆོག་ནས་བསྩལ་བའི་སྔོན་འགྲོའི་གསུང་ཆོས་ཁག་ཕྱོགས་བསྒྲིགས་ཞུས་པ་ལམ་རིམ་ཆེན་མོའི་སྔོན་འགྲོའི་གསུང་ཆོས་ཞེས་པའི་ཕྱག་དེབ་དང༌། བོད་གཞུང་ཟློས་གར་ཚོགས་པ་ནས་༢༠༠༨ ལོའི་དབྱར་སྐྱིད་ཅེས་པའི་འོད་སྡེར་གསར་བསྐྲུན་ཞུས་པ་གཉིས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་དབུ་འབྱེད་གནང་རྗེས་མཛད་སྒོ་གྲོལ་ཡོད་པ་རེད།།

Share this:
༥༩ ཀློག་གྲངས།