ཞི་བདེའི་གཟེངས་རྟགས་དུས་ཆེན་ཐོག་སྤྱི་འཐུས་ཀྱི་གསུང་བཤད།

ཕྱི་ལོ་༡༩༨༩ ཟླ་༡༢ ཚེས་༡༠ ཉིན་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མང་པོས་བཀུར་ཞིང་མངའ་གསོལ་ནས་གཟེངས་རྟགས་ཐམས་ཅད་ཀྱི་གཙུག་རྒྱན་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་པར་བཀྲིན་རྗེས་དྲན་ཞུ་རྒྱུ་དང་སྦྲགས། གང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་འདི་གཞིས་ལུས་བོད་མིས་བློ་གཏད་བཅོལ་ཡུལ་དང་རེ་བ་བྱ་ཡུལ་ཉག་གཅིག་ལ་སོང༌། སྒྲིག་འཛུགས་འདི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞེད་དགོངས་ལྟར་ཡང་དག་པའི་མང་གཙོའི་ལམ་ལུགས་སྲ་བརྟན་ཚགས་ཚུད་ཡོངས་ཐབས་སུ་བྱེས་འབྱོར་མི་མང་སྤྱི་དང༌། སྒོས་སུ་མཛད་གཙོ་རྣམ་པ་བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ནུས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ནི་གཉན་འཕྲང་ཅན་གྱི་དུས་ཚོད་གཡོལ་ཐབས་མེད་པའི་ལས་འགན་ཐོག་ཏུ་འཁྲི་བ་ཞིག་ཡིན་པས། ང་ཚོས་སྒྲིག་འཛུགས་འདིར་ཐི་གུ་སྣེ་ཤོར་ཕྲ་མོ་ཙམ་ཡང་ཕྱིན་པ་ཡིན་ན་བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་རང་དབང་ལུང་པར་གནས་པའི་བོད་མིས་ལས་འགན་མ་འགྲུབ་པའི་ལོ་རྒྱུས་ཀྱི་ནག་ཐིག་ཕོག་རྒྱུ་ལས་གཞན་སུ་ལའང་སྙོན་འཁྲིའི་མཛུབ་མོ་བཙུགས་ས་མེད་པས་ང་ཚོ་ཚང་མས་ཡིད་གཟབ་གནང་དགོས་ཞུ་རྒྱུ་ཡིན།

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ཚུལ་ལྷུར་བཞེས་ཀྱིས་ད་བར་སྐུ་ཚབ་འབྲེལ་མོལ་ཆེད་ཐེངས་བརྒྱད་བཏང་གནང་བའི་མཐའ་མའི་འབྲེལ་མོལ་སྐབས། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་¿བོད་རིགས་ཡོངས་ལ་མིང་དོན་མཚུང་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར¿ཁ་གསལ་གོ་བདེའི་ངང་ཡིག་ཐོག་ནས་གནང་ཡང༌། རྒྱ་ནག་གཞུང་གིས་ཡིག་ཆ་དེར་ངོས་ལེན་མེད་ཚུལ་དང༌། བོད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་ཕར་གཡོལ་ཚུར་གཡོལ་གྱིས། དོན་ཕན་ལྡན་པའི་བསམ་འཆར་དེར་ལ་ཉག་མཛོ་གཟེངས་ཀྱི་བསམ་གཞིགས་མ་བྱས་པར་ཤེས་བཞིན་དུ་རང་བཙན་དང༌། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་ཞེས་ཧམ་བཤད་སྙོན་འཛུགས་བྱེད་པ།

ལྷག་པར་འདི་ལོ་གསུམ་བཅུའི་དུས་དྲན་ཉིན་མོ་ནས་བཟུང་བོད་ནང་བོད་མིའི་གཞི་རྒྱ་ཆེ་བའི་ཞི་རྒོལ་སྒེར་ལངས་ཆེ་མོའི་ལས་འགུལ་སྤེལ་སྐབས་རྒྱ་གཞུང་གིས་དྲག་གནོན་དང་ལུགས་མཐུན་མིན་པའི་ཁྲིམས་བཅད་ལག་བསྟར་བྱས་པ་མ་ཟད། དེའི་འབྱུང་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཕྱོགས་གཏོགས་དང་བཅས་པས་འཆར་འགོད་བརྒྱུད་སྐུལ་བྱས་ཚུལ་དང༌། གཙོ་ཆེ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་རྩ་མེད་པའི་སྐྱོན་འཛུགས་མང་དག་བྱེད་མུས་ཐོག རྒྱ་གཞུང་ནས་ལོ་ངོ་སྟོང་ཕྲག་ནས་བརྒྱུད་པའི་བོད་ཀྱི་ལོ་རྒྱུས་ཀྱི་འགྲོ་ལུགས་དང༌། ཡུལ་གོམས་གཤིས་ལུགས། ཆོས་ཕྱོགས་ཀྱི་འདུ་ཤེས་བཅས་གང་ལའང་བརྩི་མེད་ཀྱི་ྋགོང་ས་སྐྱབས་མགོན་ཆེན་མཆོག་བོད་མི་མང་གི་སྐུ་ཚབ་མཚོན་ཐུབ་ཀྱི་མེད་ལུགས་ཀྱི་ཧམ་བཤད་ཇི་ལྟར་བྱས་ཀྱང༌། འདི་ལོ་སྤྱི་ཟླ་༡༡ ནང་འཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཐའ་མའི་རྒྱབ་གཉེར་སྙན་ཐོའི་ནང་¿བོད་མིའི་དོན་གྱི་བདག་པོ། འཛམ་གླིང་ཞི་བདེའི་དེད་དཔོན། ལྷར་བཅས་འགྲོ་བའི་རྣམ་འདྲེན། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ལྗོངས་ལྷ་སྡེ་མི་སྡེས་མགྲིན་གཅིག་ཏུ་གཙུག་ཏུ་བཀུར་ཏེ་ལུགས་གཉིས་ཀྱི་གསེར་ཁྲིར་མངའ་གསོལ་ཞུས་ཤིང༌། དེ་ལ་རྒྱ་ནག་ཐེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཀྱང་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབུལ་ཞུས་ཏེ་ངོས་འཛིན་གནང་བ་བཅས་མདོ་དོན་བོད་གཞིས་བྱེས་གཉིས་ཀའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་རྩོད་མེད་དང༌། ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་པའི་བོད་གཞིས་བྱེས་གཉིས་ཀྱི་ཁྲིམས་མཐུན་གྱི་གཞུང་ངོ་མ་ནི། བཙན་བྱོལ་བོད་གཞུང་ཉག་ཅིག་ཡིན་ཡང༌། ཉེ་ལམ་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་བོད་དང་བོད་མི་མང་གི་སྐུ་ཚབ་བྱེད་པའི་དབང་ཆ་མེད་ལུགས་ཧམ་བཤད་བྱས་འདུག་པར་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ནས་ངོ་རྒོལ་མཐའ་གཅིག་ཏུ་ཡོད¿ཅེས་གསལ་བས་རྒྱ་ནག་གཞུང་གི་གཞི་མེད་ཧམ་བཤད་སྙོན་བཙུགས་ཀྱི་མཐིལ་ཡོངས་སུ་བརྟོལ་བ་རེད། ཕྱོགས་མཚུངས་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བརྩི་སྲུང་ཞུ་བའི་དུས་སྐབས་འཁེལ་བ་ལྟར་ཕྲན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་འཛམ་གླིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་གཙིགས་ཆེན་བརྩིས་ནས་སྲུབ་སྐྱོབ་གནང་མཁན་དང༌། དེ་བཞིན་རང་དབང་མང་གཙོའི་རྒྱལ་ཁབ་ཁག་ལ་ད་དུང་ཡང་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གིས་དྲང་བདེན་མིན་པའི་ཁྲིམས་གཅོད་མུ་མཐུད་བྱེད་བཞིན་པ་དང༌། ཉེ་ཆར་བོད་ནང་རིག་གཞུང་དར་རྒྱས་བཏང་ཡོད་ཚུལ་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་འགྲེམས་སྤེལ་བྱས་ཡོད་ནའང༌། ད་ལྟ་བོད་ནང་བོད་ཀྱི་རྒྱལ་ས་ལྷ་སས་གཙོས་པའི་བོད་ཀྱི་ས་ཁུལ་ཁག་ནང་བོད་མིའི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་རྩིས་གྱི་ལས་འཆར་མུ་མཐུད་སྒྲིག་བཞིན་པ་སོགས་བོད་ནང་འགྲོ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཇེ་ཞན་དུ་ཕྱིན་དང་འགྲོ་མུས་ལ་ངེས་པར་རོགས་སྐྱོར་དགོས་པའི་འབོད་བསྐུལ་ཤུགས་ཆེན་ཞུ་རྒྱུ་ཡིན།

དེ་རིང་གི་གོ་སྐབས་འདི་བཟུང་ཏེ་རྒྱ་གར་དབུས་དང་ས་གནས་གཞུང་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་ཞུ་མཁན་གྱི་རྒྱལ་ཁབ་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་དང་སྦྲགས། སྙན་སེང་ཞུ་རྒྱུར་ད་བར་བོད་བཙན་བྱོལ་གཞུང་ནས་བོད་རྒྱ་གཉིས་སྨན་དབུ་མའི་སྲིད་བྱུས་ཀྱི་དགོངས་དོན་ལ་ཁ་ཞེ་གཉིས་མེད་ཀྱི་གྲུབ་འབྲས་སོན་ཐབས་བྱས་པར་འཛམ་གླིང་མི་མང་སྤྱི་དང༌། ལྷག་པར་གཞུང་དང་གྲོས་ཚོགས་ཁག་གིས་རྣམ་པ་འདྲ་མིན་གྱི་སྒོ་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་རྒྱབ་གཉེར་སྙན་ཐོའི་ནང་¿འབྱུང་འགྱུར་བོད་ཀྱི་སྲིད་བྱུས་འཛིན་ཕྱོགས་ཐད། ༡༽ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་དུས་ནས་དུས་སུ་སྲིད་བྱུས་ལམ་སྟོན་ཅི་སྩལ་ལ་ཤར་སྐྱོད་བྱ་རྒྱུར་སྤྱི་མོས་དང༌། མུ་མཐུད་དབུ་མའི་ལམ་དུ་བསྐྱོད་རྒྱུར་མང་མོས། ལྷག་པར་འདས་པའི་རྒྱ་གཞུང་གི་བྱེད་བབ་ལ་གཞིགས་ཏེ།ད་ཡོད་འབྲེལ་མོལ་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང༌། དུས་ཐུང་ནང་གྲུབ་འབྲས་མ་སོན་ཚེ་རང་བཙན་དང༌། རང་ཐག་རང་གཅོད་རྩོད་ལེན་གྱི་སྲིད་བྱུས་འཛིན་དགོས་པའི་བསམ་འཆར་ཡང་ཤུགས་ཆེ་བྱུང༌། ༢༽ དབུ་མའི་ལམ་དང༌། རང་བཙན། རང་ཐག་རང་གཅོད་སོགས་བོད་མིའི་འཐབ་རྩོད་ཀྱི་ལམ་ཕྱོགས་གང་དུ་བསྐྱོད་ཀྱང་དམིགས་ཡུལ་སྒྲུབ་བྱེད་ཀྱི་ཐབས་ལམ་ནི་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཁོ་ན་མུ་མཐུད་བསྟེན་རྒྱུའི་ཐག་གཅོད་དང་ལག་བསྟར་བྱ་རྒྱུ¿ཞེས་གསལ་བ་བཞིན། དབུ་མའི་ལམ་གྱི་ཐབས་ལམ་བརྒྱུད་བདེན་མཐའ་གསལ་བར་སྔར་ལྷག་རྒྱབ་སྐྱོར་ཡོང་བར་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་དང༌། གལ་ཏེ་མ་འོངས་བོད་ཀྱི་རྩ་དོན་སྒྲུབ་ཕྱོགས་ཀྱི་ལམ་ཕྱོགས་ལ་འགྱུར་བ་ཕྱིན་ན་དེའི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ལ་ཡོད་པའི་ནན་བཤད་བྱ་རྒྱུ་ཡིན།

མཐའ་དོན། དམིགས་བསལ་ཚོགས་ཆེན་གྱི་ཚོགས་བཅར་བ་ཡོངས་ཀྱི་སྤྱི་མོས་ཀྱི་མཐའ་མའི་རྒྱབ་གཉེར་ནང་གསལ ¿ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱེད་བགྲེལ་ཡོལ་དང་བགྲེལ་ཡོལ་བཞུགས་བཞེས་ཀྱི་བཀའ་སློབ་གསུངས་ཕྱོགས་ཟུར་ཙམ་ཡང་མེད་པར། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དགག་རྩའི་ཐུགས་འགན་མུ་མཐུད་སྐྱོང་བཞེས་ཐུགས་རྗེ་བཀྲིན་ནམ་ཡང་མི་འདོར་བའི་སྐྱབས་འཛིན་དང་འབྲེལ། བོད་ཁ་བ་གངས་ཅན་པའི་སྐྱབས་མགོན་རེ་ས་གཞན་དུ་མ་མཆིས་པ་ྋསྐུ་ཕྲེང་རིམ་བྱོན་གྱི་ཐུགས་བསྐྱེད་དམ་དགོངས་བཞིན་བདག་ཅག་ཚེ་རབས་ཕྲེང་བར་རྗེས་སུ་བཟུང་བའི་ཞལ་བཞེས་བཟང་པོ་སྤྱི་བོར་སྨིན་པ¿ཞེས་ཞུས་པ་ལྟར་དེ་རིང་གོ་སྐབས་བཟང་པོ་འདི་བརྒྱུད་ནས་སླར་ཡང་སྒོ་གསུམ་རབ་གུས་དངས་བས་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང༌། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ཡོངས་རྗོགས་ལྷུན་གྱིས་འགྲུབ་པ་དང༌། གཞིས་བྱེས་མཉམ་འཛོམས་ཀྱི་བཀྲིས་དགའ་སྟོན་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་དང་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་༢༠༠༨ ཟླ་༡༢ ཚེས་༡༠ ལ།།

Share this:
༥༥ ཀློག་གྲངས།