ྋགོང་ས་མཆོག་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་སུ་ཆིབས་བསྒྱུར།

ཉིན་གུང་ཆུ་ཚོད་༡༢ ཙམ་ལ་དྷ་རམ་ས་ལའི་ཉེ་འགྲམ་དབྱུག་པ་སྤོ་ལོའི་རྩེད་ཐང་དུ་ཕེབས་ནས། རྒྱ་གར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་རུ་ཁག་དང༌། འཛིན་སྐྱོང་རུ་ཁག་གཉིས་ཀྱི་རྩེད་མོའི་འགྲན་སྡུར་ལ་དགྱེས་གཟིགས་གནང་བ་དང༌། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་ཕི་རིམ་ཀུ་མར་དྷུ་མལ་དང་བློན་ཆེན་ཟུར་པ་རཱ་ཇི་སབ་སོགས་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པས་གཙོས་བཀའ་བློན་རྣམ་པ་དང༌། ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཙོས་སྤྱི་འཐུས་རྣམ་པ་ཆེད་ཕེབས་གནང་བ་དང༌། དེ་གར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གསོལ་ཚིགས་ཤིག་ཀྱང་གོ་སྒྲིག་གིས་ྋགོང་ས་མཆོག་གིས་མངའ་སྡེའི་བློན་ཆེན་དང་ལྷན་དུ་གསོལ་ཚིགས་གྲུབ་རྗེས། ྋགོང་ས་མཆོག་གིས་བཀའ་གནང་དོན། ཧི་མ་ཅལ་མངའ་སྡེའི་ཡུལ་མི་དང་བོད་མིའི་བར་འཆམ་མཐུན་གྱི་འཚོ་བ་སྐྱེལ་བཞིན་ཡོད་པར་ང་རང་དགའ་པོ་ཡོད། སྤྱིར་བོད་མི་ཚོས་རང་གི་ལུང་པ་བཞག་ནས་གཞན་ཡུལ་དུ་གྱར་དགོས་བྱུང་ཡོད་ཀྱང༌། ཧི་མ་ཅལ་མངའ་སྡེའི་གཞུང་དང་ཡུལ་མིས་དམིགས་བསལ་གཟིགས་སྐྱོང་འོག འདི་གའི་བོད་མི་ཡོངས་ལ་གཞན་ཡུལ་དུ་ཡོད་པའི་སྣང་བ་མེད་པར་ཧི་མ་ཅལ་ནི་རང་གི་ཕ་ཡུལ་གཉིས་པ་ལྟ་བུར་ངོས་འཛིན་བྱེད་ཀྱིན་ཡོད་ཅེས་བོད་སྐད་ཐོག་གསུངས་པ་དང༌། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཧིན་དྷིའི་ནང་གསུང་བསྒྱུར་གནང་ཡོད་པ་རེད། གཞན་ཡང་རྩེད་འགྲན་དེར་རྒྱ་གར་ཡུལ་མི་དང༌། ས་གནས་བོད་མི་སེར་སྐྱ་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱུང་ཡོད་པ་དང༌། གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ཀྱང་འབྱོར་ཡོད་པ་རེད།།   

Share this:
༣༦ ཀློག་གྲངས།