མོན་གྷོ་རུ་དུས་ཆེན་གཉིས་སྲུང་བརྩི།

དེ་ཡང་ཉིན་དེའི་ཞོགས་པ་འདོད་རྒུ་གླིང་གཞིས་འགོ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་གཙོས་པའི་སཻར་སྐྱ་མི་མང་ཡོངས་ཀྱིས་སྤྱི་ནོར་ྋགོང་ས་མཆོག་གིས་སྐུ་ཚེ་མཛད་འཕྲིན་རྡོ་རྗེའི་ཁམས་སུ་བརྟན་ཕྱིར་མོན་གྷོ་ནོར་བུ་རིར་དཀར་ཕྱོགས་ལྷ་སྲུང་རྣམས་ལ་བསངས་མཆོད་དང་གསེར་སྐྱེམས་སོགས་གཟབ་རྒྱས་གནང་སྟེ་ཀི་སྭོ་ལྷ་རྒྱལ་གྱི་སྒྲ་དབྱངས་མཐེན་བཞིན་གྲོལ། དེ་རྗེས་ཆུ་ཚོད་༩།༠༠ ཐོག་འདོད་རྒུ་གླིང་མི་མང་ཚོགས་ཁང་དུ་མཛད་སྒོ་འཚོགས་པའི་ཐོག་མ། ཕྱོགས་བཞུགས་སྤྱི་འཐུས་དང༌། ས་འཐུས་ཚོགས་གཙོ། ས་གནས་འགོ་འཛིན། ཆོས་སྡེ་ཁག་གི་མཁན་པོ་དགེ་བསྐོས་སོགས་དང༌། ས་གནས་རྒྱ་གར་གནད་ཡོད་དཔོན་རིགས་ཁག་ཅིག་སོགས་ཀྱིས་རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུས་འཁོར་ཕོ་བྲང་ནས་གཞིས་སྤྱི་ཚོགས་ཁང་བར་སྤོས་སྣེ་དང་རོལ་མོའི་འགྱུར་ཁུག་འཁྲོད་ནས་གདན་འདྲེན་ཞུས། ས་གནས་འགོ་འཛིན་གྱིས་རང་གཞུང་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང༌། མཛད་སྒོ་དང་འབྲེལ་བའི་གསུང་བཤད་ཀྱང་གནང༌། དེ་བཞིན་འབྲེལ་ཡོད་ཁག་ཅིག་ནས་ཀྱང་རིམ་བཞིན་གསུང་བཤད་གནང༌། དེ་རྗེས་བོད་གཞུང་འཕྲོད་བསྟེན་སྨན་ཁང་ནས་མོན་གྷོ་ས་གནས་སྨན་ཁང་གི་སྨན་ཞབས་ལས་རོགས་ཀྱི་ཕྱག་ལས་གནང་ནས་ལོ་༢༥ འཁོར་བ་གཉིས་ལ་ཕྱག་ཁྱེར་གསོལ་རས་གནང་བ་དང༌། དགེ་རྒན་གྱི་ཕྱག་ལས་གནང་ནས་ལོ་༢༥ འཁོར་མཁན་གསུམ་ལ་ཕྱག་ཁྱེར་གསོལ་རས་གནང༌། སློབ་ཕྲུག་རྩེ་གྲས་ཁག་ཅིག་བཅས་ལའང་མཛད་སྒོ་འདི་དང་བསྟུན་བྱ་དགའ་གནང་ཡོད་པ་རེད།།

ཉིན་རྒྱབ་ཆུ་ཚོད་༢།༠༠ ཐོག་མོན་གྷོ་གངས་ལྗོངས་རང་བདེན་རྩོད་ལེན་ཡན་ལག་མཐུན་ཚོགས་ཀྱི་གོ་སྒྲིག་འོག་མོན་གྷོ་ས་གནས་གཞོན་ནུའི་ཚོགས་ཁང་དུ་བརྗོད་གཞི་གསུམ་ཀྱི་ཐོག་ལ་མཁས་པ་གདན་འདྲེན་གྱིས་བགྲོ་གླེང་ཚོགས་འདུ་ཞིག་གནང་སོང༌། བརྗོད་གཞི་དང་པོ་དབུ་མའི་ལམ་ནི་ངེས་མེད་ཞིག་ཡིན་ནམ་ཞེས་པའི་ཐོག་གཏན་སློབ་རེག་ཌར་ཆོས་བཟང་ལགས་ཀྱིས་གསུང་བཤད་གནང་སོང༌། གཉིས་པ། རང་བཙན་ནི་བོད་མིའི་མཐར་ཐུག་གི་བསྒྲུབ་བྱ་དངོས་ཡིན་ཞེས་པའི་ཐོག་སློབ་རྒན་ཟུར་བ་བྱམས་པ་ཆོས་གྲགས་ལགས་ཀྱིས་གསུང་བཤད་གནངས། གསུམ་པ། འདས་ཟིན་པའི་གནས་བབས་ལ་བལྟས་ཏེ་མ་འོངས་པའི་ལག་རྗེས་གནང་ཕྱོགས་ཞེས་པའི་ཐོག་འབྲས་བློ་གླིང་ཕྱག་མཛོད་དགེ་བཤེས་གྲགས་པ་ཤེས་རབ་ལགས་ཀྱིས་གསུང་བཤད་གནང་སོང༌། བརྗོད་གཞི་དེ་དག་དང་འབྲེལ་བའི་ཐད་ལ་ཚོགས་བཅར་བ་ཡོངས་ཀྱིས་དྲི་བ་དྲི་ལན་སོགས་ཟབ་རྒྱས་གནང་ཡོད་པ་དང་ཚོགས་བཅར་བ་མང་པོ་ཕེབས་ཡོད་ཀྱང་གདན་ས་གསུམ་སོགས་ཆོས་སྡེ། ཁག་གི་དགེ་འདུན་པ་ཡིན་པ་ལས་མི་མང་སློབ་ཕྲུག་སོགས་ལ་བརྡ་ཁྱབ་བཏང་ཡང་མཉམ་ཞུགས་བྱས་མེད་པ་རེད། དགོང་མོ་ཆུ་ཚོད༦།༠༠ པའི་ཐོག་ས་གནས་གཞོན་ནུའི་གོ་སྒྲིག་འོག་རུ་ཁག་བརྒྱད་ཀྱི་ཚོགས་མི་ཡོངས་ཀྱིས་མར་མེ་སྨོན་ལམ་དང་མར་མེ་ཁྲོམ་སྐོར་ཞིག་གནང་ཡོད་པ་རེད། དེའི་དགོས་དམིགས་ནི་འདི་ལོ་རྒྱ་གར་མུམ་བྷེ་གྲོང་ཁྱེར་ནང་འཇིགས་སྐུལ་བས་གཏོར་བཅོམ་དང་མི་བསད་ཁྲག་སྦྱོར་བྱས་པ་སོགས་ཀྱི་ཆེད་དུ་ཡིན་སྐོར་ས་གནས་གཞོན་ནུའི་ཚོགས་གཞོན་གྱིས་འགྲེལ་བརྗོད་གནང་སོང༌།།

མོན་གྷོ་ས་གནས་གསར་འགོད་པ་སེར་ཤུལ་དཀོན་མཆོག་གིས།

Share this:
༥༢ ཀློག་གྲངས།