དུས་རབས་ཉེར་གཅིག་ནང་རྒྱ་ནག་གང་དུ་ཕྱོགས་ཡོད་དམ།

    རྒྱ་ནག་དཔལ་འབྱོར་ཐོག་ནས་ཨ་རི་དང༌། ཉི་ཧོང༌། ཇར་མན་བཅས་ཀྱི་རྗེས་སུ་འཛམ་གླིང་ནང་སྟོབས་ཆེ་ཤོས་བཞི་པ་དེ་ཆགས་ཡོད་ཅིང༌། ལོ་རེའི་མ་རྩའི་ཡོང་འབབ་ཕྱི་ལོ་༢༠༠༧ ལོར་མཚོན་ན་རྒྱ་སྒོར་༡༩༠༠༠ ཙམ་ཡོང་གི་ཡོད་པ་དང༌། ཕྱི་ལོ་༡༩༧༨ལོར་རྒྱ་སྒོར༣༨༠ ཡིན་འདུག ཕྱི་ཚེས་༡༨ ཉིན་རྒྱ་ནག་པེ་ཅིན་དུ་མི་མང་གི་ཚོགས་ཁང་ཆེན་མོར་དམར་ཤོག་ཚོགས་པས་དུས་དྲན་སྲུང་རྩིས་ཞུས་ཡོད་པ་རེད། སྐབས་དེར་ཧུ་ཅིན་ཐོ་ཡིས་གཏམ་བཤད་ཅིག་བྱས་ཡོད་པ་རེད། བཅོས་བསྒྱུར་དང་གུ་ཡངས་སྒོ་འབྱེད་ཀྱི་སྲིད་ཇུས་ཀྱིས་རྒྱ་ནག་དཔལ་འབྱོར་གྱི་ཐད་ཡར་རྒྱས་འགྲོ་རྒྱུར་འོལ་ཚོད་ཀྱི་རྨང་གཞི་ཞིག་ཚུགས་ཐུབ་ཡོད་པ་རེད། རྒྱ་ནག་དཔལ་འབྱོར་ཐོག་ནས་ཧ་ཅང་ཡར་རྒྱས་ཕྱིན་ཡོད་པ་དང༌། དེང་དུས་དང་མཐུན་པའི་བཟོ་ཚོང་སོགས་སྔོན་ཐོན་ཕྱོགས་སུ་སླེབས་ཡོད་རུང༌། དེ་དང་མཉམ་དུ་ན་ཚ་གསར་པ་དང༌། རླུང་ཁམས་བཙོག་པ། བཟོ་ལས་རྩོད་རྙོག ཁྲིམས་འགལ་གྱི་ཚོང་ལས། མི་མང་ལས་མེད་ཇེ་མང༌། བཟོ་གྲྭ་སྒོ་བརྒྱབ་པ། དེ་བཞིན་རྒྱ་ནག་གི་ཕྱི་རྒྱལ་ཁག་ཏུ་ཕྱི་ཚོང་གི་འབྲེལ་ཆེ་བས། ད་ཆ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་ཆག་འགྲོ་བཞིན་ཡོད་པས་རྒྱ་ནག་གི་དཔལ་འབྱོར་སྲ་བརྟན་མེད་པ་སོགས་དཀའ་ངལ་ཆེ་རུ་ཕྱིན་ནས་ཆབ་སྲིད་ཀྱི་གནད་དོན་ཇེ་ཆེ་ཇེ་མང་གྱིས་རྒྱལ་ཁབ་བརྟན་ལྷིང་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་འདུག ལོ་འདིར་ཆབ་སྲིད་ཀྱི་དབང་ཤུགས་ཀྱིས་སྐྱེད་ཀ་ཉུང་དུ་བཏང་ནས་དཔལ་འབྱོར་བརྟན་ལྷིང་གི་ཆེད་དུ་ཨ་སྒོར་དུང་ཕྱུར་གཅིག་སྟོང་ལྷག་གཏོང་བའི་དམ་བཅས་ཡོད་འདུག ཕྱི་ལོ་༡༩༧༨ ལོར་ཏིང་ཤོ་ཕིང་གིས་ཕྱུག་པོར་འགྱུར་རྒྱུ་ནི་རླབས་ཆེན་ཡིན་ཞེས་མ་རྩ་རིང་ལུགས་ཕྱོགས་སུ་ཁ་ཕྱོགས་གསར་པ་ཞིག་ཏུ་བསྒྱུར་བ་ནས་བཟུང༌། སྤྱི་ཚོགས་དང་དཔལ་འབྱོར་ཧ་ཅང་ཡར་ཐོན་ཕྱོགས་སུ་ཕྱིན་ཡོད་ཀྱང༌། ཆབ་སྲིད་ཀྱི་ཐད་ལ་འགྱུར་བ་གང་ཡང་མེད་པར་དམར་ཤོག་ཚོགས་པས་དམ་ཏུ་བཅིངས་ནས་ལོ་ཧྲིལ་པོ་༣༠ འགྲོ་ཡི་ཡོད་པ་རེད། ཟླ་བ་སྔོན་མའི་ནང་རྒྱ་ནག་གི་ཁྲིམས་རྩོད་པ་༣༠༠ མཁས་དབང༌། རྩོམ་པ་པོ། རི་མོ་བ་སོགས་ཀྱིས་མཉམ་སྒྲིལ་གྱིས་༢༠༠༨ ཀྱི་བཅའ་ཁྲིམས་ཞེས་པའི་མང་ཚོགས་ཀྱི་སྙན་ཞུ་ཞིག་ཕུལ་ནས་ལོ་དྲུག་ཅུའི་རིང་གི་སྲིད་དབང་སྒེར་འཛིན་ལ་ལྷོད་ཡངས་དང་མང་གཙོའི་བཅོས་བསྒྱུར་བཅས་དྲག་གནོན་འོག་འུ་ཐུག་པའི་འབོད་སྐུལ་ནན་ཞིག་བྱས་ཡོད་པ་རེད། ཡང་དེའི་ནང་ཏུ་དུས་རབས་༢༡ ནང་རྒྱ་ནག་གང་དུ་ཕྱོགས་ཡོད་དམ་ཅེས་འཁོད་ཡོད་འདུག བཅའ་ཁྲིམསཀྱི་སྙན་ཞུ་དེར་མཚོན་རྟགས་བཀོད་མཁན་གྱི་རྩོམ་པ་པོ་གཅིག་ཉེས་རྟོག་པས་འཛིན་བཟུང་བྱས་རྗེས་སུ་གར་སོང་མེད་པར་རླག་ཕྱིན་པ་རེད། དེ་མཚུངས་གཞན་པ་རྣམས་ལ་མནར་གཅོད་གཏོང་བཞིན་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཧ་ཅང་ཚད་འདས་འཕྲད་བཞིན་ཡོད་འདུག་ཀྱང༌། ཆབ་སྲིད་སྒང་ལ་འགྱུར་བ་གང་ཡང་མེད་པར་ཨ་ཚུགས་ཀྱིས་དྲག་གནོན་བྱེད་མུས་ཡིན་པ་རེད། རྒྱ་ནག་གི་མང་ཚོགས་ཀྱི་ཉེ་དུས་ཀྱི་ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་དངུལ་རྩིས་ཀྱི་གནས་སྟངས་མཐོང་བས་དེའི་ཐད་ཡིད་ཆེས་མེད་པའི་གནད་དོན་གཅིག་ཏུ་གྱུར་ཡོད་པ་བཅས་གསར་ལམ་ཁག་ཏུ་འཁོད་འདུག།

Share this:
༩༡ ཀློག་གྲངས།