ཨ་རིའི་སྲིད་འཛིན་གསར་རྙིང་གཉིས་ཀྱི་ལྟ་གྲུབ།

ཟླ་འདིའི་ཕྱི་ཚེས་༢༠ ཉིན་ཨ་རིའི་སྲིད་འཛིན་ཨོ་བྷ་མས་ཨ་རི་རྒྱལ་ཡོངས་ཀྱི་གསལ་བསྒྲགས་ཤིག་གི་ནང་དུ་ཆེས་ཁ་གསལ་པོའི་ངང་ཆབ་སྲིད་ཆེད་ཚན་རིག་བེད་སྤྱོད་ལོག་པར་བཏང་བའི་སྲིད་འཛིན་བྷུ་ཤིའི་སྲིད་བྱུས་དེ་མཚམས་འཇོག་རྒྱུ་ཡིན་ཞེས་བརྗོད་འདུག ཨོ་བྷ་མས་ཁོང་གི་ཆབ་སྲིད་ཀྱི་འཛིན་སྐྱོང་ཁྲོད་རང་བྱུང་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་སྲིད་བྱུས་གལ་འགངས་ཆེ་ཤོས་ཤིག་ཏུ་བཞག་ཡོད་པ་དང༌། གནམ་གཤིས་ཀྱི་ཚན་རིག་པ་འཛིན་སྐྱོང་གི་ལས་སྣེ་ནང་ཛ་དྲག་དང་གནད་འགག་ཅན་དུ་བཞག་ཡོད་ཅིང༌། གནམ་གཤིས་དང་ཁོར་ཡུག་ལ་འགྱུར་བ་གཏོང་རྒྱུའི་ཕུགས་བསམ་རྒྱ་ཆེན་བཞེས་ཡོད་པ་རེད། སྲིད་འཛིན་བྷུ་ཤིས་ཁོང་གི་གོ་གནས་འཕོ་འགྱུར་མ་བཏང་བའི་མཇུག་མཐའི་གཟའ་འཁོར་གྱི་ནང་སྤྱི་པའི་ས་ཆ་ནས་སྣུམ་དང་གཏེར་ཁ་སོགས་སྔོག་འདོན་དང༌། ལྷག་པར་དུ་རྒྱལ་ཁབ་ཀྱི་གླིང་ཁའི་ནང་མི་མང་གིས་ཁྲིམས་འཐུན་གྱི་ཆོག་མཆན་ཡོད་པའི་མེ་མདའ་གསང་བའི་ངང་འཁྱེར་ཆོག་པ་སོགས་ལ་ཤུགས་སྣོན་རྒྱག་གི་ཡོད་འདུག སྲིད་འཛིན་བྷུ་ཤིའི་འཛིན་སྐྱོང་གི་དུས་སྐབས་སུ་ཆབ་སྲིད་ཀྱི་སྲིད་བྱུས་ལ་མོས་མཐུན་མེད་པའི་གཞུང་གི་ཚན་རིག་པ་མང་པོ་ཁ་བཀག་པ་དང༌། ཚན་རིག་གི་སྙན་ཐོ་ལ་འགྱུར་བ་བཏང་བའི་གནས་ཚུལ་ལྷག་པ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་༦༠ ལྷག་གིས་བྷུ་ཤིས་ཆབ་སྲིད་ལག་ལེན་བསྟར་ཕྱོགས་ཐད་དགག་པ་དང་སྐྱོན་བརྗོད་ཀྱིས་ཕོ་བྲང་དཀར་པོར་སྙན་ཞུ་འབུལ་དགོས་པའི་དཀའ་ངལ་འཕྲད་ཡོད་པ་རེད། ཨོ་བྷ་མས་འདས་པའི་འཛམ་གླིང་གི་གནམ་གཤིས་དང་ཁོར་ཡུག་གནོད་སྐྱོན་ལ་སྐྱར་ཞིབ་ཐོག་རང་ཉིད་ཀྱི་འཛིན་སྐྱོང་ནང་ཨ་རིའི་ཚན་རིག་པ་གྲགས་ཅན་འགའ་གཞུང་གི་ཆབ་སྲིད་སློབ་སྟོན་པའི་ལས་སྣེར་བསྐོ་གཞག་གནང་ཡོད་པ་རེད།།

Share this:
༧༠ ཀློག་གྲངས།