ཁལ་མིག་སྲིད་བློན་སོགས་བཞུགས་སྒར་དུ་ཕེབས་པ།

དེ་བཞིན་ཁལ་མིག་དང༌། ཕྱི་སོག ཐུ་བ་སོགས་ནས་བཙན་བྱོལ་བོད་པའི་ཆོས་སྡེ་ཁག་དང༌། སློབ་གཉེར་ཁང་ཁག་ཏུ་སློབ་སྦྱོང་གནང་མཁན་བརྒྱ་ཕྲག་མང་པོ་ཡོད་ལ། བཙན་བྱོལ་བོད་གཞུང་གི་ངོས་ནས་ཀྱང་དེ་ལུགས་བཞིན་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་དང༌། ལོ་འདིའི་ཕྱི་ཟླ་༦ པའི་ནང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་དབུ་ཁྲིད་པའི་སྤྱི་འཐུས་ཁག་ཅིག་ཀྱང་ཡུལ་དེར་གཟིགས་སྐོར་དུ་ཕེབས་པ་སོགས་བཙན་བྱོལ་བོད་གཞུང་དང་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱི་དབར་ལ་འབྲེལ་བ་དམ་ཟབ་ཡོད་པ་རེད།ཟླ་འདིའི་ཚེས་༡༩ ཉིན་གྱི་དགོང་མོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གངས་སྐྱིད་ལས་བྱེད་གསོལ་ཐབ་ཡང་སྟེང་གི་ཚོགས་ཁང་དུ་སྐུ་མགྲོན་རྣམས་ལ་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་ཡོད་པ་དང༌། སྐབས་དེར་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་དང༌། ཁལ་མིག་སྲིད་བློན། ལས་རིམ་དེ་གོ་སྒྲིག་གཙོ་སྐྱོང་གནང་མཁན་གཙོ་བོ་ཏེ་ལོ་རིན་པོ་ཆེ། གཞན་ཡང་གནད་ཡོད་མི་སྣ་དང་གསར་འགོད་པ་སོགས་ཆེད་ཕེབས་གནང་ཡོད་པ་རེད། སྐབས་དེར་བོད་གཞུང་གི་བཀའ་བློན་ཁག་ཅིག་དང༌། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་གྱིས་དབུས་རྒྱུན་ལས་ལྷན་རྒྱས་དང༌། བཞུགས་སྒར་ཁུལ་དུ་ཡོད་པའི་རྒྱུན་ལས་མ་ཡིན་པའི་སྤྱི་འཐུས་ཁག་ཅིག བོད་གཞུང་ཕྱི་དྲིལ་དྲུང་ཆེ་རྣམ་གཉིས་དང༌། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གསར་འགོད་པ་རྣམས་ཀྱང་གསོལ་ཚིགས་དེར་ཕེབས་ཡོད་པ་རེད།

    ཐོག་མ་ཏེ་ལོ་རིན་པོ་ཆེ་མཆོག་གིས་སྤྱིར་ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་ལྔ་ཕེབས་ཡོད་ཀྱང༌། རྒྱ་གཞུང་གིས་ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ལ་གནོན་ཤུགས་སྤྲད་ནས་ཐེངས་འདིར་གསུམ་མ་གཏོགས་ཕེབས་ཐུབ་མ་སོང་ཞེས་སོགས་གསལ་བསྒྲགས་གནང་ཞིང༌། དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བ་དང༌། ཁལ་མིག་སྲིད་བློན་མཆོག་དང༌། ཨུ་རུ་སུའི་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱིས་རིམ་བཞིན་ཀྱང་གསུང་བཤད་གནང༌། སྐབས་འདི་དང་བསྟུན་ནས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་འགྲེམས་སྤེལ་བྱས་པའི་བོད་ཕྱི་ནང་གི་ཡར་ལངས་སྐོར་འཁོད་པའི་བརྙན་འཁོར་ཞིག་སྤྱི་འཐུས་རྒྱུན་ལས་པ་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་ངོ་སྤྲོད་དང་འབྲེལ། ཁལ་མིག་སྲིད་བློན་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང༌། གསོལ་ཚིགས་གྲུབ་པའི་རྗེས་ཕན་ཚུན་ཕྱག་རྟགས་འབུལ་རེས་གནང་ཡོད་པ་རེད། ཕྱི་ཚེས་༢༠ ཉིན་ྋགོང་ས་མཆོག་གལ་མཇལ་བཅར་དང་འབྲེལ་ཕྱི་ཚེས་༢༡ ཉིན་ཕྱིར་རང་ཡུལ་དུ་ཕེབས་རྒྱུ་ཡིན་འདུག།

 

Share this:
༩༢ ཀློག་གྲངས།