ཕྱི་ཟླ་བརྒྱད་པ།

   འོན་ཀྱང་ཟླ་འདིའི་ཚེས་༦ ཉིན་གྱི་ཆུ་ཚོད་༡༡ ཐོག་བསྐྱར་དུ་ལས་འགུལ་བ་ཁག་ཅིག་གིས་ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་ཡོད་པ་རེད། ཟླ་འདིའི་ཚེས་༢ ཉིན་བཀའ་བློན་དང་ལྡི་ལི་དོན་གཅོད་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོག་ཆེད་ཕེབས་ཀྱིས་རྒྱལ་གཅེས་སྙིང་སྟོབས་ཅན་ཁ་ཤས་ཀྱིས་སོ་སོའི་ལུང་པ་དང་མི་རིགས་ཀྱི་ཆེད་དུ་ཞི་རྒོལ་བྱས་བསྡད་ཡོད་པ་རེད། གཟི་བརྗིད་ཆེན་པོ་རེད་ཅེས་གསུངས་འདུག
     ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཁག་ཅིག་བོད་ཀྱི་ལས་འགུལ་བ་རྣམས་ལ་གཟིགས་ཞིབ་གནང་བར་ཕེབས་ཡོད་པ་དང༌། ཁོང་གིས་འཛམ་གླིང་ནང་གལ་ཆེ་ཤོས་དེ་མཐུན་སྒྲིལ་དང༌། སྙིང་རྗེ། འགྲོ་བ་མིའི་ཐོབ་ཐང་རེད། སོ་སོའི་རྒྱལ་ཁབ་ཀྱི་ཐོབ་ཐང་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་དུ་སྲོག་བློས་གཏོང་གིས་ཕྱག་ལས་གནང་བ་དེ་གལ་ཆེན་པོ་རེད། དེ་ལ་གུས་ཞབས་བྱེད་ཀྱི་ཡོད། ཉི་ཧོང་ནང་པའི་རྒྱལ་ཁབ་ཅིག་ཡིན་པ་དང༌། མང་གཙོ་གལ་ཆེན་པོར་བརྩི་མཁན་གྱི་རྒྱལ་ཁབ་ཅིག་ཡིན། ཉི་ཧོང་ནང་གི་མི་མང་ཆེ་བ་ལ་བོད་ཀྱི་གནད་དོན་ཐོག་སེམས་འཚབ་དང༌། རྒྱབ་སྐྱོར་ཡོད་པ་རེད། རྒྱ་ནག་དེ་ཨེ་ཤ་ཡའི་ནང་འགན་འཁྱེར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སོགས་ལ་སྲུང་བརྩི་བྱེད་དགོས་པ་གལ་ཆེན་པོ་རེད། ཁོང་གིས་ཉི་ཧོང་གི་གྲོས་ཚོགས་ནང་བོད་དོན་སྐོར་ལ་ཤུགས་རྒྱག་རྒྱུ་དང༌། ད་ལྟ་དངོས་སུ་མཐོང་བ་རྣམས་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ཟས་བཅད་ངོ་རྒོལ་སྐབས་སྔ་ཕྱིར་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་དང༌། སི་པན་གྱི་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་གཟིགས་ཞིབ་གནང་ཡོད་པ་རེད།།

མི་མང་པོ་གར་སོང་ཆ་མེད་དུ་གྱུར་འདུག

ད་ལོ་བོད་ནང་ཞི་རྒོལ་བྱུང་ནས་མི་མང་པོ་བོར་བརླག་སོང་བ་དང་ད་དུང་ཡང་མང་པོ་བོར་བརླག་ཤོར་གྱི་ཡོད་པའི་གནས་ཚུལ་འདུག གནས་ཚུལ་མཁོ་སྤྲོད་བྱུང་བ་ལྟར་ན། ད་ལོ་ཕྱི་ཟླ་༣ པའི་ནང་ལྷ་སར་ཞི་རྒོལ་བྱུང་སྐབས་བོད་མི་མང་པོ་བོར་བརླག་བྱུང་ཡོད་པ་དང༌། དེ་ལས་འབའ་ཐང་རྫོང་རྡུད་རྡ་ཤང་ཆོས་དགའ་གྲོང་ཚོ་བྱང་དཀར་དགོན་གྱི་གྲྭ་ཀརྨ་ཆོས་འབྱོར་ལོ་༢༧ ཅན་དང༌། གྲྭ་འབྲོང་པོ་རབ་བསྟན་ལོ་༡༨ ཙམ་ཡིན་པ་གཉིས་ཕྱི་ཟླ་༣ པའི་ཚེས་འགོར་ཕ་ཡུལ་ནས་ལྷ་སར་ཕྱིན། ཚེས་༢༥ དང་༣༠ ཡས་མས་ཞིག་ལ་སེ་རའི་དགེ་འདུན་པས་ངོ་རྒོལ་བྱས་པའི་ནང་དངོས་སུ་ཞུགས་ཡོད་པ་དང༌། དེ་ནས་བོར་བརླག་སོང་བའི་གནས་ཚུལ་གསལ་པོ་ཕ་ཡུལ་ནས་གོ་ཡོད་པ་རེད། གནས་ཚུལ་དེ་གཞན་ལ་བསྒྲགས་ན་རྙོག་གྲ་དེ་ལས་ཆེ་བར་དོགས་ནས་གསང་བའི་ཐོག་རྩད་གཅོད་མང་པོ་བྱས་ཀྱང་གཏན་ནས་རྙེད་སོན་བྱུང་མེད་པ་རེད། དེ་དང་དེ་འདྲ་བའི་ཞི་རྒོལ་སྐབས་བོར་བརླག་སོང་བ་མང་པོ་ཡོད་པ་རེད་མོད་ཕྱིར་བསྒྲགས་བྱེད་མ་ཕོད་པའི་གནས་ཚུལ་མང་པོ་འདུག་ཅེས་གསུངས་སོང༌།།


རྔ་བ་རུ་རྒྱ་གཞུང་གིས་རྫུན་སྒྲུང་འཁྲབ་པ།

    ཟླ་༧ ཚེས་༣༡ ཉིན་རྔ་བ་རྫོང་སྤྲོ་ཚིགས་དགོན་པའི་རྒྱབ་ཀྱི་རྩྭཐང་དུ་ཚོང་ཁང་རྫུན་མ་དང་དགོན་པའི་དབྱིབས་རྫུན་མ་བཟོས་ཤིང༌། བོད་མི་གྲྭ་པ་ཡང་རྫུན་མ་མང་པོ་བཟོས་ནས་བོད་ཀྱི་རྒྱལ་དར་རྫུན་མ་འཕྱར་བ། རྡོ་འཕེན་པ་མེ་སྦར་བ་སོགས་ཀྱི་བྱ་བ་མང་པོ་དངོས་མིན་རྫུན་བཟོ་བྱས་ཡོད་འདུག
དེ་བཞིན་ཟླ་བ་མང་པོའི་རིང་དམག་མི་དང་ཉེན་རྟོག་པ་སྟོང་ཕྲག་མང་པོས་མེ་མདའ་དང་ལྕགས་དབྱུག་བཟུང་ནས་ཁྲོམ་སྲང་དུ་ཉུལ་བ་དང་ལམ་མདོ་ཚང་མ་བཀག་པ། ལྷག་པར་དུ་དགོན་པ་སོ་སོའི་ལམ་སྒོ་ཡོད་ཚད་དྲག་ཆས་དམག་དཔུང་གིས་བསྲུང་ནས་གྲྭ་བ་རྣམས་རྒྱུན་ལྡན་བཞིན་འགྲོ་འོང་བྱེད་དབང་མེད་པ་དང༌། དད་ལྡན་རྣམས་གང་བསམ་ངང་མཇལ་སྐོར་བྱེད་དབང་མེད་པར་གྱུར། རྔ་བ་རྫོང་ཀིརྟི་དགོན་པའི་ཨ་ལགས་གདོང་ཁུ་ཚང་༣་༡༦ དོན་རྐྱེན་བྱུང་བ་ནས་ལྐོག་བཟུང་བྱས་ཏེ་འགྲོ་འདུག་རང་དབང་མེད་པ་དང༌། ཉེས་མེད་བཙན་འདྲི་དུ་མ་བྱས་ནས་ཟླ་བ་གསུམ་ཙམ་རིང་ལ་ལྐོག་ཏུ་བཀག་ཉར་བྱས།
    རྔ་བ་རྫོང་ཀིརྟི་དགོན་པའི་ཨ་ཁུ་འབྲུག་སྒྲའི་ནང་དུ་བཙན་སྔོག་བྱེད་སྐབས། ྋགོང་ས་མཆོག་གི་འདྲ་པར་ཞིག་རྙེད་ཅིང༌། དྲག་ཆས་ཉེན་རྟོག་པས་ཁོང་ལ་བཙན་དབང་གིས་འདྲ་པར་ལ་རྡོག་རྫིས་བྱེད་དུ་འཇུག་སྐབས། ཁོང་གི་སྲ་ཚུགས་བཟུང་དེ་ཁྲིམས་མེད་ལུགས་མེད་ཀྱི་ཉེན་རྟོག་པ་ཚོ་ལ་དྭང་ལེན་མ་བྱས་པས། ཉེན་རྟོག་མི་སྣ་དེ་ཚོས་ཁོང་རྩེད་སྤྱད་བྱས་ཏེ་གཅར་རྡུང་མི་སྤྱོད་ལས་འདས་པ་བྱས་པ་དང་ཁོང་གི་ལུས་ཀྱི་རུས་པ་དུ་མ་བཅག་སྟེ་བཙོན་འཇུག་བྱས་ཏེ་ད་ལྟ་གར་ཡོད་ཤེས་རྟོགས་མེད་པ་རེད། དེ་མིན་རྔ་བ་རྫོང་གཅའ་རུ་བའི་ཕོ་གསར་ཞིག་དང་འབོས་ཁྲང་གི་བུད་མེད་ཅིག་ལ་ཉེན་རྟོག་པས་མནར་གཅོད་དང་གཅར་རྡུང་ཚད་མེད་བྱས་ཏེ་གྲོངས་ཡོད་པ་རེད། གནས་ཚུལ་དེ་དང་འདི་ལྟ་བུ་མང་པོ་ཡོད་པས་ ཉེས་མེད་ཉེས་འགེལ་དང༌། ཉེས་ཅན་དུ་འདོད་པ་དག་མ་རྙེད་སྐབས། དེའི་ཕ་མ་དང་སྤུན་མཆེད་གང་རྙེད་བཙོན་འཇུག་བྱེད་པ་བཅས་ཁྲིམས་མེད་ལུགས་མེད། མི་ལ་བརྙས་བཅོས། འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རྫིས་བྱེད་པ། ཆོས་དད་དང་ཡུལ་སྲོལ་བཙན་འགོག་བྱེད་པ་སོགས། མདོར་ན་མི་རིགས་འདྲ་མཉམ་དང་ཁྲིམས་ལུགས་འདྲ་མཉམ་མེད་ལ། ཐ་ན་འགྲོ་བ་མིའི་ཐོབ་ཐང་དང་ཚེ་སྲོག་གི་རིན་ཐང་བཅས་ལ་དམའ་འབེབས་ཚད་ལས་བརྒལ་བ་བྱེད་ཀྱི་ཡོད། འཛམ་གླིང་འདི་ཁྲིམས་དང་ལྡན་པ་ཞིག་ཡིན་ན། ང་ཚོས་ཁྲིམས་ཀྱིས་ནག་ཉེས་ཆེ་བའི་གནད་དོན་ཐག་མི་ཆོད་པ་ཅི་ཞིག་ཡོད། ཅེས་བོད་ནས་མིང་ཤོད་འདོད་མེད་པའི་རྒྱ་གཞུང་གི་ལས་བྱེད་ཅིག་གིས་དྲ་ལམ་བརྒྱུད་འདི་གར་མཁོ་སྤྲོད་བྱས།།

རུང་རྒྱས་ཨ་གྲགས་དྲན་གསོ།

    ཟླ་འདིའི་ཚེས་༡ ཉིན་བྷེལ་ཀོབ་བོད་གཞུང་མང་ཛ་དྲག་ཚོགས་པའི་གོ་སྒྲིག་འོག་རྒྱལ་གཅེས་དཔའ་བོ་ལི་ཐང་རུང་རྒྱས་ཨ་གྲགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་དང༌། རྒྱ་ནག་གཞུང་གིས་ཁོང་བཙོན་འཇུག་བྱས་ནས་ལོ་འཁོར་གཅིག་འཁོར་བའི་ཉིན་མོ་སྲུང་བརྩི་བྱས་ཡོད་པ་རེད། ལུགས་བདེ་གཉིས་ཀྱི་མི་མང་གཅིག་སྟོང་བརྒལ་བ་བདེ་སླར་མི་མང་ཚོགས་ཁང་དུ་བསྡུ་བསྐོང་གིས་བྷེལ་ཀོབ་ལུགས་བདེ་གཉིས་ཀྱི་བོད་གཞུང་མང་ཛ་དྲག་ཚོགས་པའི་ཚོགས་གཙོ། ལུགས་བསམ་སྐུ་ངོ་བཀྲ་ཤིས་དབང་འདུས་ལགས་ཀྱིས་མཛད་སྒོའི་ངོ་སྤྲོད་དང་སྦྲགས་རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ལ་བསྔགས་བརྗོད་བྱས་པ་དང༌། བོད་གཞུང་འཕྲོད་བསྟེན་བཀའ་བློན་མཆོག་གིས་འཕྲོད་བསྟེན་དང་འབྲེལ་བའི་གསུང་བཤད་གནང་གྲུབ་རྗེས་ཉིན་རྒྱབ་སེར་སྨད་བོད་གཞུང་མང་ཛ་དྲག་ཚོགས་པའི་སྐུ་ཚབ་སྐུ་ཞབས་བློ་དགའ་ལགས་ཀྱིས་རྒྱལ་གཅེས་དཔའ་བོ་རུང་རྒྱས་ཨ་གྲགས་ཀྱིས་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། གཞན་ཀོ་ལེའི་གྷལ་དོན་ལྡན་གླིང་དུ་ཡང་བོད་གཞུང་མང་ཛ་དྲག་ཚོགས་པའི་གོ་སྒྲིག་འོག་དཔའ་བོ་རུང་རྒྱས་ཨ་གྲགས་མཆོག་གི་དུས་དྲན་མཛད་སྒོ་དང་འབྲེལ་བའི་བོད་བསྟན་སྲིད་ཆེད་རིམ་འགྲོ་རྒྱ་ཆེར་བྱས་ནས། ཕྱི་དྲོ་མར་མེའི་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་འདུག དེ་བཞིན་ཧོན་སུར་རབ་རྒྱས་གླིང་དུ་ཡང་མི་མང་གིས་དཔའ་བོའི་དུས་དྲན་ལ་སྲུང་བརྩི་དང༌། མར་མེའི་ཁྲོམ་སྐོར་སོགས་བྱས་ཡོད་འདུག དེ་བཞིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ངོས་ནས་རྒྱ་གར་གྱི་ས་གནས་གང་སར་ཆབ་སྲིད་བཙོན་པ་རུང་རྒྱས་ཨ་གྲགས་འཇུ་བཟུང་ཉིན་སྲུང་བརྩི་བྱས་ཡོད་པ་རེད།།    

ཞི་རྒོལ་བར་ཁྲིམས་ཐག་བཅད་པ།

    ལྷ་སའི་འབྲེལ་ཡོད་འབྲིང་རིམ་ཁྲིམས་ཁང་ཞིག་ནས་བོད་མི་ཞི་རྒོལ་བ་ཁག་ཅིག་ལ་ཁྲིམས་ཐག་བཅད་ཡོད་པ་དང་དེའི་ནང་དགའ་ལྡན་ཆོས་འཁོར་ཤང་ཁོངས་དབུ་རྒྱན་སྨད་གྲོང་ཚོ་ནས་ཡིན་པའི་བུད་མེད་བསྟན་འཛིན་ལྷ་མོ་དང༌། སྐྱེས་པ་བསམ་འགྲུབ་ཟེར་བ་གཉིས་ལ་འདི་ལོའི་ཞི་རྒོལ་ནང་འཛུལ་ཞུགས་བྱས་པའི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་༡༠ དང་ལོ་༡༣ བྱེད་རྒྱུའི་ཁྲིམས་ཐག་བཅད་པ་དང༌། བྱང་ཁ་ཤང་བདེ་གྲོང་ནས་ཡིན་པའི་སྐལ་ལྡན་གཙོས་མི་བཞི་ལ་ཁག་སོ་སོར་དུས་བཀག་བཙོན་འཇུག་ལོ་༢༠ དང༌། ལོ་༡༧ ལོ་༡༣ བཅས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག འཕན་པོ་ལྷུན་གྲུབ་རྫོང་ཁོངས་གི་བློ་བཟང་ཟླ་བ་ཟེར་བ་ཞིག་དང༌། ཁོང་གི་གཅུང་པོ་ར་སྟོད་གྲྭ་བསྟན་དར་ཟེར་བ་ཞིག་ཀྱང་ལྷ་སའི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག འཕན་པོ་ཤར་འབུམ་པ་བཙུན་དགོན་གྱི་བཙུན་མ་༥༣ ཙམ་འཛིན་བཟུང་བྱས་རྗེས། བཙུན་མ་༥ ལྷ་སའི་བཙོན་ཁང་ཞིག་ཏུ་ཁྲིད་པ་ཕུད་གཞན་དག་ཚོར་རྒྱ་སྒོར་༢༠༠༠ ནས་༥༠༠༠ བར་གྱི་དངུལ་ཆད་བཅད་དེ་གློད་བཀྲོལ་བཏང་ཡོད་ཀྱང༌། བཙུན་དགོན་དུ་མུ་མཐུད་སྡོད་མ་བཅུག་པར་རང་རང་གི་ཁྱིམ་དུ་བསློགས་ཡོད་འདུག གཞན་ཡང་འཛིན་བཟུང་ཁོངས་སུ་ཚུད་པའི་བཙུན་མ་བློ་བཟང་ཆོས་འཛིན་ཟེར་བ་ཞིག་ལ་ཉེས་རྡུང་བཏང་སྟེ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་སྟབས། ད་ལྟ་རྫོང་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་བཞིན་ཡོད་འདུག།

ནང་ཆེན་རྫོང་ཁོངས་ནས་བོད་མི་འཇུ་བཟུང༌།

    འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༧ ཚེས་༢༨ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁམས་ནང་ཆེན་རྫོང་འབྲོག་ཤོག་ཤང་གི་མང་ཚོགས་ཚོས་རྫོང་སྲིད་གཞུང་ལ་ཞུ་ཡིག་ཅིག་ཕུལ་ཏེ། ཟླ་༧ ཚེས་༢༦ ཉིན་གྱི་མཚན་མོ་འཛིན་བཟུང་བྱས་པའི་བོད་མི་ཨ་བཟང་ལོ་ ༢༡དང༌། དངོས་བསོད།ལོ་ ༣༥ འཇམ་བཟང༌། དགའ་རྡོ་ཉི་མ་ལོ་མ་ཤེས།བཅས་བཞི་གློད་བཀྲོལ་གཏོང་དགོས་པ་དང༌། མ་གློད་ཚེ་ཤང་དེའི་ཁོངས་ཀྱི་མི་གཅིག་ལས་མ་ལྷག་ཀྱང་ངོ་རྒོལ་ཤུགས་ཆེ་བྱ་རྒྱུ་ཡིན་ལུགས་བརྗོད་འདུག
    གནས་ཚུལ་དེའི་འབྱུང་རྐྱེན་ནི། ནང་ཆེན་རྫོང་སྲིད་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་ལ་བོད་མི་མང་གིས་དགའ་བསུ་ཞུ་བཞིན་ཡོད་པའི་རྣམ་པ་སྟོན་སླད། ཕྱི་༨ པའི་ནང་རྫོང་དེའི་ཁོངས་གཏོགས་ཤང་ཚང་མའི་བོད་མི་ཚོས་གཞས་ཞབས་བྲོ་འཁྲབ་བཞིན་དབྱར་སྐྱིད་གཏོང་དགོས་ཚུལ་བརྗོད་སྐབས། མི་ཚང་རེ་ནས་ཉུང་མཐར་མི་རེ་ཡོང་དགོས་པ་དང༌། མ་ཡོང་ཚེ་ཉེས་ཆད་རྒྱ་སྒོར་ཆིག་སྟོང་སྤྲོད་དགོས་པ་གཏན་འབེབས་བྱས་འདུག དབྱར་སྐྱིད་དེའི་ཆེད་དུ་ཟླ་བ་གཉིས་ཙམ་གོང་ནས་ཤང་ཚང་མའི་ནང་གཞས་ཞབས་བྲོ་དང༌། ལུས་ཀྱི་རྩལ་སོགས་སྦྱོང་བརྡར་བྱེད་བཅུག་སྟེ། ཉེ་ཆར་ཟླ་༧ ཚེས་༢༤ ཉིན་མང་ཚོགས་རྣམས་ལ་འབྲོག་ཤོག་ཤང་དུ་དབྱར་སྐྱིད་ཀྱི་གུར་ཕུབ་བཅུག་པ་དང་ཆབས་ཅིག་ཚེས་༢༥ ཉིན་འཁྲབ་སྟོན་ཚོད་ལྟའི་གཟིགས་འབུལ་ཞུ་འཇུག་སྐབས། གཞས་ཚིག་ཚང་མ་ྋགོང་ས་མཆོག་དང་རྒྱལ་བ་ཀརྨ་པར་བསྟོད་པ་དང༌། བོད་ནང་གི་སྐྱོ་གནས་མཚོན་པའི་མྱ་ངན་གྱི་གཞས་ཚིག་ཤ་སྟག་ཡིན་སྟབས། རྒྱ་གཞུང་གིས་དེ་དག་རྩིས་མེད་བཏང་ཐོག་འཕྲལ་དུ་གཞས་ཚིག་གསར་པ་བསྣན་ཏེ་ཉིན་གསུམ་རྗེས་ནས་དབྱར་སྐྱིད་གཏོང་དགོས་ཚུལ་བཙན་བཀའ་བཏང་འདུག དེ་ལ་མང་ཚོགས་ཀྱིས་མོས་མཐུན་མ་བྱས་པར་བརྟེན། ཟླ་༧ ཚེས་༢༦ ཉིན་རྫོང་སྲིད་གཞུང་གི་དཔོན་རིགས་དང་མང་ཚོགས་འཛོམས་པའི་དབུས་སུ་བོད་མི་ཨ་བཟང་དང༌། དངོས་བསོད། འཇམ་བཟང༌། དགའ་རྡོ་ཉི་མ་བཅས་ཀྱིས་ད་ལོ་རྒྱ་མིས་བོད་ལ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་བཏང་བའི་ལོ་ཡིན་པས་མྱ་ངན་དང་སྨྲེ་ངག་འདོན་པའི་དུས་རེད་མ་གཏོགས། དབྱར་སྐྱིད་གཏོང་བའི་དུས་ཚོད་མ་རེད། ང་ཚོ་ལ་རང་དབང་དགོས། ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་བཞིན་ཡིག་ཆ་མང་པོ་བཀྲམ་པ་དང༌། མི་མང་ཚོར་ཁྱེད་རྣམས་རང་ཁྱིམ་ལ་ལོག་རོགས་ཞེས་བརྗོད་པར་མི་མང་ཚོས་ཀྱང༌། ཁོང་ཚོས་བཤད་པ་བདེན་པ་རེད་ཅེས་རྒྱབ་སྐྱོར་བྱས་པ་དང་སྦྲགས་སྐད་འབོད་བྱེད་བཞིན་ཅ་དངོས་རྣམས་བསྡུས་ཏེ་ལོག་ཡོད་འདུག ཤུལ་དུ་རྫོང་སྲིད་གཞུང་གི་གུར་མ་གཏོགས་མ་ལྷག་པ་དང༌། ཉིན་དེའི་མཚན་མོ་བོད་དོན་སྐད་འབོད་བྱེད་མཁན་བོད་མི་བཞི་དེ་འཛིན་བཟུང་གིས་ད་ལྟའི་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་ཐུབ་མེད།
    ས་གནས་དེའི་སྲིད་གཞུང་གིས་ཐོག་མར་དབྱར་སྐྱིད་དེ་གྲ་སྒྲིག་ཆེད་མི་མང་ཁྲོད་རྒྱ་སྒོར་ཁྲི་སུམ་བཅུ་སོ་ལྔ་བསྡུས་པ་དང༌། མི་མང་གིས་ད་ལོ་དབྱར་སྐྱིད་འདི་འདྲ་ཞིག་གཏོང་མི་འོས་ཚུལ་རེ་སྐུལ་བྱས་ཡོད་ནའང༌། ཉན་འཇོག་གང་ཡང་མ་བྱས་པར་བཙན་ཐབས་ཀྱིས་གྲ་སྒྲིག་བྱས་པ་ཞིག་ཡིན་འདུག།

ནང་པ་ལའི་རི་རྩེར་རྒྱལ་དར་སྒྲེང་འཛུགས།

    ཕྱི་ཟླ་༧ པའི་ཚེས་༢༦ ཉིན་བལ་ཡུལ་མཐིལ་ནས་ཚེ་བརྟན་ནོར་བུ་དང་ཀརྨ་རྒྱལ་མཚན་གཉིས་ལུག་ལ་བར་གནམ་གྲུ་དང༌། དེ་ནས་བལ་བོད་ས་མཚམས་ནང་པ་ལའི་རྩེ་བར་གོམ་བགྲོད་ཀྱིས་ཚེས་༢༨ ཉིན་མོར་ནང་པ་ལའི་རྩེ་ལ་བོད་ཀྱི་རྒྱལ་དར་དང་ྋགོང་ས་མཆོག་གི་སྐུ་པར། རྒྱ་ནག་གཞུང་ལ་བོད་ཀྱི་བདེ་སྡུག་འཁོད་པའི་ཞུ་ཡིག་དོན་ཚན་བཞི་བོད་ཡིག རྒྱ་ཡིག དབྱིན་ཡིག ནེ་པཱ་ལའི་སྐད་ཡིག་བཅས་བཞིའི་ཐོག་བྲིས་པའི་འཕྲེད་དར་ཞིག་ཀྱང་བཙུགས་ཡོད་པ་རེད།  
    དོན་ཚན་བཞི་ལས་དང་པོ། ྋགོང་ས་མཆོག་དང་ཧུའུ་ཅིན་ཐའོ་བོད་དོན་ཞི་འགྲིག་ཆེད་འཕྲལ་དུ་བཀའ་མོལ་བྱེད་དགོས། གཉིས་པ། བོད་དུ་མི་གསོད་དང་དྲག་གནོན་མཚམས་འཇོག་བྱེད་དགོས། གསུམ་པ། པཎ་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བཞི་པ། གཞིས་ལུས་བོད་མིར་གཏམ་བརྗོད་ཀྱི་རང་དབང་སྤྲོད་དགོས་ཞེས་འཁོད་ཡོད་པ་རེད། ནང་པ་ལ་ནི་ཧ་ཅང་ཉེན་ཁ་ཅན་གྱི་ས་ཁུལ་ཞིག་ཡིན་ལ། ༢༠༠༧ ལོར་རི་རྩེ་དེར་རྒྱ་མའི་མཐའ་སྲུང་བས་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་མཁན་ལ་མེ་མདའ་བརྒྱབ་སྟེ་བཙུན་མ་ཞིག་བསད་ཡོད་པ་རེད། ཁོང་གཉིས་པོས་གསུངས་དོན། བོད་ལ་ྋགོང་ས་མཆོག་གི་སྐུ་པར་ཉར་བཅུག་གི་ཡོད་པ་མ་རེད། གལ་ཏེ་ཉར་བ་ཡིན་ན་ལོ་མང་རིང་བཙོན་འཇུག་བྱེད་ཀྱི་ཡོད་མོད། ྋགོང་ས་མཆོག་ནི་ཁ་བྲལ་བ་ཞིག་མ་རེད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད། བོད་ལ་གདན་འདྲེན་ཞུ་དགོས་པས་སྐུ་པར་གདན་འདྲེན་ཞུས་ཏེ་སྐུ་དངོས་སུ་གདན་དྲངས་པར་དམིགས་པ་བྱས་པ་ཡིན།  བོད་ཀྱི་རྒྱལ་དར་ནི་བོད་ཀྱི་གངས་རིའི་རྩེར་འཛུགས་དགོས་པ་རེད་ལ། དེའི་ཐོབ་ཐང་ཡང་ཡོད། འཕྲེད་དར་དེ་དག་ནི་རྒྱ་མིའི་ལག་ཏུ་སླེབས་ན་བསམ་ནས་བཞག་པ་ཡིན་ཞེས་གསུངས་སོང༌།།
གོམ་བགྲོད་པ་ཁག་ཅིག་འཇུ་བཟུང༌།
    བོད་དོན་ལས་འགུལ་བ་༥༠ ལྷག་གསང་བའི་ཐོག་བོད་དུ་བསྐྱོད་འགོ་ཚུགས་ཡོད་ནའང༌། རྒྱ་གར་གསང་བའི་ལས་ཁུངས་ཀྱིས་ཤེས་རྟོགས་བྱུང་སྟེ། རྒྱ་གར་ཉེན་རྟོག་པས་ཟླ་འདིའི་ཚེས་༤ ཉིན་འཇུ་བཟུང་བྱས་ཡོད་པ་རེད།
    འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་མི་མང་གིས་བོད་བར་ཞི་བའི་གོམ་བགྲོད་ཅིག་བྱས་ཡོད་ནའང༌། རྒྱ་གར་ཉེན་རྟོག་པས་ཐེངས་མང་བཀག་འགོག་བྱས་ཏེ་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད། དེ་རྗེས་ཤིང་བཟའ་རིན་པོ་ཆེ་དང༌། བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་སོགས་བོད་དོན་ལས་འགུལ་བ་ཁག་ཅིག་གིས་གསང་བའི་ཐོག་བོད་དུ་བསྐྱོད་རྒྱུར་འགོ་འཛུགས་བྱས་ཡོད་ནའང༌། བསྟན་འཛིན་བརྩོན་འགྲུས་དང༌། བློ་བཟང་གཉིས་ཚེས་༣ ཉིན་ཀུ་ལུ་ས་གནས་བྷུན་ཏར་གནམ་ཐང་དུ་འཇུ་བཟུང་བྱས་ཡོད་པ་དང༌། ཤིང་བཟའ་རིན་པོ་ཆེ་སོགས་ཚེས་༤ ཉིན་སྤི་ཏི་ ཀ་ཛ་ས་གནས་ནས་འཇུ་བཟུང་བྱས་འདུག ཁོང་ཚོས་དེའི་སྐབས་བོད་དོན་སྐད་འབོད་བྱས་པ་མ་ཟད། བཙོན་ཁང་དུ་བཅུག་རྗེས་ཟས་བཅད་ངོ་རྒོལ་ཡང་བྱས་ཡོད་འདུག ད་ལྟའི་ལས་འགུལ་བ་མང་ཆེ་བ་གྲྭ་པ་དང་བཙུན་མ་ཡིན་འདུག།
གློག་བརྙན་བཟོ་སྐྲུན་པ་ཞིག་འཇུ་བཟུང༌།
ཕ་ཡུལ་ཨ་མདོ་ནས་ཡིན་པ་དོན་གྲུབ་དབང་ཆེན་ལགས་ཀྱིས་རྒྱུན་རིང་བོད་ནང་གི་མི་མང་ལ་བོད་དོན་སྐོར་བཅར་འདྲི་བྱས་ནས། མི་མང་བརྒྱ་ལྷག་ཅིག་ལ་བསམ་ཚུལ་བསྡུ་ལེན་བྱས་ཡོད་པ་དང༌། བོད་མི་ཚོས་ཁ་གཅིག་གྲག་ལྟ་བུས་བོད་ནང་དུ་ྋགོང་ས་མཆོག་ཆིབས་བསྒྱུར་དགོས་པ་དང༌། རྒྱ་ནག་གཞུང་གིས་བོད་ལ་དྲག་གནོན་བྱེད་ཀྱི་ཡོད་པ། ཞིང་འབྲོག་ཁུལ་དུ་རང་དབང་གིས་འཚོ་བ་སྐྱེལ་མི་ཆོག་པར་ས་ཆ་གང་སར་གནས་སྤོ་བཏང་བ་སོགས་དཀའ་ངལ་ཆེན་པོ་ཡོད་སྐོར་བརྗོད་ཡོད་པ་རེད། གློག་བརྙན་དེ་ཕྱི་རྒྱལ་དུ་བཏང་ནས་ཅུང་མ་འགོར་བར། འདི་ལོའི་ཕྱི་ཟླ་༣ པའི་ནང་དོན་གྲུབ་དབང་ཆེན་དང༌། ཁོང་གི་གྲོགས་པོ་འཇིགས་མེད་གཉིས་རྒྱ་ནག་གིས་འཇུ་བཟུང་བྱས་ཡོད་པ་རེད། དོན་འགྲུབ་དབང་ཆེན་གྱི་སྐྱེ་དམན་དང༌། ཁོང་གི་སྤུན་མཆེད་གཅིག་རྒྱ་གར་དུ་ཡོད་པ་དང༌། ཁོང་གཉིས་ཀྱིས་ཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསར་འགོད་པ་རྣམས་ལ་གློག་བརྙན་དེའི་དུམ་ཚན་གཅིག་གཟིགས་འབུལ་བྱས་པ་དང༌། དོན་འགྲུབ་དབང་ཆེན་དང་ཁོང་གི་གྲོགས་པོ་འཇིགས་མེད་གཉིས་མྱུར་ཏུ་གློད་གྲོལ་ཡོང་ཐབས་སུ་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། ཉིན་དེར་གཟིགས་འབུལ་བྱས་པའི་ལེ་ཚན་ནང་མང་ཆེ་བ་ཞིང་འབྲོག་གི་མི་མང་རེད་འདུག་ལ། ཁོང་ཚོས་སེམས་ཚོར་ཆེན་པོའི་ཐོག་ྋགོང་ས་མཆོག་རེ་སྒུག་ཞུས་ཡོད་པ་བཤད་ཀྱི་འདུག།

དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཐེངས་གཉིས་པ།

    བོད་མི་དྲུག་གིས་ཟས་མེད་ཆུ་མེད་ཀྱི་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ་དེ་འགོ་འཛུགས་བྱས་ནས་དེ་རིང་ཉིན་བརྒྱད་པ་དེ་འགྲོ་བཞིན་ཡོད་པ་དང༌། ད་ལྟ་ཁོང་ཚོའི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པས་ཚེས་༡༢ ཀྱི་དགོང་མོ་ཉེན་རྟོག་པས་ཟས་བཅད་པ་རྣམས་སྨན་ཁང་དུ་འཁྲིད་ཐབས་བྱས་ཡོད་ནའང༌། ཟས་བཅད་རྣམས་སྡོད་སར་མི་གཞན་པ་བཞག་ནས་ཉེན་རྟོག་པས་དེ་ཚོ་སྨན་ཁང་དུ་ཁྲིད་ཡོད་པ་རེད། དངོས་སུ་ཟས་བཅད་པ་རྣམས་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ནའང་ད་དུང་མུ་མཐུད་ཟས་བཅད་བྱས་ནས་བསྡད་ཡོད་པ་རེད།
    ཟས་བཅད་བྱས་ནས་ཉིན་༤ པའི་སྐབས་ཟས་བཅད་པ་བློ་བཟང་འབྱོར་ལྡན་ལགས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་དོན། འདི་ལོའི་གསུམ་བཅུའི་དུས་དྲན་ནས་བོད་ནང་དུ་ཡར་ལངས་བྱས་པ་ཡག་པོ་རེད་བསམ་གྱི་འདུག རྒྱ་མིས་བོད་ནང་དུ་ཞི་བདེ་ལྷིང་འཇགས་ཡིན་ཟེར་གྱི་ཡོད་པ་རེད། དེ་ཚོ་རྫུན་མ་རེད། ང་རང་༢༠༠༣ ལོར་བོད་ནས་ཡོང་བ་ཡིན། རྒྱ་མིས་ག་འདྲ་ཆབ་སྲིད་འཁྲབ་ཀྱི་ཡོད། བོད་རྩ་མེད་ག་འདྲ་གཏོང་གི་ཡོད་ཚང་མ་གསལ་པོ་ཤེས་ཀྱི་ཡོད། ཆོལ་ཁ་གསུམ་ཡར་ལངས་བྱས་ཡོང་དུས། ང་ཚོ་རང་དབང་ལུང་པར་ཡོད་པ་རེད། མེ་མདའི་འོག་ནས་རང་སྲོག་ཤོར་དགོས་ཀྱི་ཡོད་པ་མ་རེད་མོད། སོ་སོའི་ངོས་ནས་ཚེ་མ་རྫོགས་བར་ཟས་བཅད་ངོ་རྒོལ་ལ་འདུག་ཐུབ་པའི་རེ་བ་ཡོད། བོད་ནང་དུ་ད་དུང་ཡར་ལངས་བྱེད་བཞིན་པ་རེད། དེ་ལ་བསྔགས་བརྗོད་ཡོད། བོད་ལ་སྐྱིད་པའི་ཉི་མ་ཤར་རྒྱུ་རེད། བོད་ནང་ནས་ྋརྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རྒྱུར་རེ་བ་རྒྱག་གི་ཡོད་པ་རེད། ཕེབས་ཐུབ་རྒྱུ་རེད་བསམ་པའི་རེ་བ་ཡོད། རྒྱལ་སྤྱིའི་ཐོག་ནས་བོད་ལ་བརྟག་དཔྱད་ཞིབ་འཇུག་ཡག་པོ་བྱེད་རྒྱུའི་རེ་བ་ཡོད། ད་ལྟ་བོད་རྡོག་རྩ་ཆིག་སྒྲིལ་ཡོང་གི་འདུག དེ་ལ་དགའ་བསུ་དང་ཡི་རངས་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།
    ཕུན་ཚོགས་བསྟན་འཛིན་ལགས་ཀྱིས་གསུང་དོན། དམིགས་ཡུལ་གཙོ་བོ་དེ་༡༩༥༩ ལོ་ནས་བོད་ལ་དྲག་གནོན་བྱས་པ་དེ་མཚམས་འཇོག་ཡོང་ཆེད་ཡིན། ང་ཚོ་དང་པོ་ཡོང་དུས་རང་སྲོག་བློས་གཏོང་དགོས་ནའང་གཏོང་རྒྱུའི་ཐག་གཅོད་བྱས་པ་ཡིན། ང་ཚོ་བོད་པ་སུ་དང་སུ་ཡིན་ནའང་མུ་མཐུད་སོ་སོས་འགན་ཁུར་ནས་བོད་དོན་ལས་འགུལ་སྤེལ་དགོས་པ་རེད་ཅེས་གསུངས་སོང༌།
    ཆུ་མ་འཐུང་བར་བསྡད་ན་ཉིན་བདུན་བརྒྱད་ལས་སྡོད་མི་ཐུབ་པར་ཉེན་ཁ་ཡོད་འདུག ཐེངས་སྔོན་མའི་ཟས་བཅད་ངོ་རྒོལ་བ་རྣམས་ཀྱིས་ཟས་དང་ཆུ་བཅད་ནས་ཉིན་དགུ་འགྲོ་བཞིན་པའི་སྐབས། ཁ་ཡང་གྲག་མི་ཐུབ་པ་ཆགས་ཡོད་ཀྱང་ཟས་བཅད་པ་རྣམས་ཀྱིས་བོད་དོན་ཆེད་རང་སྲོག་བློས་གཏོང་བྱེད་རྒྱུར་དམ་བཅའ་བརྟན་པོ་ཡོད་འདུག འོན་ཀྱང་རྒྱ་གར་ཉེན་རྟོག་པས་བཙན་ཁྲིད་ཀྱིས་སྨན་ཁང་དུ་བསྐྱལ་ཡོད་པ་རེད། ཐེངས་འདིའི་ཟས་བཅད་ངོ་རྒོལ་བ་རྣམས་ནི་བསོད་ནམས་བསམ་འགྲུབ་དང༌། ཐུབ་བསྟན་རྡོ་རྗེ། ཕུན་ཚོགས་བསྟན་འཛིན། ངག་དབང་སྙན་གྲགས། བསོད་ནམས་རྒྱལ་མཚན་བཅས་གྲྭ་པ་ལྔ་དང༌། མི་སྐྱ་བློ་བཟང་འབྱོར་ལྡན་བཅས་ཡིན་པ་རེད།། ཐེངས་འདིའི་ཆེད་གཉེར་གསར་འགོད་པས་ལྡི་ལི་ནས།

    མི་མང་མདུན་བསྐྱོད་ཆེན་མོའི་ལས་འགུལ།

འཛམ་གླིང་གཅིག རྨི་ལམ་གཅིག ༢༠༠༨ ལོ་ པེ་ཅིང་ཨོ་ལིམ་པིག་ཞེས་པ་ནི་རྒྱ་ནག་གི་འབོད་ཚིག་ཡིན་ལ། འཛམ་གླིང་གཅིག རྨི་ལམ་གཅིག ༢༠༠༨ ལོ་ བོད་མིའི་རང་དབང་ཞེས་པ་ནི་བོད་དོན་ལས་འགུལ་བའི་འབོད་ཚིག་རེད། ཟླ་འདིའི་ཚེས་༨ ཀྱི་དགོང་མོ་པེ་ཅིང་དུ་ཨོ་ལིམ་པིག་མཛད་སྒོ་དངོས་སུ་ཚུགས་པ་དང་དུས་མཉམ་དུ་བོད་དོན་ལས་འགུལ་བ་ཁག་ཅིག་གིས་ལྡི་ལིའི་རྒྱ་ནག་གཞུང་ཚབ་སྒོ་རུ་ངོ་རྒོལ་བྱས་ཏེ། རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད། ཨོ་ལིམ་པིག་རྩེད་འགྲན་ནི་འགྲོ་བ་མིའི་སྙིང་སྟོབས་ཀྱི་མཚོན་རྟགས་ཡིན་པས། རྒྱལ་ཁབ་སུ་ཡིན་ནའང་རྩེད་འགྲན་དེ་གོ་སྒྲིག་ཞུ་རྒྱུར་བཟང་སྤྱོད་དང་ལྷག་བསམ་མེད་ན་རྩེད་འགྲན་དེ་ལ་མཐོང་ཆུང་ཆགས་འགྲོ་ཡི་རེད། དེ་ལ་བརྟེན་ནས་རྒྱ་ནག་ལ་རྩེད་འགྲན་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་རག་པ་དེ་འོས་ཤིང་འཚམས་པ་ཞིག་མ་རེད་ཅེས་རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་ཡཱ་ཤི་ཝན་ སིན་ཧཱ་མཆོག་གིས་མི་མང་གི་ལས་འགུལ་མདུན་བསྐྱོད་ཆེན་མོའི་ཐོག་གསུངས་ཡོད་པ་རེད།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་མི་མང་མདུན་བསྐྱོད་ཆེན་མོའི་ལས་འགུལ་དེ་ཟླ་འདིའི་ཚེས་༧ ཉིན་ལྡི་ལིར་འགོ་འཛུགས་བྱས་ཡོད་པ་དང༌། ཉིན་དེར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ར་ཇི་གྷཊ་ནས་ཇན་ཏར་མན་ཏར་བར་དུ་མི་མང་གིས་གོམ་བགྲོད་བྱས་རྗེས་དེར་ལས་འགུལ་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་ཕྱི་སྲིད་བློན་ཆེན་ཟུར་པ་ཡཱ་ཤི་ཝན་ སིན་ཧཱ་མཆོག་དང༌། དེ་མིན་རྒྱ་གར་གྱི་དཔོན་རིགས་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། ཐེངས་འདིའི་ལས་འགུལ་ནང་ས་གནས་ཁག་ནས་ཆེད་བཅར་བྱས་པའི་སེར་སྐྱ་མི་མང་སུམ་སྟོང་ཙམ་དང༌། ལྡི་ལིར་གནས་སྡོད་བོད་མི་ཧ་ཅང་མང་པོ་འདུ་འཛོམས་བྱུང་འདུག
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུང་དོན། ང་ཚོ་ཚང་མ་༡༩༤༩ ལོ་ནས་འཐབ་རྩོད་པ་ཞིག་ཆགས་བསྡད་ཡོད་པ་རེད། འདས་པའི་ལོ་༦༠ ནང་ལ་རྒྱ་ནག་གཞུང་གིས་གདུག་རྩུབ་དྲག་གནོན། དམར་གསོད་བཅས་ཀྱི་འོག་བོད་མི་ཚོར་སྡུག་པོ་གཏོང་བཞིན་པ་རེད། འདི་ལོའི་ཕྱི་ཟླ་༣ པ་ནས་བོད་ནང་རྒྱལ་རབས་ལོ་རྒྱུས་ནང་དུ་འཁོད་འོས་པའི་ཞི་བའི་སྒེར་ལངས་བྱས་ཏེ་རྒྱལ་སྤྱིའི་ཐོག་བོད་དོན་སྔར་ལྷག་གསལ་པོ་ཆགས་ཡོད་པ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ། རླབས་ཆེན་རེད། ང་ཚོ་བཙན་བྱོལ་ལ་ཡོད་མཁན་ཚོས་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ངེས་པར་དུ་ལས་ཀ་བྱེད་དགོས་པ་རེད། གཞིས་ལུས་བོད་མི་ཚོས་སྐད་འབོད་ཙམ་བྱས་ནའང་མེ་མདའ་བརྒྱབ་ནས་གསོད་ཀྱི་ཡོད་པ་རེད། ཡིན་ནའང་སོ་སོའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལས་དོན་གནང་དང་གནང་བཞིན་པ་རེད། ང་ཚོས་གཞིས་ལུས་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་དང་རྗེས་དྲན་བྱེད་དགོས་པ་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོར་འགན་ཆེན་པོ་ཡོད་པ་རེད། གཞིས་ལུས་མི་མང་རང་གི་དབུ་ཁྲིད་དང་གཞུང་གཉིས་དང་ཁ་བྲལ་ཡོད་ནའང༌། སོ་སོའི་དབུ་ཁྲིད་དང་སོ་སོའི་གཞུང་ལ་ཡིད་ཆེས་བརླགས་ཡོད་པ་མ་རེད། དང་ཐོག་ང་ཚོའི་ཕ་མ་ཚོ་རྒྱ་གར་དུ་ཡོང་སྐབས་སོ་སོས་རང་བཙན་འཐབ་རྩོད་བྱས་ནས། སོ་སོའི་ལུང་པར་ལོག་འགྲོ་རྒྱུའི་དམིགས་ཡུལ་ཁྱེར་ཡོད་པ་རེད། རྒྱ་གར་ལ་སླེབས་ནས་ལོ་ལྔ་བཅུ་འགྲོ་ཡི་ཡོད་པ་རེད། ང་ཚོའི་འཐབ་རྩོད་ད་དུང་གནས་ཡོད་པ་རེད། དེ་རིང་གཅིག་པུ་མིན་པར་བོད་རང་བཙན་མ་ཐོབ་བར་དུ་ལས་འགུལ་ནང་མཉམ་ཞུགས་དང༌། རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད། ད་ལྟ་ང་ཚོའི་ལུང་པ་བཙོན་ཁང་ནང་བཞིན་ཆགས་བསྡད་ཡོད་པ་རེད་ཅེས་བརྗོད་ཡོད་པ་རེད། ཉིན་དེར་ལྡི་ལིར་གནས་སྡོད་ཁག་ཅིག་གིས་བོད་ནང་དྲག་གནོན་བྱེད་སྟངས་ཀྱི་འཁྲབ་སྟོན་ཞིག་བྱས་ཡོད་པ་དང༌། དེའི་སྐབས་འཁྲབ་སྟོན་པ་དང༌། ལྟད་མོ་བ་ཆེས་མང་པོ་དངོས་སུ་ངུ་བཞིན་སེམས་པ་སྐྱོ་པོའི་ངང་མཇུག་བསྒྲིལ་རྗེས་ཇན་ཏར་མན་ཏར་གཞུང་ལམ་ཐོག་ཉིན་གང་ལ་རྔམ་སྟོན་ཁྲོམ་སྐོར་བྱས་སོང༌།
    ཚེས་༨ ཉིན་ནི་པེ་ཅིང་དུ་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་དངོས་སུ་འགོ་ཚུགས་པའི་ཉིན་མོ་ཡིན་པ་དང༌། ལྡི་ལིར་ཉིན་དེར་ཆར་བ་ཤུགས་ཆེན་འབབ་ཀྱི་ཡོད་པ་དང༌། ལས་འགུལ་གོ་སྒྲིག་པའི་ངོས་ནས་ཆར་ཤུགས་ཆེ་བས་ཚང་མས་གནས་སྐབས་ངལ་གསོ་རྒྱོབ་ཅེས་བཤད་ནའང༌། མི་མང་གིས་མུ་མཐུད་ཆར་རླུང་ཁྲོད་ཉིན་གང་ལ་རྔམ་སྟོན་ཁྲོམ་སྐོར་བྱས་སོང༌། གཞུང་ལམ་གྱི་འགག་སྒོ་ཚང་མ་རྒྱ་གར་ཉེན་རྟོག་པ་དང་སྐོར་སྲུང་དམག་མི་ཧ་ཅང་མང་པོས་བཀག་འགོག་བྱས་ཡོད་པ་མ་ཟད། གཞོན་ལྷན་གྱི་ལས་རྟགས་འཁོད་པའི་སྟོད་གོས་སེར་པོ་གྱོན་མཁན་གྱི་བོད་པ་ཚོ་ཡང་ཉེན་རྟོག་པ་དང་མཉམ་དུ་བང་བསྒྲིགས་ནས་འདུག ལས་འགུལ་བ་ཁ་ཤས་ཀྱིས་མཚམས་རེར་སེམས་ཚོར་ཆེན་པོའི་ལམ་ཁ་དེར་ཕར་བརྒལ་འདོད་ཀྱིས་ཤོར་གྱི་འདུག་མོད། སྟོད་གོས་སེར་པོ་ཅན་རྣམས་ཀྱིས་བཀག་འགོག་བྱས་ནས་གཅིག་ཀྱང་ཕྱི་ལོགས་སུ་གཏོང་མི་འདུག
    རྒྱ་གར་གྱི་ཕྱི་དྲོའི་ཆུ་ཚོད་༥།༣༠ སྟེ། རྒྱ་ནག་གི་མཚན་མོའི་ཆུ་ཚོད་༨ དང་སྐར་མ་༨ ཀྱི་ཐོག་པེ་ཅང་དུ་ལུས་རྩལ་འགྲན་ཚོགས་སྒོ་འབྱེད་མཛད་སྒོ་དངོས་སུ་ཚུགས་པའི་སྐབས་དེར། བོད་མི་སེར་སྐྱ་བརྒྱ་ལྷག་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ལ་འབྱོར་མ་ཐག་རྒྱ་གར་སྐོར་སྲུང་བ་དང༌། ཉེན་རྟོག་པས་འཇུ་བཟུང་བྱེད་སྐབས། ལས་འགུལ་བ་ལག་གདང་སྦྲེལ་ནས་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་བྱས་པ་དང༌། ཡང་ཁག་ཅིག་རླངས་འཁོར་ཐོག་འཛེགས་ནས་སྐད་འབོད་བྱས་ཏེ། འཇུ་བཟུང་བྱེད་རྒྱུར་ཡང་དུས་ཚོད་གང་འཚམས་འགོར་བ་དང༌། ཉེན་རྟོག་པས་ཁ་ཤས་ལ་གཅར་རྡུང་བཏང་ནས་ཚང་མ་འཛིན་བཟུང་བྱས་ཡོད་པ་རེད། ཉེན་རྟོག་པ་དང༌། སྐོར་སྲུང་བ་ཧ་ཅང་མང་པོས་རྒྱ་ནག་གཞུང་ཚབ་འཆར་ཅན་བསྐོར་ནས་ཡོད་འདུག ཚེས་༨ ཉིན་འཇུ་བཟུང་བྱས་པའི་བོད་མི་ལས་འགུལ་བ་རྣམས་ཚེས་༩ ཕྱི་དྲོ་གློད་གྲོལ་བཏང་ཡོད་པ་རེད། ཚེས་༩ དང་༡༠ ཉིན་གཉིས་རིང་ཇན་ཏར་མན་ཏར་དུ་མི་མང་གིས་རྔམ་སྟོན་ཁྲོམ་སྐོར་དང༌། ཁྲག་གིས་མཛུབ་ཐེལ་བསྡུ་རུབ་བྱས་སོང༌། ཨོ་ལིམ་པིག་མཇུག་མ་བསྒྲིལ་བར་དུ་ལས་འགུལ་དེ་མུ་མཐུད་ནས་སྤེལ་རྒྱུ་ཡིན་པ་རེད།། ཐེངས་འདིའི་ཆེད་གཉེར་གསར་འགོད་པས་ལྡི་ལི་ནས།

དམ་དྲག་མེ་མདའི་འོག་གི་རྔ་པ།
    གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༨ ཚེས་༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༤།༣༠ ཡོལ་ཙམ་ལ་རྔ་པ་རྫོང་གི་དཀྱིལ་ལམ་གྱི་སུམ་མདོ་ན་ཡོད་པའི་ལག་ཐོགས་ཁ་པར་དུ་སྒོར་མོ་བླུག་སའི་ལྕགས་ཁང་ཆུང་ཆུང་ཞིག་གི་ཉེ་འགྲམ་དུ་རྔ་སྨད་སེ་འཛོ་ནས་ཡིན་པའི་བུ་མོ་རང་ལོ་༢༢ ཅན་བསོད་ནམས་དབང་མོ་དང༌། རྒྱལ་རོང་ཕྱོགས་ནས་ཡིན་པ་བུ་མོ་རང་ལོ་༢༨ ཅན་དྲང་ཡེ་ཡེན་ཞེས་པ་གཉིས་ལ་སུམ་མདོའི་ཁང་བརྩེགས་ཤིག་གི་ཐོག་ནས་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཕོགས་ཡོད་འདུག བུ་མོ་གཅིག་གི་རྐང་པ་དང༌། གཅིག་གི་ལག་པར་བརྒྱབ་ཡོད་འདུག དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་དེའི་སྐོར་འགྲེལ་བརྗོད་གནང་པར། རྔ་པ་རྫོང་ཐོག་གི་ཧི་མ་ལ་ཡ་ཇ་ཁང་ཞེས་པར་ལས་ཀ་བྱེད་ཀྱི་ཡོད་འདུག དོན་དག་ཅིའི་ཆེད་དུ་དམག་མིས་མེ་མདའ་བརྒྱབ་པ་ཡིན་མིན་ད་ཆ་གསལ་པོ་ཆགས་མི་འདུག་ཅེས་བཤད། ཕྱི་ཟླ་༨ ཚེས་༨ ཉིན་ནས་རྔ་པའི་བོད་མི་ཚོས་བོད་མི་རིགས་ཀྱི་རང་དབང་ཆེད་དུ་འདས་གྲོངས་སོང་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མ་ཎི་གྲངས་གསོག་དང་མཆོད་མེ་སྒྲོན་པ་སོགས་ཀྱིས་མྱ་ངན་དང་རྗེས་དྲན་བྱེད་བཞིན་ཡོད་པ་ལས་རྒྱ་གཞུང་གིས་བཤད་པ་ལྟ་བུའི་དགའ་སྤྲོའི་སྣང་བ་ཞིག་རྩ་བ་ཉིད་ནས་བྱེད་ཀྱི་ཡོད་མི་འདུག དེ་མིན་ཕྱི་ཟླ་༨ ཚེས་འགོ་ནས་རྔ་པ་རྫོང་ཐོག་ཏུ་མེ་མདའ་དང་ལྕགས་དབྱུག་བཟུང་བའི་དམག་མི་དང་ཉེན་རྟོག་པ་ཇེ་མང་དུ་སོང་ནས་ཁྲོམ་གཞུང་ཁེངས་འདུག་པས་ཉེས་པ་ཅི་ཡང་མེད་པའི་མི་ཞིག་ཀྱང་ཁྲོམ་ལ་འགྲོ་རྒྱུར་སྐྲག་སྣང་ཆེན་པོ་ཡོང་བ་ཞིག་ཆགས་ཡོད་པ་མ་ཟད། ཟ་ཁང་དང་ཚོང་ཁང་ཚང་མ་དགོང་མོའི་ཆུ་ཚོད་༧ པ་མ་ཟིན་གོང་ནས་སྒོ་རྒྱག་དགོས་པ་དང་དེའི་རྗེས་སུ་ཁྲོམ་སྲང་དུ་མི་སུ་གཅིག་ཀྱང་འགྲོ་ཆོག་གི་མེད་པར་དམག་མི་དང་ཉེན་རྟོག་པས་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་འདུག ལྷག་པར་དགེ་འདུན་པ་གཅིག་ཀྱང་དེང་སྐབས་ཉིན་མཚན་གཉིས་ཀར་ཁྲོམ་ལ་འགྲོ་སྐྱོད་ཆོག་གི་མེད་པར་དགོན་པ་ཁག་གི་ནང་བཀག་སྐྱིལ་དམ་པོ་བྱེད་བཞིན་ཡོད་འདུག།

པེ་ཅིང་གི་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ།
    ལྷོ་ཕྱོགས་མེ་སོར་དང་བྷེལ་ཀོབ་ས་གནས་ཁག་ནས་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད། ཟླ་འདིའི་ཚེས་༧ གྱི་ཕྱི་དྲོ་བྷེལ་ཀོབ་ས་གནས་གཞོན་ནུ་དང་བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱི་གོ་སྒྲིག་འོག མི་མང་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྒྲོལ་མ་འུར་འདོན་དང་ྋརྒྱལ་བའི་ཞབས་བརྟན། མར་མེ་ཁྲོམ་སྐོར་བཅས་བྱས་ཡོད་པ་རེད། སྐབས་དེར་བྷེང་ལོར་དང༌།  ཀུ་ཤལ་ན་གྷར། མེ་ཌེ་ཀེ་རེ་བཅས་རྒྱ་གར་གྱི་གསར་འགོད་ཚན་པ་ཁག་བདུན་ཙམ་གྱི་གསར་འགོད་པ་གཞིས་གྲོང་ཁག་ཏུ་བོད་མི་ཚོར་ཨོ་ལིམ་པིག་གི་རྩེད་མོར་ཚོར་སྣང་གང་ཡོད་དང༌། བོད་མིའི་གནས་བབས། བོད་ཀྱི་གཞོན་སྐྱེས་ཚོའི་སེམས་ཚོར་བཅས་ལ་རྒྱུས་ལོན་དང་བཅར་འདྲི་བྱེད་དུ་ཉིན་གཉིས་རིང་ཆེད་བཅར་བྱས་འདུག གཞན་ཡང་བྷེལ་ཀོབ་ས་གནས་བུད་མེད་ཀྱིས་ས་གནས་བོད་མི་རྣམས་ཀྱིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་གོས་ནག་པོ་གྱོན་རྒྱུ་དང༌། ཉིན་ཤས་རིང་དགོང་མོ་ཆུ་ཚོད་བརྒྱད་ནས་དགུ་པའི་བར་གློག་སྒྲོན་གསོད་རྒྱུར་འབོད་སྐུལ་གྱི་ལས་འགུལ་ཡང་སྤེལ་སོང༌། ཚེས་༨ ཉིན་བྷེལ་ཀོབ་དང་ཧུན་སུར། ཀོ་ལེ་གྷལ་བཅས་གཞིས་ཆགས་ཁག་གི་ས་གནས་གཞོན་ནུ་དང༌། བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས། མེ་སོར་ས་གནས་བོད་མིའི་ཚོང་པའི་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག མི་མང་དང་སློབ་ཕྲུག་སྟོང་ལ་ཉེ་བ་ཞིག་གིས་རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།། མེ་སོར་གསར་འགོད་པས།

བོད་པར་རྒྱབ་སྐྱོར་བྱེད་མཁན་འཛིན་བཟུང༌།

    ཤིན་ཧྭ་གསར་ཁང་ནས་ཟླ་༨ ཚེས་༦ ཉིན་གསར་འགྱུར་སྤེལ་བའི་ནང༌། རྒྱ་ནག་པེ་ཅིང་ཨོ་ལིམ་པིག་གི་བྱ་ཚང་དབྱིབས་ཅན་གྱི་རྩེད་རའི་ཉེ་འཁོར་ཞིག་ལ་བོད་རང་བཙན་གྱི་འཕྲེད་དར་འཕྱར་མཁན་ཕྱི་རྒྱལ་སྐྱེས་པ་༣ དང་བུད་མེད་གཅིག་བཅས་མི་བཞི་འཛིན་བཟུང་བྱས་པའི་གནས་ཚུལ་འཁོད་འདུག ཕྱི་རྒྱལ་ལས་འགུལ་བ་དེ་དག་ཉིན་དེའི་ཞོགས་པའི་ཆུ་ཚོད་༥ དང་སྐར་མ་༤༧ ཐོག་ལུས་རྩལ་རྩེད་ར་གཙོ་བོ་བྱ་ཚང་དབྱིབས་ཅན་གྱི་གྱི་ཉེ་འཁོར་གྱི་ཟམ་པའི་འཁྲིས་ཀྱི་གློག་ཤིང་ཐོག་དབྱིན་ཡིག་གིས་བྲིས་པའི་འཛམ་གླིང་གཅིག རྨི་ལམ་གཅིག བོད་རང་དབང་ངམ་བོད་རང་བཙན་ཞེས་དང་འཕྲེད་དར་གཞན་ཞིག་ལ་དབྱིན་ཡིག་དང་རྒྱ་ཡིག་གཉིས་ནས་བོད་ལ་རང་དབང་དགོས་ཅེས་པའི་འབོད་ཚིག་བྲིས་པའི་འཕྲེད་དར་འཕྱར་བའི་གནས་ཚུལ་འཁོད་ཡོད་པ་རེད། ཤིན་ཧྭ་གསར་ཁང་ནས་གནས་ཚུལ་སྤེལ་བའི་ནང་པེ་ཅིང་ཉེན་རྟོག་པས་གནས་ཚུལ་བྱུང་ནས་སྐར་མ་༡༢ རྗེས་ས་གནས་སུ་འབྱོར་ཏེ་མི་དེ་ཚོ་འཁྲིད་ཡོད་པ་དང༌། ཉེན་རྟོག་པས་ཁོ་ཚོ་ཚང་མས་ཡུལ་སྐོར་སྤྲོ་འཆམ་གྱི་མིང་ཐོག་ནས་རྒྱ་ནག་ཏུ་སླེབས་པའི་དབྱིན་ཇིའི་མི་རེད་ཅེས་བརྗོད་ཡོད། འོན་ཀྱང་ལས་འགུལ་དེ་སྤེལ་མཁན་གྱི་བོད་རང་དབང་སློབ་ཕྲུག་ཚོགས་པའི་ངོས་ནས་མི་བཞིའི་ནང་གཉིས་དབྱིན་ཇི་དང་གཉིས་ཨ་རི་ཡིན་ལུགས་དང༌། བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་གྱིས་འཚེ་མེད་ལས་འགུལ་དེ་སྤེལ་དགོས་པའི་རྒྱུ་མཚན་ནི་འཛམ་གླིང་གིས་བོད་ལ་དོ་སྣང་ཡོང་ཕྱིར་ཡིན་ལུགས་བཤད་ཡོད་པ་རེད། བོད་རང་དབང་སློབ་ཕྲུག་ཚོགས་པས་༢༠༠༧ ལོར་པེ་ཅིང་རྒྱ་ནག་ལྕགས་རི་དང་ཇོ་མོ་གླང་མའི་རི་འཛེགས་ས་ཚུགས་སུའང་དེ་མཚུངས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་མྱོང་བའི་སྐོར་བརྗོད་འདུག
དེ་མིན་གཟའ་པ་སངས་ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣེ་མང་སྤེལ་ཡོད་ཏུར་ཁི་རྒྱལ་ཁབ་ཀྱི་རྒྱལ་ས་ཨན་ཁ་རར་ཁ་ཆེ་མི་མང་གིས་རྒྱ་ནག་གཞུང་ཚབ་ཁང་གི་ཕྱི་རོལ་ཏུ་ངོ་རྒོལ་སྐད་འབོད་བྱེད་སྐབས་སྐྱེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་དང༌། ཉེན་རྟོག་པས་མི་དེ་ནི་ས་གནས་རང་གི་ཁ་ཆེའི་མི་ཡིན་ཞེས་བཤད་འདུག དྷ་སའི་མི་དམངས་ཀྱིས་ཀྱང་གཞི་རྒྱ་ཆེ་བའི་ངོ་རྒོལ་སྐད་འབོད་ལས་འགུལ་སྤེལ་ཡོད། དབྱིན་ཇིའི་རྒྱལ་ས་དང་ཧཕ་རན་སིའི་རྒྱལ་ས། དེ་བཞིན་ཉི་ཧོང་གི་རྒྱལ་ས། པུ་ལུ་སེ་ཨར་དང་ཨ་མུའུ་སི་ཐི་ཏན་གྲོང་ཁྱེར་སོགས་སུའང་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།།

བོད་མི་འཛིན་བཟུང་དང་བོར་བརླགས།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༨ ཚེས་ ༡༠ ཉིན་སྔ་དྲོ་ཆུ་ཚོད་༨ ཙམ་ལ་ཁམས་དཀར་མཛེས་རྫོང་ལྷོ་པ་ཤང་རྟ་དཔོན་ཚང་གི་བཙུན་མ་སྒྲོལ་མ་གཡང་མཚོ་ལོ་ ༣༤ཞེས་པས་དཀར་མཛེས་རྫོང་དུ་ཞི་རྒོལ་གནང་འདུག་ཅིང༌། ཁོང་གི་འབོད་ཚིག་ནི་བོད་ཀྱི་བདག་པོ་བོད་མི་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་མགྲོན་བདག་བྱེད་སྐབས་ཁས་ལེན་བྱས་པ་རྣམས་ལག་བསྟར་བྱས་མེད་པ་སོགས་ཡིན་འདུག ཁོང་གིས་སྐད་འབོད་གནང་སྟེ་ཡུད་ཙམ་ལས་མ་སོང་བར་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ་སླེབས་ཏེ་སྣུམ་འཁོར་གྱིས་ཁོང་གི་རྐང་པ་ལ་བརྡུང་ཐོག་ཉེས་རྡུང་དྲག་པོ་བཏང་འདུག འོན་ཀྱང་ཁོང་གིས་མུ་མཐུད་དེ་ཤུགས་གང་ཡོད་ཀྱིས་སྐད་འབོད་གནང་སྟབས་དྲན་པ་འཐོར་བྱེད་ཀྱི་མེ་མདའ་བརྒྱབ་སྟེ་འཛིན་བཟུང་བྱས་ཡོད་འདུག ཨ་མདོ་མཚོ་སྔོན་མདའ་བཞི་སྡེ་པ་ནས་ཡིན་པའི་བོད་མི་སངས་རྒྱས་འབུམ་ཞེས་པ་དང་ཁོང་གི་རོགས་པ་བསོད་མགོན་དང་དཔལ་ལྡན་བཅས་འདི་ལོའི་ཕྱི་ཟླ་༣ ནང་ལྷ་སར་ཞི་རྒོལ་བྱུང་སྐབས་འཛིན་བཟུང་བྱས་འདུག་ཅིང༌། རྗེས་སུ་བསོད་མགོན་དང་དཔལ་ལྡན་གཉིས་ཕ་ཡུལ་དུ་རྩིས་སྤྲོད་བྱས་ཡོད་འདུག་ཀྱང་སངས་རྒྱས་འབུམ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག།

དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཐེངས་གསུམ་པ།

    ཟས་མེད་ཆུ་མེད་ཀྱི་ལས་འགུལ་ཐེངས་གཉིས་པ་དེ་ཉིན་དགུ་པ་འགྲོ་བཞིན་པའི་སྐབས། ཟླ་འདིའི་ཚེས་༡༥ ཕྱི་དྲོ་ལས་འགུལ་བ་རྣམས་ཀྱི་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་པར་བརྟེན་ནས། རྒྱ་གར་ཉེན་རྟོག་པས་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་པ་དང༌། སྐབས་དེར་ཟས་བཅད་པ་རྣམས་ཀྱིས་བོད་ལ་རང་བཙན་མེད་པ་དང༌། བོད་དོན་ཆེད་དུ་ལས་འགུལ་ཞིག་ཡིན་པས། སྨན་ཁང་དུ་འགྲོ་འདོད་མེད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་པ་རེད། ཟླ་འདིའི་ཚེས་༡༦ ཉིན་ཟས་བཅད་ཆུ་བཅད་ཀྱི་བོད་དོན་ལས་འགུལ་ཐེངས་གསུམ་པ་དེ་འགོ་འཛུགས་བྱས་ཡོད་པ་དང༌། ལས་འགུལ་དེའི་ནང་གྲྭ་བ་༤ དང་མི་སྐྱ་༢ ཡོད་པ་རེད།
    གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོས་གསུང་དོན། བདག་ཉིད་ཆེན་པོ་གྷན་དྷི་ཡིས་བདེན་པའི་ཨུ་ཚུགས་བརྒྱུད་ནས་རྒྱ་གར་རང་བཙན་བླངས་པ་རེད། ང་ཚོའི་འཐབ་རྩོད་དེ་ཡང་ལོ་རྒྱུས་དང་བདེན་པའི་འཐབ་རྩོད་ཅིག་རེད། ལས་འགུལ་དེ་མུ་མཐུད་འགྲོ་རྒྱུ་དེ་གལ་ཆེན་པོ་རེད། ད་ལྟའི་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་སྤྱིའི་རྩེད་འགྲན་འཚོག་ནས་དགའ་དགའ་སྤྲོ་སྤྲོ་ངང་བསྡད་ཡོད་པ་རེད། བོད་ལུང་པའི་ནང་ལ་གནས་སྟངས་ཛ་དྲག་པོ་ཆགས་བསྡད་ཡོད་པ་རེད། བཙན་བྱོལ་ལ་ཡོད་མཁན་ཚོས་ལས་འགུལ་གང་ཡང་མ་བྱས་པར་སོ་སོ་རང་གི་ཆེད་དུ་བསྡད་ན་ལས་རྒྱུ་འབྲས་ལ་ཡང་འགྲོ་ཡི་མ་རེད་ཅེས་བརྗོད་འདུག ཟས་བཅད་ཀྱི་ལས་འགུལ་ནང་ཞུགས་རྒྱུ་ཡིན་ཟེར་མཁན་མང་པོ་ཡོད། ཁ་ཤས་ཤིག་ད་དུང་བཙོན་ཁང་དུ་ཡོད་པ་རེད། ཁོ་རང་ཚོའི་སྙིང་སྟོབས་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རངས་ཡོད་ཅེས་བརྗོད་ཡོད་པ་རེད།
    ཐེངས་འདིའི་ཟས་བཅད་ལས་འགུལ་གྱི་ནང་མི་སྐྱ་རང་ལོ་༦༤ ཡིན་པ་དོན་འགྲུབ་དང༌། རང་ལོ་༢༡ ཡིན་པ་ཚེ་རིང་བཀྲ་ཤིས་གཉིས་དང༌། གྲྭ་པ་རང་ལོ་༢༦ ཡིན་པ་ངག་དབང་བསམ་བསྟན། རང་ལོ་༣༡ ཡིན་པ་བཀྲ་ཤིས་རྒྱ་མཚོ། རང་ལོ་༣༣ ཡིན་པ་བྱམས་པ་སྐལ་བཟང༌། རང་ལོ་༡༩ ཡིན་པ་ཐུབ་བསྟན་ཚེ་དབང་བཅས་མི་དྲུག་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་འདི་ལོའི་ཕྱི་ཟླ་༧ ཚེས་༢༨ བོད་དོན་ཆེད་མི་དྲུག་རེས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་ཞིག་འགོ་འཛུགས་བྱས་ཡོད་པ་དང༌། ད་ལྟ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད། ལས་འགུལ་དེ་དུས་ཚོད་ངེས་མེད་ཀྱི་མིང་ཐོག་ཏུ་ཡོད་ནའང༌། ལས་འགུལ་བ་ཁོ་རང་ཚོར་བོད་དོན་ཆེད་ཤི་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་འདུག་ཀྱང༌། རྒྱ་གར་གཞུང་གིས་སྨན་ཁང་དུ་བཙན་ཁྲིད་བྱེད་ཀྱི་ཡོད་པ་རེད།
    ལྡི་ལི་ཇན་ཏར་མན་ཏར་དུ་ཟླ་འདིའི་ཚེས་༧ ཉིན་ནས་རྟག་པར་མི་མང་གི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།

དགེ་འདུན་པ་དྲུག་གར་སོང་ཆ་མེད་དུ་གྱུར་པ།
    འདི་གར་ཆོས་ལྡན་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། ད་ལོའི་གསུམ་བཅུའི་དུས་དྲན་ནས་བོད་ཁྱོན་ཡོངས་སུ་རྒྱ་ནག་སྲིད་གཞུང་ལ་ཞི་བའི་ངོ་རྒོལ་ཡར་ལངས་སྐབས། རྒྱ་དམར་གྱིས་ཉེས་མེད་བོད་མི་གསོད་རྡུང་འཛིན་བཟུང་སོགས་མི་སྤྱོད་ལས་བརྒལ་བའི་མནར་གཅོད་བཏང་བ་འཛམ་གླིང་ནང་ཕྱི་གསལ་ནང་གསལ་དུ་གྱུར་ཡོད། ད་དུང་ས་ཁུལ་ཚང་མའི་ནང་བོད་མི་རང་སྲོག་བཅད་པ་དང་བོར་བརླགས་ཤོར་བ་བགྲང་གིས་མི་ལོངས་པ་ཡོད་མུས་ལྟར། ནག་ཆུ་རྫོང་ཨོ་ཐོག་ཐར་པ་གླིང་དགོན་པ་ནས་ཡིན་པ། རང་ལོ་༤༦ ཡིན་པ་བློ་བཟང་འཇམ་དཔལ་ཆེ་བ་དང༌། རང་ལོ་༤༣ ཅན་བློ་བཟང་འཇམ་དབྱངས། རང་ལོ་༤༢ ཅན་བློ་བཟང་བྱམས་པ། རང་ལོ་༣༦ ཅན་བློ་བཟང་འཇམ་དཔལ་ཆུང་བ། རང་ལོ་༢༩ ཅན་རྒྱལ་མཚན་ནོར་བུ། རང་ལོ་༢༧ ཅན་མཐོང་དགའ། བཅས་དགེ་འདུན་པ་དྲུག་པོ། གསུམ་བཅུའི་དུས་དྲན་སྐབས་རྫ་ཆུ་ཁ་དབོན་པོ་དགོན་གྱི་གྲྭ་པ་རྣམས་འཛིན་བཟུང་བྱས་རྗེས། ཁོང་ཚོས་ཀྱང་སེ་རའི་ཆོས་རྭའི་ནང་བོད་རང་བཙན་གྱི་སྐད་འབོད་བྱས་པ་དང༌། ཉེན་རྟོག་པའི་སྒོ་འགྲམ་དུ་དབོན་པོ་དགོན་པའི་གྲྭ་པ་སོགས་ཉེས་མེད་བོད་མི་རྣམས་མགྱོགས་ནས་མྱུར་དུ་གློད་གྲོལ་དགོས་ཞེས་འབོད་ཚིག་བསྒྲགས། དེའི་དགོང་མོ་ནས་ཁོང་རྣམས་གར་སོང་ཆ་མེད་དུ་གྱུར་ཏེ། ཟླ་བ་ལྔ་སོང་བའི་རྗེས་ད་དུང་ཡང་གར་ཡོད་ཆ་མེད་རེད་འདུག དུས་རྒྱུན་སེ་ར་དགོན་དུ་གཞུང་གྲྭ་དང༌། གྲྭ་རྒྱུན་གཉིས་ཡོད་པའི་ནང་ཁོང་རྣམས་གྲྭ་རྒྱུན་ཡིན་པ་རེད། ད་དུང་གྲྭ་བློ་བཟང་འཇམ་དབྱངས་དང༌། བློ་བཟང་བྱམས་པ་གཉིས་ཀྱི་ཨ་ཞང་དང་ཨ་མ་ལོ་ན་བརྒྱད་ཅུ་དང་བདུན་ཅུའི་ནང་ལ་སོན་པ་གཉིས་དགོན་མཐར་རྒྱུན་སྡོད་བྱས་ཡོད་པའང་ཉེན་རྟོག་པས་ཕྱིར་ཕུད་བྱས་པ་མ་ཟད། མ་འོངས་པར་ཡང་མདོ་སྟོད་སྨད་ནས་གྲྭ་རྒྱུན་བཀག་འགོག་བྱ་རྒྱུའི་འཆར་གཞི་ཡོད་འདུག།  

པེ་ཅིང་དུ་བོད་དོན་ལས་འགུལ་བྱུང་བ་ཁག་སྙིང་བསྡུས།

ཨོ་ལིམ་པིག་རྩེ་བཞིན་པའི་སྐབས། པེ་ཅིང་དུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁག་ཅིག་གིས་བོད་དོན་ལས་འགུལ་ཐེངས་མང་སྤེལ་ཡོད་པ་རེད།
    པེ་ཅིང་དུ་ཕྱི་ཟླ་༨ ཚེས་༡༥ ཉིན་རྒྱ་ནག་གཞུང་གི་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མདུན་དུ་བོད་དོན་རྒྱབ་སྐྱོར་བ་ནི་ཀོ་ལེ་ ར་ཡི་ཀཱོ་རོའཊ་དང༌། བཱི་རི་ཊོན་ ཕིལ་ ཀཱཀ་གཉིས་ཀྱིས་བོད་རང་བཙན། ཞེས་པའི་འཕྲེད་དར་འཕྱར་བས་རྒྱ་ནག་གི་ཉེན་རྟོག་པ་ཁ་ཤས་སླེབས་ནས་ཞི་རྒོལ་བ་གཉིས་དང་ཁོ་ཚོར་རོགས་པ་བྱེད་མཁན་གསུམ་བཅས་ཁྱོན་བསྡོམས་མི་ལྔ་འཛིན་བཟུང་བཀག་ཉར་བྱས་རྗེས་རྒྱ་ནག་ནས་ཕྱིར་སློག་བྱས་ཡོད་པ་རེད།
    བོད་དོན་རྒྱབ་སྐྱོར་བ་ལྔས་ཨོ་ལིམ་པིག་སྐྱེད་ཚལ་གྱི་ལྷོ་མཐའ་རུ་ཡོད་པའི་རྒྱ་ནག་མི་རིགས་རིག་གཞུང་སྐྱེད་ཚལ་གྱི་མདུན་སྒོ་དེ་བཀག་པ་དང་བོད་མི་རྣམས་རང་དབང་ཆེད་འཆི་བཞིན་འདུག ཅེས་བྲིས་པའི་འཕྲེད་དར་འཁྱེར་ནས་ངོ་རྒོལ་བྱས་པ་དང༌། དེའི་ཉེ་འགྲམ་དུ་ལས་འགུལ་བ་གཞན་གཉིས་ཀྱིས་བོད་རང་བཙན། ཅེས་བྲིས་པའི་འཕྲེད་དར་ཞིག་གོམ་བགྲོད་བྱེད་པའི་ཟམ་པའི་སྒང་ནས་འཕྱར་བ་དང་དེ་མ་ཐག་ཏུ་རྒྱ་མི་ཉེན་རྟོག་པ་སླེབས་ནས་འཛིན་བཟུང་བྱས་ཡོད་འདུག སྐྱེད་ཚལ་གྱི་ཕྱི་ལོགས་སུ་ཡོད་པའི་ལས་འགུལ་བ་དྲུག་པོ་རྣམས་སྐར་མ་ལྔ་ཙམ་གྱི་རྗེས་ལ་འཛིན་བཟུང་བྱས་ཡོད་འདུག ལས་འགུལ་བ་རྣམས་ནི་༡ པདྨ་ཡོ་ཀོ་དང༌། ༢ ཊོམ་ཀོ་ཧེན། ༣ མཱར་ཊིན་ ཐོའ་མཱ་སི། ༤ ཇེ་ནི་ཕཱར་ ཀཱར་བ་ཡི། ༥ ཇཱེན་ ཌི་སི་པེན། ༦ ཇཱེམས་ བཱི་རེ་ཌི། ༧ བྷ་ནི་ ཀེམ་པོ་ཛཱ་ནོ། ༨ ཇཱོ་ནཱ་ཐན་ ཕཱོ་ས་བཅས་ཡིན་པ་རེད།
    ཟླ་༨ ཚེས་༡༠ ཉིན་བོད་རིགས་བུད་མེད་པདྨ་སྒྲོལ་མ་ཞེས་པ་ཇཱར་མི་ནི་ནས་ཡིན་པ་ཞིག་དང་ཁེ་ན་ཌའི་མི་གཅིག་བཅས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་ཁྱེར་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཉེ་འགྲམ་དུ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང༌། རྒྱ་མི་བདེ་སྲུང་མི་སྣས་འཛིན་བཟུང་བྱས་ཡོད་འདུག དེ་དང་དུས་མཉམ་དུ་ཨ་རི་དང་ཁེ་ན་ཌ་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་གཞན་གསུམ་ཡང་འཛིན་བཟུང་བྱས་འདུག
    ཕྱི་ཟླ་༨ ཚེས་༦ ཉིན་ཨ་རི་ནས་ཡིན་པའི་བོད་རིགས་བུད་མེད་འཆི་མེད་སྒྲོལ་དཀར་ལ་བོད་རང་དབང་གི་ཆེད་དང་རྒྱ་ནག་གི་ངོས་ནས་ཨོ་ལིམ་པིག་གི་སྔོན་ཁས་ལེན་མང་པོ་བཞག་ཡོད་པ་རྣམས་བསྒྲུབ་དགོས་ངེས་ཡིན་པ་བཅས་ཀྱི་ཐོག་སྐད་འབོད་བྱེད་རྒྱུའི་འཆར་གཞི་ཡོད་པ་ལྟར། པེ་ཅིང་གནམ་ཐང་དུ་འབྱོར་མ་ཐག་བཀག་ཉར་བྱས་ཡོད་འདུག ཁོང་གནམ་ཐང་རང་དུ་ཆུ་ཚོད་༡༢ ཙམ་བཀག་ཉར་བྱས་ནས་འདྲི་བརྩད་བྱས་ཡོད་པ་དང་དེ་ནས་ཨ་རིར་ཕྱིར་སློག་བྱས་ཡོད་འདུག་ཀྱང་ཁོང་གི་གནམ་གྲུའི་ནང་ཚོར་ཤུགས་ཆེན་པོའི་ངང་བོད་རང་དབང་ཆགས་ཀྱི་རེད་ཅེས་སྐད་འབོད་བརྒྱབ་ཡོད་འདུག
    ཟླ་༨ ཚེས་༨ ཉིན་གྱི་དགོང་མོ་ཆུ་ཚོད་༧ ཐོག་བོད་དོན་རྒྱབ་སྐྱོར་བ་ཇཱོ་ནཱ་ཐན་ སི་ཊིབ་ལིང་དང༌། ཀཱ་ལཱ་ཡན་ མེན་ཌོ་ཛཱ་ཞེས་པའི་ཨ་རི་བ་གཉིས་དང༌། སི་ཛར་ མེ་སིཊ་ཞེས་པ་ཨཱར་ཇེན་ཊི་ན་ནས་ཡིན་པ་བཅས་ཀྱིས་པེ་ཅིང་བྱིའུ་ཚང་རྩེད་རའི་སར་ཞི་རྒོལ་ཤུགས་ཆེན་བྱས་ཡོད་འདུག དེ་དང་མཉམ་དུ་ལམ་ཆེན་ཞིག་ཏུ་མི་གསུམ་གྱི་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་འཕྱར་བ་དང༌། ཁོང་རྣམས་ཀྱི་བོད་ཀྱི་རྩེད་འགྲན་རུ་ཁག་ཅེས་བྲིས་པའི་སྟོད་ཐུང་གྱོན་ཡོད་པ་དང༌། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཕྱིར་ལོག་བཏང་ཡོད་འདུག    
    དབྱིན་ཡུལ་དང་ཨ་རི་ནས་ཡིན་པའི་བོད་དོན་རྒྱབ་སྐྱོར་བ་བཞིས་ཨོ་ལིམ་པིག་གི་བྱིའུ་ཚང་རྩེད་རའི་ཕྱི་ལོགས་སུ་འཕྲེད་དར་གཉིས་ཀྱི་སྒང་ལ་བོད་དོན་དབྱིན་ཡིག་དང་རྒྱ་ཡིག་གཉིས་ཀྱི་ཐོག་བྲིས་ཡོད་འདུག བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་སློབ་ཕྲུག་བཞིས་རྒྱལ་དར་དང་འཕྲེད་དར་ཁྱེར་ནས་ཞི་རྒོལ་ཤུགས་ཆེ་བྱས་རྗེས་རྒྱ་ནག་ཉེན་རྟོག་པས་ཕྱི་ཟླ་༨ ཚེས་༦ ཉིན་གྱི་ཞོགས་པ་སྔ་པོ་འཛིན་བཟུང་དང་བཀག་ཉར་བྱས་ཡོད་པ་དང་དེའི་རྗེས་རྒྱ་ནག་ནས་ཕྱིར་ལོག་བཏང་ཡོད་འདུག།

ཆབ་སྲིད་བཙོན་ཟུར་ཞིག་བསྐྱར་དུ་འཛིན་བཟུང༌།

    ༢༠༠༨ ལོའི་ཟླ་༠༨ ཚེས་༡༣ ཉིན་མདོ་སྨད་རྔ་བ་རྫོང་གཡུང་དྲུང་བོན་དགོན་རྟོགས་ལྡན་སྨིན་གྲོལ་བཀྲ་ཤིས་འཁྱིལ་གྱི་གྲྭ་བཙོན་ཟུར་བ་སེང་དགའ་ཟེར་བ་རྔ་བ་ཁུལ་ཉེན་རྟོག་པས་འཇུ་བཟུང་བྱས་འདུག་ལ། ཁོང་ནི་ད་རེས་མི་མང་གྱེན་ལང་གི་གནས་ཚུལ་གྱི་གསང་བ་ཕྱིར་བསྒྲགས་བྱེད་མཁན་གྱི་ཉེས་མང་འོག་འཛིན་བཟུང་བྱས་པ་ཞིག་རེད་འདུག ཚེས་༡༤ ཉིན་རྔ་བ་ཁུལ་དང་ས་གནས་ཉེན་རྟོག་པ། དམག་མི་བཅས་ཡོང་སྟེ་ཁོང་གི་ཁྱིམ་ཚང་གི་མཐའ་སྐོར་ནས་ནང་ཚང་མ་སྔོག་གཤེར་བྱས་ཏེ་ནང་ནས་བཅའ་ལག་གང་མང་འཁྱེར་འདུག་ནའང་ཅི་ཞིག་འཁྱེར་ཡོད་མེད་ད་དུང་ཧ་གོ་མི་འདུག་པ་མ་ཟད། ཁོང་ཡང་ད་ལྟ་ས་གནས་གང་དུ་ཁྲིད་ཡོད་མེད་ཀྱི་གནས་ཚུལ་ཀྱང་ཤེས་རྟོགས་བྱུང་མི་འདུག ཁོང་ནི་༢༠༠༡ ལོའི་ཟླ་༡༡ པའི་ནང་དུའང་རྔ་བ་རྫོང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཁྲི་ལོ་བརྟན་པར་ཤོག རྒྱ་མིའི་དབང་འཛིན་པས་བོད་ནང་ཐེ་གཏོགས་བྱེད་མི་ཆོག་པ་དང༌། རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང་བོད་ནང་རྒྱ་མིའི་མི་སེར་སྤེལ་བའི་སྲིད་ཇུས་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་སྦྱར་ཡིག་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཐོག་ཏུ། ལྷ་གཅིག་ཕྱག་ན་པད་མོའི་རྣམ་རོལ་གར། ལུགས་གཉིས་འཁོར་ལོ་བསྒྱུར་བའི་དབང་ཕྱུག་ཆེ། སྲིད་གསུམ་ཟིལ་གནོན་བསྟན་འཛིན་རྒྱ་མཚོ་ཡིས། མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུ་བར་སྨོན། ཞེས་སོགས་ཀྱིཀ་རྩོམ་ཡིག་བྲིས་ཏེ་སྟོང་ཕྲག་གཅིག་ལྷག་བོད་ཀྱི་ལོ་སར་སྔོན་དུ་བཀྲམ་མཁན་བཅས་གནང་བ་ལ་བརྟེན་ནས་ས་གནས་ཉེན་རྟོག་པས་འཛིན་བཟུང་གིས་རྔ་བ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་མི་རིགས་ཁ་བྲལ་དང་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གཏོར་བཤིགས་གཏོང་མཁན་གྱི་ཉེས་མང་འོག་ལོ་གསུམ་གྱིས་ཁྲིམས་ཐག་བཅད་དེ་༢༠༠༤ ལོའི་ཟླ་༡༡ ནང་བཙོན་གྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་ཞིག་ཀྱང་རེད་འདུག ྋགནས་ཚུལ་འདི་ཉིད་ད་རྒྱ་གར་སྨན་རི་དགོན་དུ་སློབ་གཉེར་གནང་བཞིན་པ་ཁོང་གི་སྤུན་ཆེ་བ་འཆི་མེད་འོད་ཟེར་ལགས་ཀྱིས་མཁོ་གཏོང་གནང༌།།

 ྋགོང་ས་མཆོག་ཧྥ་རན་སིར་ཆིབས་བསྒྱུར་ལེགས་གྲུབ།

ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཧཕ་རན་སིའི་ལྷོ་ཕྱོགས་གྲོང་སྡེ་རོ་ཁུ་རི་ཌོན་ཌི་རུ་རྟེན་གཞི་བྱས་པའི་བསོད་རྒྱལ་རིན་པོ་ཆེའི་ཆོས་ཚོགས་རིག་པ་ལས་རབ་གླིང་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་པ་གསར་བཞེངས་ལེགས་གྲུབ་ཟིན་པའི་དབུ་འབྱེད་མཛད་སྒོར་གདན་ཞུའི་གསོལ་འདེབས་ཞུས་པ་བཞིན་མགོན་པོ་གང་ཉིད་ཐེངས་འདིར་ཧཕ་རན་སིར་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན་ནས་ཞབས་སོར་འཁོད་གནང་མཛད་ཡོད་པ་རེད།
    རིག་པ་ལས་རབ་གླིང་ཆོས་ཚོགས་ཀྱི་གཙུག་ལག་ཁང་གི་དབུ་འབྱེད་མཛད་སྒོའི་ཐོག་ཧཕ་རན་སིའི་སྲིད་འཛིན་གྱི་སྐུ་ཟླ་དང༌། ཧཕ་རན་སིའི་ཕྱི་སྲིད་བློན་ཆེན། ཧཕ་རན་སིའི་འགྲོ་བ་མིའི་ཐོབ་ཐང་གི་བློན་ཆེན་བཅས་ལ་ྋགོང་ས་མཆོག་གིས་མཇལ་འཕྲད་གནང་ཡོད་པ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་ཨོ་ལིམ་པིག་རྩེད་འགྲན་རིང་བོད་ནང་དུ་དྲག་གནོན་ཤུགས་ཆེ་རུ་བཏང་འདུག་པ་དང༌། བོད་ཀྱི་མ་འོངས་གནད་དོན་ཐད་རྒྱ་ནག་གི་དབུ་ཁྲིད་ཚོར་བཀའ་མོལ་གནང་རྒྱུར་ཐུགས་འདོད་གནང་གི་ཡོད་ཅེས་བཀའ་བསྩལ་ཡོད་པ་རེད། དབུ་ཁྲིད་རྣམ་པའི་དབར་མཇལ་འཕྲད་གྲུབ་རྗེས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསུང་སྒྱུར་གནང་མཁན་ལྕམ་ཐིའུ་རི་ཀརཌེ་ཡིས་གསར་འགོད་པར་གསུངས་དོན། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཧཕ་རན་སིའི་སྲིད་འཛིན་གྱི་སྐུ་ཟླ་དང༌། ཕྱི་སྲིད་བློན་ཆེན། འགྲོ་བ་མིའི་ཐོབ་ཐང་གི་བློན་ཆེན་བཅས་ཀྱི་ལྷན་དུ་བོད་ཀྱི་གནད་དོན་སྐོར་ལ་བཀའ་སྡུར་གནང་ཡོད་སྐོར་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་ད་ཡོད་གནས་སྟངས་ལ་ཐུགས་འཚབ་ཆེན་པོ་གནང་གི་ཡོད་པ། རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྐབས་དེར་བོད་ནང་རྒྱ་ནག་གཞུང་གིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་བཞིན་ཡོད་པ་རེད། ཕྱི་ཟླ་༡༠ པའི་ནང་ྋགོང་ས་མཆོག་གི་སྐུ་ཚབ་རྣམས་དང་རྒྱ་ནག་གཞུང་གི་སྐུ་ཚབ་བར་སླར་ཡང་འབྲེལ་མོལ་ལྷན་འཛོམས་གནང་རྒྱུར་ཐུགས་རེ་གནང་གི་ཡོད་པ་རེད་ཅེས་གསུངས་ཡོད་འདུག
    བཙན་བྱོལ་བོད་གཞུང་གི་ཧཕ་རན་སིའི་སྐུ་ཚབ་དོན་གཅོད་འཇམ་དཔལ་ཆོས་བཟང་ལགས་ཀྱིས་གསར་འགོད་པར་གསུང་དོན། ཧཕ་རན་སིའི་སྲིད་འཛིན་མཆོག་གིས་ཁོང་གི་སྐུ་ཟླ་བརྒྱུད་ྋགོང་ས་མཆོག་ལ་འཚམས་འདྲི་ཞུས་གནང་བའི་སྐོར་དང༌། ཧཕ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་ནི་ལོ་ངོ་བཅུ་ཕྲག་གཉིས་ཙམ་གྱི་གོང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་མྱོང་མཁན་ཞིག་ཡིན་པ་དང༌། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དེ་ད་ཐེངས་བསྐྱར་ནན་གནང་སྟེ་ྋགོང་ས་མཆོག་ཧཕ་རན་སིར་ཆིབས་བསྒྱུར་བསྐྱང་རྒྱུར་དུས་རྟག་ཏུ་དགའ་བསུ་ཞུ་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད།
    ྋགོང་ས་མཆོག་ཧཕ་རན་སིའི་ནང་ཉིན་གྲངས་བཅུ་གཉིས་རིང་གི་མཛད་འཕྲིན་ལེགས་གྲུབ་ཟིན་ནས་ཟླ་འདིའི་༢༢ ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།།

ཐེངས་གསུམ་པའི་ཟས་བཅད་པ་རྣམས་སྨན་ཁང་དུ་བཙན་ཁྲིད།

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་མི་དྲུག་གིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཐེངས་གསུམ་པ་དེ་འགོ་འཛུགས་བྱས་ནས་ཉིན་བརྒྱད་འགྲོ་བཞིན་པའི་སྐབས་ཏེ་ཟླ་འདིའི་ཚེས་༢༣ ཉིན་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་གིས་སྨན་ཁང་དུ་ཁྲིད་ཡོད་པ་དང༌། ཚེས་༢༥ ཉིན་ལས་འགུལ་དེ་གནས་སྐབས་མཚམས་འཇོག་གི་གསལ་བསྒྲགས་ཀྱང་སྤེལ་ཡོད་པ་རེད།
    ལས་འགུལ་བ་རྣམས་ཀྱིས་ཟ་བཏུང་གཉིས་ཀ་བཅད་པར་བརྟེན། སྨན་པས་བརྟག་དཔྱད་བྱས་རྗེས་གཟུགས་པོའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ནའང༌། ཟས་བཅད་པ་རྣམས་ཀྱིས་སྨན་ཁང་དུ་འགྲོ་འདོད་མེད་པར་བོད་དོན་ཆེད་རང་སྲོག་གཏོང་རྒྱུ་ཡིན་པའི་ངོ་རྒོལ་ཤུགས་ཆེ་བྱས་ཡོད་ནའང༌། རྒྱ་གར་ཉེན་རྟོག་པ་ཧ་མང་པོ་ཡོང་ནས་སྨན་ཁང་དུ་བསྐྱལ་ཡོད་པ་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཕྱི་ཟླ་༧ པའི་ཚེས་ ༢༨ ཉིན་ནས་ཟས་བཅད་ཆུ་བཅད་ཀྱི་ལས་འགུལ་ཐེངས་གསུམ་ལ་སྤེལ་ཡོད་ནའང༌། ཟས་བཅད་པའི་གཟུགས་པོའི་གནས་སྟངས་སྐྱོ་བོ་ཆགས་སྐབས་རྒྱ་གར་གཞུང་གིས་སྨན་ཁང་དུ་ཁྲིད་ཡོད་པ་རེད།
    ཟས་བཅད་ངོ་རྒོལ་ནང་ཐེངས་དང་པོ་ཞུགས་མཁན་རྣམས་ནི་ཤེས་གསལ་ཉི་མ་དང༌། བསོད་ནམས་གྲགས་པ་བསོད་གྲགས། བསྟན་པ་དར་རྒྱས། ཚེ་རིང༌། བྱང་ཆུབ་བཟང་པོ་བཅས་གྲྭ་པ་ལྔ་དང༌། མི་སྐྱ་དབང་འདུས་ཕུན་ཚོགས་བཅས་ཡིན་པ་དང༌། ཐེངས་གཉིས་པའི་ནང་ཞུགས་མཁན་བསོད་ནམས་བསམ་འགྲུབ་དང༌། ཐུབ་བསྟན་རྡོ་རྗེ། ཕུན་ཚོགས་བསྟན་འཛིན། ངག་དབང་སྙན་གྲགས། བསོད་ནམས་རྒྱལ་མཚན་བཅས་གྲྭ་པ་ལྔ་དང༌། མི་སྐྱ་བློ་བཟང་འབྱོར་ལྡན་བཅས་ཡིན་པ་རེད། ཐེངས་གསུམ་པའི་ནང་ཞུགས་མཁན་མི་སྐྱ་རང་ལོ་༦༤ ཡིན་པ་དོན་གྲུབ་དང༌། ཚེ་རིང་བཀྲ་ཤིས་གཉིས་དང༌། གྲྭ་པ་ངག་དབང་བསམ་གཏན། བཀྲ་ཤིས་རྒྱ་མཚོ། བྱམས་པ་སྐལ་བཟང༌། ཐུབ་བསྟན་ཚེ་དབང་བཅས་མི་དྲུག་ཡིན་པ་རེད།།
དུས་བཀག་བཙོན་འཇུག

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་༧ ཟླ་མཇུག་ཏུ་ནག་ཆུ་ས་ཁུལ་གྱི་ཁྲིམས་ཁང་ཞིག་ནས་ཁམས་ནང་ཆེན་ནས་ཡིན་པའི་བོད་མི་སྟག་ལྷ་ལོ་ ༢༢ ཙམ་ལ་དུས་བཀག་བཙོན་འཇུག་ལོ་གཅིག་དང་ཕྱེད་ཀ་བྱ་རྒྱུའི་ཁྲིམས་ཐག་བཅད་འདུག་ཅིང༌། ཁོང་གིས་བོད་ནང་ྋགོང་ས་མཆོག་གི་སྐུ་པར་དང་གསུང་ཆོས་འཁོར་ཐག སེམས་ཅན་གྱི་པགས་རིགས་འགོག་སྡོམ་གྱི་བཀའ་སློབ་སོགས་འགྲེམས་སྤེལ་བྱས་སྟབས་ལོ་གཅིག་ལྷག་སྔོན་ནས་འཛིན་བཟུང་གིས་ད་རེས་གཞི་ནས་ཁྲིམས་ཐག་བཅད་པ་ཡིན་འདུག།
ཞི་རྒོལ་ཁྲོད་གྲྭ་པ་ཞིག་བོར་བརླགས།

ཕྱི་ཟླ་༣ ཚེས་༡༤ ཉིན་རྭ་མོ་ཆེ་གཙུག་ལག་ཁང་དུ་ཞི་རྒོལ་བྱུང་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་དགེ་འདུན་པའི་ཁོངས་སུ་གྲྭ་བསོད་ནམས་རབ་རྒྱས་ཟེར་བ་ཞིག་ཡོད་པ་དེ། རྒྱ་གཞུང་གིས་བཙོན་ཁང་གང་གི་ནང་བཙོན་འཇུག་བྱས་ཡོད་མེད་སྤུན་ཉེ་ཚོས་ད་བར་རྩད་གཅོད་ཡུན་རིང་བྱས་ཀྱང༌། གར་ཡོད་ཤེས་རྟོགས་རྩ་བ་ནས་ཐུབ་མེད་འདུག གྲྭ་བསོད་ནམས་རབ་རྒྱས་ཀྱི་སྐྱེ་ཡུལ་སྨར་ཁམས་ཡིན་པ་དང༌། དེ་སྔོན་རྭ་མོ་ཆེ་དགོན་པའི་ཕྱག་མཛོད་གནང་མྱོང་ཡོད་པ་དང༌། ཕྱི་ལོ་༢༠༠༨ ལོའི་ཆོ་འཕྲུལ་སྨོན་ལམ་སྐབས་ཁོང་གིས་འདུས་ཚོགས་ཀྱི་དབུས་སུ་སྐྱབས་ཐོ་བཀླགས་པའི་ནང་བྱབྱསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་མཆོག་གི་སྐུ་ཚེ་ཞབས་པད་བརྟན་པ་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་ཐུགས་སྨོན་གནང་དགོས་བྱབྱཞེས་སོགས་འཁོད་ཡོད་པར་བརྟེན། རྒྱ་གཞུང་གིས་ཟུར་དུ་བཀག་སྟེ་དམ་དྲག་ཆེན་པོ་བྱས་ཡོད་པ་རེད།།
བོད་དོན་ལས་འགུལ་མཚམས་འཇོག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་ཟླ་འདིའི་ཚེས་༧ ཉིན་མི་མང་ལྡི་ལིར་ཆེད་འཛོམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་རྔམ་སྟོན་ཁྲོམ་སྐོར་དང༌། ཞི་བའི་གོམ་བགྲོད། རྒྱ་ནག་གཞུང་ཚབ་སྒོ་རུ་ངོ་རྒོལ། མཉམ་འབྲེལ་རྒྱལ་ཚོགས་སུ་བོད་སྐྱོབ་རེ་འབོད། ཟས་བཅད་ངོ་རྒོལ་སོགས་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང༌། ཟླ་འདིའི་ཚེས་༢༥ ཉིན་ལས་འགུལ་དེ་གནས་སྐབས་མཚམས་འཇོག་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། །

རྒྱ་ནག་གཞུང་ཚབ་ཏུ་ངོ་རྒོལ།
ཟླ་འདིའི་ཚེས་༢༥ ཉིན་གཞོན་ནུའི་དབུས་རྒྱུན་བསྟན་འཛིན་ནོར་བཟང་སོགས་མི་བཅུ་གཉིས་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་པ་དང༌། བོད་རང་བཙན་ཡིན་པའི་སྐད་འབོད་བྱེད་བཞིན་ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་བྱས་པར་བརྟེན། དེར་ཡོད་རྒྱ་གར་ཉེན་རྟོག་པས་ཚང་མ་འཇུ་བཟུང་གིས་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད།།

ཟས་བཅད་སྨྱུང་གནས་ཀྱི་བོད་དོན་ལས་འགུལ།

ཕྱི་ཟླ་༨ ཚེས་༣༠ བོད་ཟླ་༦ གནམ་གང་ཉིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་རྒྱ་གར་དང་བལ་ཡུལ་གཙོས་རྒྱལ་ཕྱི་ནང་གི་བོད་རིགས་གནས་སྡོད་བྱེད་ས་ཡོངས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཆུ་ཚོད་བཅུ་གཉིས་རིང་ཟས་བཅད་སྨྱུང་གནས་གནང་བ་དང༌། བོད་དོན་བདེན་མཐའ་མྱུར་ཏུ་གསལ་ཆེད་གསོལ་འདེབས་སྨོན་ལམ་གསུངས་ཡོད་པ་རེད། ཉིན་དེར་བཞུགས་སྒར་དྷ་སའི་ལས་འགུལ་ནང་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་གཞུང་ཞབས་དང༌། སློབ་མ། སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་ཡོད་པ་རེད། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྕོགས་ཀརྨ་ཆོས་འཕེལ་མཆོག་གིས་སྨྱུང་གནས་གསོལ་འདེབས་སྨོན་ལམ་ཞུ་དགོས་པའི་ངོ་སྤྲོད་གསུང་བཤད་གནང་ཡོད་པ་རེད།
    ཉིན་དེའི་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གསུང་བཤད་ནང་དུ་¿འཛམ་གླིང་ཁྱོན་ཡོངས་སུ་གནས་འཁོད་བོད་མི་དང༌། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཞི་བདེ་ལ་དགའ་བའི་མང་ཚོགས་རྣམས་ཀྱིས་དུས་ཡུན་ཚོུད་༡༢ རིང་ཟས་བཅད་སྨྱུང་གནས་དང་འབྲེལ་གསོལ་འདེབས་སྨོན་ལམ་གྱི་ལས་རིམ་སྤེལ་བ་འདིའི་ཐོག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་སྐུ་ངོ་མ་མཉམ་ཞུགས་གནང་རྒྱུའི་དགོངས་བཞེད་བཀའ་བཟང་ཕེབས་པ་བདག་ཅག་གི་བསོད་ནམས་ཀྱི་སྐལ་བར་བཀའ་དྲིན་བླ་མེད་དུ་ཆེ་ཞིང༌། སྐུ་ཁམས་ཅུང་ཟད་བདེ་མིན་དབང་གིས་འདི་གར་འདུས་ཚོགས་སུ་ཞབས་འཁོད་མ་ཐུབ་ཀྱང་མུམ་བྷའི་ནས་སྨྱུང་གནས་གསོལ་སྨོན་གནང་བཞིན་ཡོད་པར་ཐུགས་རྗེ་དང་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན་¿ཞེས་དང༌། ¿ལས་རིམ་འདི་ནི་སྡང་སེམས་དང༌། འཁོན་འཛིན། ཁོང་ཁྲོ་སོགས་ཀྱི་ཀུན་ནས་སླངས་པའི་ངོ་རྒོལ་རྔམ་སྟོན་གྱི་བྱ་བ་ཞིག་མ་ཡིན་པར། སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ཀྱི་སྙིང་དོན་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཐེག་པ་ཐུན་མོང་བའི་ལམ་དང༌། གཞན་ཕན་མཐའ་དག་བསྒྲུབ་པའི་བྱམས་བརྩེ་སྙིང་རྗེའི་སྙིང་པོ་ཅན་གྱི་ཐེག་པ་ཆེན་པོའི་ལམ་དང་བཅས་པའི་ཉམས་ལེན་དེ་དག་སྤྱི་ཚོགས་དང་མི་རིགས་ཀྱི་ཕན་བདེ་བསྒྲུབ་པའི་འཇིག་རྟེན་ཆབ་སྲིད་ཀྱི་བྱ་བར་ཡང་ལག་ཏུ་བླང་ཆོག་པ་བདག་ཉིད་ཆཻན་པོ་གྷན་དྷིས་ལག་ལེན་དམར་འཁྲིད་དུ་བསྩལ་བ་བཞིན་དེང་རབས་ཀྱི་འཇིག་རྟེན་འདིར་སླར་ཡང་ལག་བསྟར་བྱ་རྒྱུའི་འབད་རྩོལ་གྱི་མཚོན་རྟགས་ཤིག་ཡིན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་ཡོངས་རྫོགས་འཚེ་མེད་ཞི་བའི་ལམ་དུ་བསྒྱུར་ཐབས་ཀྱི་ལམ་སྟོན་བླ་མེད་རྒྱུན་བསྲིངས་གནང་བའི་འབྲས་བུར་ད་ཆ་བོད་མིའི་ལས་འགུལ་ཕལ་ཆེ་བ་ལུས་ཀྱི་འཚེ་བ་རགས་པ་དང་བྲལ་ནས་ལོ་གྲངས་མང་ཙམ་ཕྱིན་ཟིན། དེའི་དབང་གིས་འཇིག་རྟེན་ཡོངས་སུ་བོད་དང་བོད་མིར་བསམ་ཡུལ་ལས་འདས་པའི་རྒྱབ་སྐྱོར་དང་མཐུན་འགྱུར་ཐོབ་ཡོད་ཅིང༌། དེ་ལ་བརྟེན་ནས་བོད་ཀྱི་གནད་དོན་གསོན་གནས་ཐུབ་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་སྣང་མེད་དུ་བཞག་མ་ཐུབ་པར་དོ་སྣང་དང་གཡོ་སྒྱུ་ཁྲམ་གསུམ་གྱི་སྒོ་ནས་ཡ་ལན་ཞིག་མ་བྱེད་ཐབས་མེད་ཆགས་ཡོད། འོན་ཀྱང་བོད་རིགས་ཡོངས་ཀྱིས་ཡིད་དང་ངག་གི་འཚེ་བ་གཏན་སྤོངས་མ་ཐུབ་པའི་དབང་གིས་ང་ཚོའི་ད་བར་གྱི་འབད་རྩོལ་མཐའ་དག་ཟོ་ཆུན་གྱི་འཁྱུད་མོ་ལྟར་འཁོར་བ་ལས་ནུས་པ་ཐོན་ཏེ་དོན་དམ་གྱི་གྲུབ་འབྲས་ཐོབ་མེད། བོད་རིགས་ཡོངས་ལ་བོད་དོན་བདེན་མཐའ་གསལ་བའི་མངོན་འདོད་དང་ལྷག་བསམ་རྣམ་དག་ཞིག་ཡོད་ན་ང་ཚོའི་འཚེ་བ་མེད་པའི་ནུས་ཤུགས་འདི་གོང་མཐོར་གཏོང་དགོས། བོད་མི་རྣམས་ཀྱི་ཡིད་ཀྱི་འཚེ་བ་མངོན་གྱུར་བ་མགོ་ནོན་ཙམ་ཞིག་མ་བྱུང་གི་བར་བོད་དོན་བདེན་མཐའ་གསལ་རེ་ཤིན་ཏུ་དཀའ། རྒྱུ་མཚན་དེ་ལ་བརྟེན་ནས་དེ་རིང་གི་གོ་སྐབས་འདིའི་བརྒྱུད་བོད་རིགས་སྤྱི་དང༌། ཁྱད་པར་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་སྦྱོང་དང་བཙུན་མ་ཡོངས་ལ་ཞེ་སྡང་དང༌། ཁོང་ཁྲོ་མངོན་འགྱུར་བའི་དབང་དུ་མ་སོང་བར་འཚེ་བ་མེད་པའི་བློ་ཐ་ན་བཅོས་མ་ཚུན་ཆད་སྐྱེད་ཐབས་དང༌། དེས་དྲངས་པའི་ལུས་ངག་གི་རྣམ་རིག་འཚེ་བ་མེད་པ་ཞིག་བསྐྲུན་ཐབས་ངེས་པར་དུ་གནང་དགོས་པའི་ཛ་དྲག་གི་རེ་བསྐུལ་ནན་པོ་ཞུ་རྒྱུ་ཡིན། ད་རེས་སྨྱུང་གནས་དང་གསོལ་སྨོན་གྱི་ལས་རིམ་འདི་བོད་མིའི་འཚེ་བ་མེད་པའི་ལས་འགུལ་གྱི་གོམ་རིམ་གསར་པ་ཞིག་གི་ནང་བསྐྱོད་རྒྱུའི་སྒོ་དབྱེ་ལྟ་བུ་ཞིག་ཏུ་འགྱུར་ཐུབ་ན་སྨྱུང་བར་གནས་པའི་དོན་གོ་ཚང་ཞིང༌། དེ་མིན་སྡང་སེམས་དང་ཁོང་ཁྲོའི་ངན་རྟོགས་བསྐྱར་སློང་བྱ་རྒྱུའི་གོ་སྐབས་ཤིག་ཏུ་གྱུར་ན་འདྲེ་ཤར་སྒོ་དང་གླུད་ནུབ་སྒོའི་དཔེ་ལྟར་འགྲོ་རྒྱུ་ལས་མ་འདས། ད་རེས་དམིགས་བསལ་ཅན་གྱི་གོ་སྐབས་བཟང་པོ་འདིའི་ཐོག་བོད་དང་བོད་མིའི་ཆེད་དུ་སྨྱུང་གནས་གསོལ་སྨོན་གྱི་ལས་རིམ་འདིའི་ནང་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ཧ་ཅང་མང་པོ་ལྷག་བསམ་བཟང་པོས་མཉམ་ཞུགས་གནང་བའི་རྣམ་དཀར་གྱི་བྱ་བའི་སྟོབས་ཀྱིས་བོད་མིའི་སྤྱི་མཐུན་གྱི་ལས་ངན་བྱང་ཞིང་བསོད་ནམས་གོང་མཐོར་འཕེལ་བ་དང༌། དེ་ལ་བརྟེན་ནས་བོད་རིགས་ཡོངས་ཀྱིས་སེམས་ཅན་སྤྱི་དང་ཁྱད་པར་བོད་མིར་སྡུག་སྦྱོང་གཏོང་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འཛིན་པ་ཚོར་དམིགས་པའི་ཁོང་ཁྲོ་དང་སྡང་སེམས་སྤངས་ནས་བྱམས་པ་དང་སྙིང་རྗེའི་ཡུལ་དུ་འཛིན་ཐུབ་པ་དང༌། རང་རེའི་འཚེ་མེད་ཞི་བའི་ནུས་སྟོབས་སྨིན་ཏེ་རྒྱ་ནག་དབང་འཛིན་པ་རྣམས་ཀྱི་བློ་ཁ་བཟང་ཕྱོགས་སུ་བསྒྱུར་ཐུབ་པ། འཚེ་མེད་ཞི་བའི་ཐབས་ལམ་ལ་ཚང་མས་ཡིད་ཆེས་རྙེད་ཐུབ་པ་བཅས་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་རྒྱུ་མ་ཟད། བོད་ནང་བཙན་གནོན་མནར་གཅོད་ཀྱི་བྱ་བ་རང་ཡལ་དུ་འགྲོ་བའི་ཆེད་འཚེ་བ་མེད་པའི་འབད་རྩོལ་ནུས་ཤུགས་ཆིག་སྒྲིལ་ཡོང་བའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཉེ་ཆར་བོད་དུ་དུས་ཟིང་སྐབས་ལུས་སྲོག་ཤོར་བ་རྣམས་དང་ཉེས་བརྡུང་བཙོན་འཇུག་ཕོག་པ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་འབྲེལ་ལུས་སྲོག་གི་མཆོད་སྦྱིན་དོན་ལྡན་དུ་འགྲོ་བ་དང་སྡུག་སྦྱོང་མནར་གཅོད་ལས་མྱུར་དུ་གྲོལ་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཅེས་སོགས་འཁོད་ཡོད་པ་རེད།།

Share this:
༡༧༩ ཀློག་གྲངས།