བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གསར་རྙིང་བརྗེ་ལེན།

ཁོང་གིས་གསུང་དོན། དེའི་ཐད་དམིགས་བསལ་ཞུ་རྒྱུ་མེད། ཚོགས་གཙོ་རིམ་པ་མང་པོ་ཞིག་ཕེབས་པ་རེད། ཀརྨ་ཆོས་འཕེལ་ལགས་ཀྱིས་ད་ལྟ་ལོ་གཉིས་དང་ཕྱེད་ཀའི་རིང་གནང་བ་རེད། མི་སོ་སོའི་ལས་ཀ་བྱེད་སྟངས་ཐོག་ནས་གཤིས་ཀ་མི་འདྲ་བ་ཡོད་དུས། འདྲ་མི་འདྲ་མང་པོ་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་ཚོགས་གཙོ་ཟུར་པས་སྤྱི་པའི་ལས་དོན་ཐོག་ལ་འདི་འཇོན་མ་སོང་བསམ་པའི་གནས་སྟངས་ཆགས་མ་སོང༌། ལྷག་པར་དུ་ཚོགས་གཙོ་ཟུར་པའི་སྐབས་ལ་བོད་ཀྱི་རྩ་དོན་ཐོག་ལས་ཀ་གལ་ཆེན་པོ་གནང་བའི་གོ་སྐབས་བྱུང་ཡོད་པ་རེད། དེ་དག་ཚང་མ་ཡག་ཐག་ཆོད་བྱུང་ཡོད་རེད་ཅེས་དང༌།སྐུ་ཉིད་ཀྱིས་དེ་རིང་ནས་འགོ་བཙུགས་ཏེ་ལོ་གཉིས་དང་ཕྱེད་ཀའི་ལས་འགན་འཁུར་བའི་རིང་སྤྱི་འཐུས་རྒྱུན་ལས་དང༌། ལས་ཀ་བྱེད་ཕྱོགས་ལ་འགྱུར་བ་གཏོང་བ་དང་དམིགས་བསལ་ལས་འཆར་ཡོད་མེད་སྐོར་དྲིས་པར། ཁོང་གིས་ད་ལྟའི་འགྲོ་ལུགས་ཀྱི་ནང་ལ་ཚོགས་གཙོ་རང་ལ་འགྱུར་བ་གཏོང་བའི་དབང་ཚད་ཡོད་པ་མ་རེད། སྤྱི་འཐུས་ཡོང་སྟངས་ཀྱི་སྒྲོམ་གཞི་ཡིན་ནའང་བཅའ་ཁྲིམས་ནང་ལ་གསལ་བསྡད་ཡོད་རེད། ཚོགས་གཙོའི་ལས་འགན་ཡང་གསལ་བསྡད་ཡོད་རེད། སྤྱི་འཐུས་རྒྱུན་ལས་ཀྱི་ལས་འགན་ཡང་གསལ་བསྡད་ཡོད་རེད། ཡིན་ན་ཡང་དེ་སྔོན་སྤྱི་འཐུས་ནང་ཁུལ་གྱི་ལྷན་ཚོགས་དེ་འདྲ་འཚོགས་མ་མྱོང་བ་ཡིན་སྟབས། ད་ལོ་ཉིས་སྟོང་བརྒྱད་ཕྱི་ཟླ་དགུ་པའི་ནང་ལ་སྤྱི་འཐུས་ནང་ཁུལ་གྱི་ལྷན་ཚོགས་ཉི་མ་གསུམ་དང་ཕྱེད་ཀའི་རིང་ཐེངས་དང་པོ་བྱུང་བ་རེད། དེའི་སྐབས་ལ་སྤྱི་འཐུས་ལྷན་ཚོགས་སྤྱི་ཡོངས་ཀྱི་ཐོག་ལ་འགྱུར་བ་གཏོང་བའི་སྤྱི་འཐུས་རྣམ་པ་ཚོས་དགོངས་འཆར་གསུངས་བཞག་པ་དང༌། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱིས་གཙོས་པའི་ཚོགས་ཆུང་ཁག་གི་ལས་དོན་ཡར་རྒྱས་ཚགས་ཚུད་གཏོང་རྒྱུ། ས་གནས་ལ་བཞུགས་པའི་སྤྱི་འཐུས་རྣམ་པ་ཚོའི་ལས་དོན་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཁག་བཞིའི་ནང་བགོས་པ་རེད། དེའི་ནང་ལ་ཚང་མའི་བསམ་ཚུལ་གཅིག་མཚུངས་ལྟ་བུ་རེད་འདུག དེ་ཚོ་ལག་ལེན་བསྟར་རྒྱུ་རྒྱུན་ལས་དང་ཚོགས་གཙོ་གཞོན་གྱི་ལས་འགན་ཆགས་བསྡད་ཡོད་པ་རེད། དེའི་ནང་སྐབས་བཅུ་གསུམ་པའི་སྤྱི་འཐུས་སྐབས་ལ་སྤྱི་འཐུས་ཚོ་ས་གནས་ལ་བགོ་བཤའ་རྒྱག་པ་ཟེར་བའི་གྲོས་ཆོད་བཞག་པ་ཞིག་ཡོད་རེད། བགོ་བཤའ་རྒྱག་སྟངས་ག་འདྲ་རྒྱག་དགོས་མིན་རྩ་བའི་སྒྲོམ་གཞི་ཞིག་འདི་ནས་བཟོ་དགོས་ཀྱི་རེད་དེ། སྤྱི་འཐུས་རྒྱུན་ལས་ནང་ལ་གོ་བསྡུར་བྱས་ནས་ཐག་གཅོད་ཟིན་པའི་རྗེས་ལ་སྤྱི་འཐུས་རྣམས་བགོ་བཤའ་བརྒྱབ་པའི་གནས་སྟངས་འོག་ཕྱིན་པ་ཡིན་ན། སྔོན་མ་དང་མ་འདྲ་བ་ཞིག་ཆགས་ཀྱི་ཡོད་རེད། དེ་ང་ཚོགས་གཙོ་ཡིན་པའི་ཆ་ནས་གསར་གཏོད་ཀྱི་བསམ་བློ་གང་ཡང་མ་རེད། སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས་ལ་བསམ་ཚུལ་བྱུང་བ་རེད། ཉེ་ཆར་སྔར་བྱུང་མ་མྱོང་བའི་མི་ལྔ་བརྒྱ་དྲུག་ཅུ་ལྷག་ཙམ་ཞིག་འཛོམས་ནས་ྋརྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་དམིགས་བསལ་ཚོགས་ཆེན་གྱི་ནང་ལ་བསམ་ཚུལ་མི་འདྲ་བ་མང་པོ་ཡོད་རེད། བསམ་ཚུལ་བྱུང་བའི་ནང་ནས་གཅིག་དེ་གཞུང་དང་སྒེར་སུ་ཡིན་ཡང་ཀླད་པ་དཀྲུགས་ནས་འཆར་གཞི་ལྡན་པའི་ལས་འཆར་བང་བསྒྲིགས་ནས། རྒྱ་ནག བོད། རྒྱལ་སྤྱིའི་གནས་བབ་ལ་ཉམས་ཞིབ་བྱེད་དགོས་པའི་བསམ་ཚུལ་ཚོགས་ཆུང་མང་པོའི་ནང་ལ་བྱུང་ཡོད་དུས། དེའི་ཐོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་རྣམ་པ་ཚོས་ཆབ་སྲིད་ཀྱི་སྒང་ལ་དོ་སྣང་ཤུགས་ཆེ་ཙམ་སྤྲད་ནས། ལྷག་པར་བོད་ནང་ལོགས་ཀྱི་གནད་དོན་སྤྱི་དང༌། རྒྱ་ནག་གི་སྲིད་བྱུས་འཛིན་ཕྱོགས། དེ་བཞིན་རྒྱ་ནག་ནང་ལོགས་ཀྱི་ཆབ་སྲིད་འགྱུར་བ། འགོ་ཁྲིད་ཐག་གཅོད་བྱེད་སྟངས། དེ་འདྲའི་གནས་སྟངས་ལ་ཞིབ་འཇུག་བྱེད་རྒྱུ། རྒྱལ་སྤྱིའི་གནས་བབ་ལ་ཞིབ་འཇུག་བྱེད་རྒྱུ་དེ་སྤྱི་འཐུས་ལྷན་ཚོགས་རང་གིས་ཤུགས་ཆེ་ཙམ་བྱེད་དགོས་ཀྱི་འདུག་བསམ་པའི་སོ་སོ་སྒེར་གྱི་བསམ་ཚུལ་ཡོད། དེ་རྒྱུན་ལས་ནང་ལ་ལབ་པ་ཡིན་ཡང་རྒྱུན་ལས་རྣམ་པ་ཚོས་མོས་མཐུན་མེད་པ་གནང་གི་མ་རེད་བསམ་གྱི་འདུག གལ་སྲིད་ཚང་མ་མོས་མཐུན་བྱུང་བ་ཡིན་ན་སྔོན་དང་མ་འདྲ་བའི་གསར་གཏོད་ལྟ་བུ་ཆགས་ཀྱི་རེད། དེ་དང་རྒྱུན་དུ་ལས་ཀ་བྱེད་དགོས་པ་མང་པོ་ཡོད་རེད། ད་ལྟ་བར་དུ་ཡག་ཐག་ཆོད་བྱུང་ཡོད་རེད། དེའི་སྒང་ལ་སྤྱི་འཐུས་ནང་ཁུལ་ལྷན་ཚོགས་སྐབས་བྱུང་བའི་བསམ་ཚུལ་ལག་ལེན་བསྟར་དགོས་པ་མང་པོ་ཡོད་རེད། ལྷག་པར་དུ་ཆབ་སྲིད་ཀྱི་ཐད་ལ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ན་ནིང་ནས་འགོ་བཙུགས་ནས་ད་ལོ་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་ལ་འཚོགས་ཚར་དགོས་པ་ཞིག་རེད་དེ། གནས་སྟངས་ཀྱི་དབང་གིས་དུས་འགྱངས་ཕྱིན་པ་རེད། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ལ་བལྟས་ན་གང་མགྱོགས་མགྱོགས་འཚོག་ཐུབ་དགོས་པ་ཞིག་རེད། དེ་བཞིན་རྒྱལ་སྤྱིའི་ནང་ལ་ཆབ་སྲིད་འགོ་ཁྲིད་ཚོ་མཉམ་དུ་མཇལ་འཕྲད་བྱེད་རྒྱུའི་ཐད་སྔོན་ལས་ལྷག་ཙམ་བྱེད་ཐུབ་པའི་རེ་བ་ཞུ་ཡི་ཡོད། འབད་བརྩོན་ཞུ་རྒྱུ་ཡིན། སྤྱི་འཐུས་རྒྱུན་ལས་ཀྱི་འགྲོ་ལུགས་ཀྱི་ཐོག་ནས་རང་འཇགས་གནས་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། མི་ངོ་མ་ཤེས་པ་གཅིག་ཀྱང་ཡོད་མ་རེད། ད་ལྟ་རྒྱུན་ལས་ནང་ཡོད་པའི་གང་ཟག་ཚང་མ་རྒྱུ་མཚན་དང་ལྡན་པ་དང༌། དངོས་ཡོད་གནས་སྟངས་ལ་གཞི་བཞག་ནས་ལས་ཀ་བྱེད་ཀྱི་ཡིན་ཟེར་མཁན་རྐྱང་རྐྱང་རེད་འདུག་བསམ་པའི་མཐོང་ཚུལ་ཡོད། དེ་ཡིན་པའི་ཆ་ནས་རྒྱུན་ལས་ནང་ལོགས་ལ་རྒྱུ་མཚན་བཤད་ས་ཡོད་པ་དང༌། དངོས་ཡོད་གནས་སྟངས་ལ་གཞི་འཇོག་མཁན་གྱི་གང་ཟག་རྐྱང་རྐྱང་ཡིན་པའི་ཆ་ནས་ང་ཚོའི་ལས་ཀ་ནུས་ཤུགས་ཆེ་རུ་གཏོང་དགོས་འདུག་ལབ་དུས། དེ་གཏོང་རྒྱུ་ཡོད་མ་རེད་ཅེས་གསུང་མཁན་ཕལ་ཆེར་ཡོང་གི་རེད་བསམ་གྱི་མི་འདུག གང་ལྟར་ལས་དོན་བྱེད་ཕྱོགས་ཀྱི་ཐོག་སྔར་ལས་ལྷག་པའི་ཤུགས་རྒྱག་དགོས་པ་དེ་གནད་འགག་ཅིག་ཆགས་བསྡད་ཡོད་རེད་ཅེས་འགྲེལ་བརྗོད་གནང་སོང༌།

ཚོགས་གཙོ་ཟུར་པ་ཀརྨ་ཆོས་འཕེལ་མཆོག་ལ་ཁོང་གིས་སྤྱི་འཐུས་ཚོགས་གཙོ་གནང་བའི་རིང་དམིགས་བསལ་གྱིས་ལས་དོན་འདི་འགྲུབ་པའི་གྲུབ་འབྲས་གང་ཡོད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་ང་རང་གིས་བསམ་པར་དོན་ཚན་གལ་ཆེན་གསུམ་བཞི་ཞིག་ཡོད་པ་རེད་བསམ་གྱི་འདུག རྩ་བའི་སྤྱི་འཐུས་ལྷན་ཁང་དེ་མང་གཙོའི་སྒྲིག་འཛུགས་ཤིག་ཡིན་པས། དེ་ལ་འགྲོ་སྟངས་དང་ལམ་ལུགས་ཤིག་ཡོད་པ་རེད། ཞེ་དྲག་གསར་གཏོད་བྱེད་དགོས་དོན་ཡོད་པ་མ་རེད་ལ། བྱེད་ཆོག་གི་ཡང་ཡོད་པ་མ་རེད། ཁྲིམས་དང་སྒྲིག་གཞིའི་འོག་ནས་སོ་སོས་ནུས་པ་འདོན་དགོས་པས། སྤྱི་འཐུས་དེ་བཙན་བྱོལ་གཞུང་གི་སྤྱི་འཐུས་ལྷན་ཁང་ཞིག་རེད། མཐུན་ཕྱོགས་ཀྱི་རྒྱལ་ཁབ་མང་པོ་དང་འབྲེལ་བ་ཡོད་པ་རེད། རྒྱལ་སྤྱིའི་ནང་སྤྱི་འཐུས་ཀྱི་ཆེ་མཐོང་ཆེ་རུ་གཏོང་རྒྱུའི་ཆེད་དུ་སྤྱི་འཐུས་གང་མང་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས། སྤྱི་འཐུས་དང་སྤྱི་འཐུས་བར་འབྲེལ་བ་བྱུང་ཐུབ་པ། ཕྱི་རྒྱལ་གྱི་སྤྱི་འཐུས་གང་མང་དྷ་སར་གདན་འདྲེན་ཞུས་ཏེ་ང་ཚོས་འབྲེལ་བ་བཟོ་ཐུབ་ལ་འབད་བརྩོན་བྱས་པ་རེད། དེ་ཡག་པོ་བྱུང་སོང་བསམ་གྱི་འདུག ལུང་པ་མང་པོའི་ནང་ནས་ང་ཚོ་བཙན་བྱོལ་གཞུང་ཡོད་པ་དང༌། གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་སྟངས་དེ་ཚོ་ཧ་གོ་བ་ཆགས་པ་དེ་གནད་འགག་ཆེན་པོ་རེད་བསམ་གྱི་འདུག ངས་ཚོགས་གཙོ་བྱས་པའི་རིང་ལ་རང་བཞིན་གྱིས་གནས་ཚུལ་གལ་ཆེན་པོ་ཁ་ཤས་བྱུང་བ་རེད། དང་པོ་ང་ཚོགས་གཙོ་བྱེད་སྐབས་ྋགོང་ས་མཆོག་གི་དགུང་གེགས་ཀྱི་སྔ་ཟུར་ལ་ཁེལ་བ་དང༌། དེ་རྗེས་དངོས་གཞིར་ཁེལ། ད་ལྟ་ཚར་འགྲོ་བའི་སྐབས་དེར་དགུང་གེགས་ཆ་ཚང་གྲོལ་བའི་ཁ་ཐུག་ལ་ཁེལ་བ་རེད། དེའི་རིང་བཀའ་བློན་ཁྲི་པ་དང༌། ཚོགས་གཙོ་གཉིས། ཆོས་དོན་བཀའ་བློན་བཅས་ཀྱིས་ཆེས་མཐོའི་ཞབས་རིམ་ཚོགས་ཆུང་ཞིག་བཙུགས་ནས། ྋགོང་ས་མཆོག་གི་སྐུ་ཕྱྭ་ལ་འཚེ་བ་མི་འབྱུང་བའི་ཆེད་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་ཚང་མ་ལ་ཐུགས་བརྟགས་ཞུས། བོད་གཞུང་མང་གཉིས་ཀྱི་ཚོགས་ཆུང་བཙུགས་ནས་ཞབས་རིམ་རྒྱ་ཆེན་པོ་བསྒྲུབས་ཐུབ་པ། ལྷ་སྡེ་མི་སྡེ་ཡོངས་ཀྱི་སྐུ་ཚབ་ཞུས་ནས་ྋགོང་ས་མཆོག་སྐུ་ཚེ་བརྟན་པའི་བརྟན་བཞུགས་ཕུལ་ཐུབ་པ། བོད་མི་ཚང་མ་མུ་མཐུད་ནས་ྋགོང་ས་མཆོག་ལ་ཚེ་རབས་རྗེས་འཛིན་གྱི་གསོལ་འདེབས་ཞུ་ཐུབ་པ་དེ་ཚོ་ཡག་པོ་བྱུང་སོང་བསམས་ནས་ང་རང་ཡིན་ནའང་དགའ་བོ་བྱུང༌། ད་ལོ་གསུམ་བཅུའི་དུས་དྲན་ནས་བོད་ལ་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱུང་བ་རེད། དེའི་ཐོག་བཀའ་སྤྱི་གཉིས་ལས་གྲུབ་པའི་བོད་གཞུང་མང་ཛ་དྲག་ཚོགས་ཆུང་བཙུགས། དེའི་ཚོགས་གཙོ་ང་རེད། མང་གཙོའི་སྤྱི་ཚོགས་ནང་དེའི་ཐོག་འདྲ་མི་འདྲ་བཤད་མཁན་ཡོད་པ་རེད་མོད། བོད་ནས་ཞི་བའི་ངོ་རྒོལ་བྱས་ཏེ་རྒྱ་མིས་དྲག་གནོན་ཤུགས་ཆེན་བྱེད་སྐབས། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་ག་རེ་བྱེད་ཐུབ་པ་དེ་གཞིས་ལུས་སྤུན་ཟླ་ཚོ་ཐུགས་མ་ཕམ་པ་ཞིག་ཞབས་ཕྱི་ཞུ་ཐུབ་ཡོད་བསམ་གྱི་འདུག ཉེ་ཆར་ྋགོང་ས་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་དམིགས་བསལ་ཚོགས་ཆེན་འཚོགས་པ་དང༌། ཚོགས་ཞུགས་པ་ཡང་ས་གནས་གང་ས་ནས་ང་རང་ཚོའི་སྤྱི་ཚོགས་ནང་ནས་ཨ་ཡོད་ནང་གི་ད་ཡོད་ཚང་མ་འཛོམས་ནས་ཚོགས་འདུ་འཚོགས་ཐུབ་པ་དང༌། དེ་ལ་བར་ཆད། རྙོག་གྲ་གང་ཡང་མ་བྱུང་བར་ལམ་ལྷོང་བྱུང་བ་དེ་རྒྱ་ཆེའི་མང་ཚོགས་ལ་སྟོན་ཐུབ་པ་དང༌། ྋགོང་ས་མཆོག་ཐུགས་མཉེས་ཐུབ་པའི་གནས་ཚུལ་བྱུང་སོང་བསམ་གྱི་འདུག དེ་རྗེས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་འཚོགས་པ་དང༌། བོད་ཀྱི་གནད་དོན་ཐོག་རྒྱལ་སྤྱིའི་ཐོག་རྒྱབ་སྐྱོར་མུ་མཐུད་དགོས་པའི་འབོད་སྐུལ་བྱེད་ཐུབ་པ་བྱུང་སོང་ཞེས་འགྲེལ་བརྗོད་གནང་སོང༌།

སྐུ་ཉིད་ཚོགས་གཙོ་གནང་བའི་རིང་ལས་དོན་ལ་འཐུས་ཤོར་དང་གྲ་མ་འགྲིག་པ་དེ་འདྲ་བྱུང་ཡོད་མེད་སྐོར་དྲིས་པར། ཁོང་གིས་དེ་འདྲ་ཤུགས་ཆེན་པོ་བྱུང་སོང་བསམ་ནས་འགྱོད་པ་སྐྱེ་དགོས་པ་དེ་འདྲ་མེད། དེ་འདྲ་བྱུང་ན། མང་ཚོགས་ནས་སྐྱོན་བརྗོད་དང་སྤྱི་འཐུས་ཕྱག་རོགས་ཚོས་སྐྱོན་བརྗོད་ཡོང་གི་རེད། ཚོགས་གཙོ་ནས་མར་ཕབ་དགོས་པ་རེད་ཟེར་བ་ཡོང་སྲིད་ཀྱི་རེད་མོད། དེ་འདྲ་བྱུང་ཡོད་པ་མ་རེད། ཕྲན་བུ་ཙག་ཙིག་བྱུང་ཡོད་ཀྱི་རེད། མི་སུ་ཡིན་ནའང་ཡོང་གི་རེད་ཅེས་འགྲེལ་བརྗོད་གནང་སོང༌།།

Share this:
༡༠༢ ཀློག་གྲངས།