ཕྱི་ཟླ་བདུན་པ།

ད་ཐེངས་ཀྱི་འབྲེལ་མོལ་སྐབས་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན། བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་དྭགས་པོ་བསོད་ནམས་ནོར་བུ་དང༌། བུ་ཆུང་ཚེ་རིང༌། བཀའ་དྲུང་ཡིག་ཚང་གི་བོད་རྒྱ་ཞི་མོལ་སྡེ་ཚན་གྱི་ལས་བྱེད་འཇིགས་མེད་པ་སངས་བཅས་ཕེབས་ཡོད་པ་རེད། ཟླ་འདིའི་ཚེས་༡ དང་༢ ཉིན་གཉིས་རིང་རྒྱ་ནག་པེ་ཅིང་དུ་ཕན་ཚུན་བཀའ་
བསྡུར་གནང་རྒྱུ་ཡིན་འདུག།
    ཟླ་འདིའི་ཚེས་༡༣ ཉིན་དྷ་སར་འཚོགས་པའི་བོད་རིགས་མཐོ་རིམ་སློབ་མའི་ཟབ་སྦྱོང་ཞིག་གི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོའི་ད་ལྟའི་འབྲེལ་མོལ་གྱི་བརྒྱུད་རིམ་འདིའི་ཐོག་ནས་ཏན་ཏན་བོད་ཀྱི་བདེན་འཐའ་གསལ་ཐུབ་པའི་རེ་བ་རྒྱག་ཆོག་གི་རེད་བསམ་གྱི་འདུག ད་རེས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཆར་དམིགས་བསལ་ཅན་གྱི་ཁོར་ཡུག་ཅིག་ཡོད་པ་ཡིན་ཙང༌། འབྲེལ་མོལ་ཐེངས་བདུན་པའི་ཐོག་མ་འོངས་པར་ང་ཚོས་མུ་མཐུད་རེ་བ་རྒྱག་རྒྱུ་ཡོད་པ་རེད་དམ། རེ་བ་རྒྱག་རྒྱུ་མེད་པ་རེད། གསལ་བོ་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།
    རྒྱ་ནག་གཞུང་གིས་ཀྲུང་དབྱང་གིས་ཏཱ་ལའི་ཕྱོགས་ལ་བཟུང་བའི་སྲིད་ཇུས་ནི་སྔར་བཞིན་འགྱུར་བ་མེད་ཅིང་གསལ་པོ་ཡིན་ལ་ང་ཚོས་ཏཱ་ལའི་དང་བཀའ་མོལ་བྱེད་པའི་སྒོ་མོ་དུས་ནམ་ཡང་ཡངས་པོར་ཕྱེ་ཡོད། ཏཱ་ལའི་ཕྱོགས་ཀྱི་གོ་སྐབས་འདི་དམ་འཛིན་བྱས་ནས་དོན་དངོས་བྱ་སྤྱོད་ལ་བརྟེན་ནས་ཀྲུང་དབྱང་གིས་བཏོན་པའི་བླང་བྱར་ལན་ལེགས་པོ་ཞིག་འདེབས་པའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།།

བལ་ཡུལ་ནས་བོད་ལ་གོམ་བགྲོད་པ་ཐེངས་དང་པོ་དེ་འཛིན་བཟུང༌།
   

བལ་ཡུལ་མཐིལ་ནས་བོད་བར་ཞི་བའི་གོམ་འགྲོད་ཐེངས་གཉིས་ཕྱིན་ཡོད་པ་ལས་ཐེངས་དང་པོའི་ནང་མི་༤༢ དང་ཐེངས་གཉིས་པའི་ནང་མི་༩ ཡོད་པ་རེད། དེ་དག་ལས་དང་པོ་མི་༤༢ ཅན་དེ་འགྲམ་ཕྱོགས་སུ་འཛིན་བཟུང་བྱས་ཡོད་པ་དང༌། ཐེངས་གཉིས་པ་དེ་ས་ཁུལ་གཞན་ཞིག་བསྐོར་ནས་ཕྱིན་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་སུས་ཀྱང་གོ་རྟོགས་བྱུང་མི་འདུག
    གོམ་བགྲོད་པ་མི་དགུ་པོ་དེ་དག་ནི་ཚེས་༢༨ ཉིན་ཐོག་མར་སྤྱི་ལེ་༢༠༠ ཙམ་གྱི་སར་རླངས་འཁོར་དུ་བསྐྱོད་རྗེས། ཞི་བའི་གོམ་འགྲོད་དབུ་འཛུགས་ཀྱིས་ད་ཆ་སྤྱི་ལེ་༧༠ ལྷག་ཙམ་གྱི་སར་སླེབས་ཡོད་པ་རེད། དེ་ནས་མཐའ་མཚམས་སླེབས་རྒྱུར་ཕལ་ཆེ་ཉིན་བཅུ་ཙམ་འགོར་པའི་གནས་ཚུལ་འདུག གོམ་བགྲོད་པ་སྔ་ཕྱི་གཉིས་པོའི་གཞི་རྩའི་ལས་འགུལ་ནི་དྭང་བླངས་ཐོག་བོད་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱིས་ཞི་བའི་གོམ་འགྲོད་བྱས་པ་ཞིག་དང༌། གོམ་བགྲོད་པ་ཚན་པ་གཉིས་སུ་བགོ་དགོས་དོན་ནི། གལ་ཏེ་གཅིག་འཛིན་བཟུང་བྱས་ན་ཅིག་ཤོས་དེ་བོད་དུ་འགྲོ་ཐུབ་པའི་རེ་བ་བཅངས་ཡོད་པ་རེད། གོམ་འགྲོད་པ་ཐེངས་གཉིས་པའི་ནང་གྲྭ་པ་གཅིག་དང༌། བུ་མོ་གཅིག བུ་བདུན། གཞན་ལམ་ཁྲིད་གཅིག་བཅས་ཁྱོན་མི་བཅུ་ཡོད་རུང་བལ་ཡུལ་དུ་ཡོད་པའི་གཞུང་ཚབ་ཁག་དང༌། མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་ཁོ་ཚོའི་དམིགས་ཡུལ་དང་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས་རེ་ཕུལ་ཡོད་པ་དེའི་ནང་མི་དགུ་ལས་འཁོད་མི་འདུག མི་དགུ་པོ་དེ་དག་ནི། བསོད་ནམས་ཚེ་རིང༌། བྱམས་པ་ཚུལ་ཁྲིམས། ཨ་དཀར་བླ་མ། ངག་དབང་མཐར་ཕྱིན། བཀྲ་ཤིས་ནོར་བུ། ཡེ་ཤེས་ཉི་མ། སྐལ་བཟང་བཀྲ་ཤིས། བཀྲ་ཤིས་ལྷ་མོ། ཚེ་རིང་སྟོབས་རྒྱལ་བཅས་ཡིན་པ་རེད།
    བལ་ཡུལ་ནས་བོད་བར་ཞི་བའི་གོམ་འགྲོད་ཐེངས་དང་པོ་མི་༤༢ པོ་དེ་དག་ནི་ཕྱི་ཟླ་༧ པའི་ཚེས་༡ ཉིན་བལ་ཡུལ་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་རེད། ཕྱི་ཟླ་༦ པའི་ཚེས་༢༥ ཉིན་གྱི་ཞོགས་པར་བལ་ཡུལ་མཆོད་རྟེན་ནས་དབུ་འཛུགས་ཀྱིས་དགེ་འདུན་པ་དང་བཙུན་མ་བཞི་བཅུ། མི་སྐྱ་གཉིས་བཅས་ཁྱོན་མི་བཞི་བཅུ་ཞེ་གཉིས་ཀྱིས་ལུས་སྲོག་བློས་བཏང་གིས་བོད་བར་ཞི་བའི་གོམ་བགྲོད་བྱེད་རྒྱུའི་དམ་བཅའ་གཙང་འབུལ་གྱིས་རི་མགོ་དང་ཤིང་ནགས་ཁོ་ན་བརྒྱུད་ཉིན་བདུན་གྱི་རིང་གོམ་བགྲོད་བྱས་རྗེས་ཟླ་འདིའི་ཚེས་༡ ཉིན་རི་སྟེང་ནས་ཀླུང་དུ་བབས་ནས་བོད་ཀྱི་མཐའ་མཚམས་འགྲམ་ཕྱོགས་སུ་བསྐྱོད་པའི་ལམ་བར་ཅཱ་ཀུག་ས་ཁུལ་དུ་སླེབས་སྐབས་བལ་ཡུལ་གྱི་དྲག་ཆས་ཉེན་རྟོག་པ་དང་ཉེན་རྟོག་པ་མི་ལྔ་བཅུ་ཙམ་གྱིས་གོམ་འགྲོད་པ་རྣམས་འཛིན་བཟུང་གིས་ཀཐ་མན་གྲུར་ཁྲིད་ཡོད་པ་རེད། ཅཱ་ཀུག་ཟེར་བའི་ས་ཁུལ་ནས་བལ་བོད་ས་མཚམས་སུ་སླེབས་རྒྱུར་སྤྱི་ལེ་བདུན་ཙམ་ལས་མེད་མོད། བལ་ཡུལ་གྱི་ཉེན་རྟོག་པས་ཁྱེད་ཚོ་འདི་ནས་ཡར་འགྲོ་མི་རུང་ཚུལ་དང༌། གལ་ཏེ་ཕྱིན་པ་ཡིན་ན་རྒྱ་མིའི་ཉེན་རྟོག་པས་ཁེངས་ཡོད་པས་ཁྱེད་ཚོར་ཉེན་ཁ་ཡོད་སྐོར་གྱི་སློབ་གསོ་གནང་བ་དང༌། གོམ་འགྲོད་པ་རྣམས་ཀྱིས་ངུ་འབོད་བྱེད་བཞིན་ང་ཚོ་བོད་དུ་གཏོང་རོགས། ང་ཚོས་རྒྱ་མི་ལ་འཐབ་འཛིང་དང་གནོད་པ་བྱེད་དུ་འགྲོ་རྒྱུ་མིན། བོད་ཀྱི་ཛ་དྲག་གནས་སྟངས་ང་ཚོའི་མིག་གིས་མཐོང་འདོད་ཡོད་ཚུལ་སོགས་ཞུ་བ་འཐེན་ནས་ཆུ་ཚོད་གཅིག་ལྷག་ལམ་དཀྱིལ་དུ་བསྡད་པ་རེད། ཁུལ་དེར་རྒྱ་མིའི་ཉེན་རྟོག་པ་དང་རྒྱ་རིགས་ཧ་ཅང་མང་པོ་འདུག་ལ། བལ་ཡུལ་གྱི་ཉེན་རྟོག་པས་གོམ་བགྲོད་པ་བཀག་སྡོམ་བྱེད་སྐབས་རྒྱབ་ཏུ་རྒྱ་མིའི་ཉེན་རྟོག་པའི་རླངས་འཁོར་གཅིག་དང་གཞན་རྒྱ་རིགས་ཀྱི་རླངས་འཁོར་གཅིག་བཅས་སླེབས་ནས་པར་ལེན་པ་སོགས་བྱས། དེ་ནས་ཡར་མ་བཏང་སྟབས་དེར་གོམ་བགྲོད་པ་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་བླངས་རྗེས་ཉེན་རྟོག་པས་རེ་རེ་ནས་འཛིན་བཟུང་བྱས་ཏེ་རླངས་འཁོར་ནང་དུ་བླུགས་ནས་ཀ་ཐ་མན་གྲུར་མར་ཁྲིད་ཡོད་པ་རེད། གོམ་འགྲོད་པ་དེ་དག་ལས་ཆེ་བ་ལོ་ན་༤༢ དང་ཆུང་བ་ལོ་༡༧ བཅས་ཚང་མ་ན་གཞོན་ཤ་སྟག་རེད་འདུག མི་གཉིས་ནད་པ་ཆགས་ནས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད། ལམ་བར་དུ་ཟས་རྫོགས་པ་དང༌། རྐང་འོག་ཏུ་ཆུ་བུར་བརྡོལ་བ། འབུ་པད་པས་སོ་བརྒྱབ་པ། ཆར་པས་གོས་སྦངས་པ་སོགས་དཀའ་ཚེགས་ཆེན་པོ་བྱུང་ཡང༌། གྲོང་ཚོ་ཡོད་སར་བལ་ཡུལ་གྱི་ཡུལ་མིས་ཟས་དང་གནས་མལ་སོགས་རོགས་རམ་ཧ་ཅང་ཡག་པོ་གནང་ཡོད་པ་རེད། འཛིན་བཟུང་བྱས་པའི་ཉིན་དེ་གར་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང༌། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་བཅས་ནས་གློད་བཀྲོལ་དགོས་བའི་འབོད་སྐུལ་ཞུས་པ་བཞིན་གོམ་འགྲོད་པ་མི་༤༢ དེ་མཚན་མོ་ཆུ་ཚོད་༩ པར་གློད་བཀྲོལ་བྱུང་ཡོད་པ་རེད།།

ཅོ་ནེའི་གྲྭ་པ་གཉིས་ལ་ཁྲིམས་ཆད།

མདོ་སྨད་ཀན་སུའུ་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཅོ་ནེ་རྫོང་ཁོངས་ཆོས་དཔལ་ཤང༌། བཀྲ་ཤིས་ཆོས་འཁོར་གླིང་གི་གྲྭ་ཞིང་ཁམས་སྡེ་བ་ནས་ཡིན་པ་བསམ་གཏན་རྒྱ་མཚོའི་བུ་བསྟན་འཛིན་ལོ་༤༤ལ་ལོ་༡༥ དང༌། ཡང་ཞིང་ཁམས་སྡེ་བ་ནས་ཡིན་པ་གྲྭ་བསྟན་འཛིན་རྒྱ་མཚོ་རང་ལོ་༢༤ལ་ལོ་༡༣ བཅས་ཕྱི་ཟླ་༦ ཚེས་༡༥ ཉིན་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱེད་བཞིན་ཡོད་འདུག གྲྭ་བསྟན་འཛིན་ནི་ཕྱི་ཟླ་༣ པའི་ནང་ཞི་རྒོལ་སྐད་འབོད་བྱེད་མཁན་གྱི་སྣེ་ཁྲིད་པ་གཏེ་བོ་ཡིན་ཚུལ་དང༌། བསྟན་འཛིན་རྒྱ་མཚོ་ནི་མདོ་འཁོར་ཤང་སློབ་གྲྭའི་ནང་རྒྱ་མིའི་དར་ཆ་ཕབ་སྟེ་བོད་ཀྱི་རྒྱལ་དར་སྒྲེང་མཁན་ཡིན་སྐོར་སོགས་ཀྱི་ཉེས་འཛུགས་བྱས་ཡོད་འདུག ད་དུང་ཅོ་ནེ་རྫོང་དུ་བཙོན་འཇུག་བྱེད་བཞིན་པའི་གྲྭ་བསྟན་འཛིན་རང་ལོ་༢༣དང༌། ཞིང་ཁམས་སྡེ་བ་ནས་ཡིན་པ་གྲྭ་ལེགས་བཤད་རང་ལོ་༢༣དང༌། གྲྭ་འོད་ཟེར་མཐའ་ཡས་རང་ལོ་༢༠གཞན་མི་སྐྱ་ལྔ་བཅས་ལ་གང་མགྱོགས་ཁྲིམས་ཐག་གཅོད་རྒྱུ་ཡིན་སྐོར་བཤད་ཀྱི་ཡོད་འདུག ཕྱི་ཟླ་༣ པའི་ཚེས་༡༧ ནས་ས་གནས་དེ་གའི་བོད་མི་སེར་སྐྱ་མི་གྲངས་༢༠༠ ལྷག་འཛིན་བཟུང་བཙོན་འཇུག་བྱས་ཁོངས་གོང་གསལ་ལ་ཁྲིམས་ཐག་བཅད་ཟིན་པ་དང༌། ད་དུང་ཁྲིམས་ཐག་གཅོད་རྒྱུ་ཡིན་པ་ཁག་ལས་གཞན་རྣམས་ལ་ཁྱོན་དངུལ་ཆད་རྒྱ་སྒོར་ཁྲི་༢༠༠ ལྷག་བཅད་དེ་ཕལ་ཆེར་གློད་བཀྲོལ་ཐོབ་ཡོད་འདུག།
ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་ཐུབ་ཀྱི་མེད་འདུག

རེབ་ཀོང་གྲྭ་འཇིགས་མེད་ཕུན་ཚོགས་འདས་གྲོངས། དགེ་བསྐོས་ཟླ་བ་འཇུ་བཟུང༌།

    ཕྱི་ཟླ་༦ ཚེས་༢༢ ཉིན་མཚོ་སྔོན་ན་གོར་མོའི་བཙོན་ཁང་དུ་ཕ་ཡུལ་མདོ་སྨད་རེབ་ཀོང་འབྲོག་སྡེ་རྒྱལ་པོ་ཀླུ་ཆུ་སྡེ་བ་ནས་ཡིན་པ་ཡབ་གཡང་པ་དང་ཡུམ་སྒྲོལ་མ་མཚོ་གཉིས་ཀྱི་བུ་གྲྭ་འཇིགས་མེད་ཕུན་ཚོགས་ལ་རྒྱ་གཞུང་གིས་རྡུང་རྡེག་བཏང་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་དགུང་ལོ་༢༢ ཡིན་འདུག ནང་མི་རྣམས་ལ་ཁྱོད་ཚོས་ཁོང་གི་ཕུང་པོ་ལ་བལྟ་དགོས་ཚེ་བཙོན་ཁང་ནང་ན་ཚའི་དབང་གིས་ཤི་བ་ཡིན་ཚུལ་ཁས་བླངས་ནས་ས་ཡིག་རྒྱག་དགོས་སྐོར་བཤད་ཡོད་འདུག་ཀྱང་ཁོང་ཚོས་ངོས་ལེན་མ་བྱས་པར་བརྟེན་ནང་མིར་ཕུང་པོ་རྩིས་སྤྲོད་མ་བྱས་པར་མེ་བསྲེགས་བཏང་ཡོད་འདུག
    གྲྭ་འཇིགས་མེད་ཕུན་ཚོགས་ལགས་ལྷ་ས་འབྲས་སྤུངས་དགོན་ནས་ཕྱི་ཟླ་༣ པའི་ནང་འཛིན་བཟུང་གིས་གོར་མོ་ལ་ཁྲིད་སོང་བ་ཞིག་ཡིན་འདུག སྤྱིར་བཏང་ལྷ་ས་ནས་འཛིན་བཟུང་བྱས་པའི་མདོ་སྨད་ཀྱི་གྲྭ་པ་ཕལ་ཆེ་བ་གོར་མོ་ཕྱོགས་སུ་བཙོན་འཇུག་བྱེད་བཞིན་ཡོད་པའི་གནས་ཚུལ་ཡོད་འདུག
རེབ་ཀོང་རོང་པོ་དགོན་ཆེན་གྱི་དགེ་བསྐོས་ཟླ་བ་ལགས་འདི་ལོའི་ཕྱི་ཟླ་༤ པའི་ཚེས་༡༨ ཉིན་འཛིན་བཟུང་དང༌། སྐབས་དེའི་རེབ་ཀོང་གི་གནས་ཚུལ་ཅུང་ལྷིང་འཇགས་པ་དང་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་ཁག་ཐེག་ཏུ་བསྡད་དེ་ཟླ་བ་ལགས་གློད་བཀྲོལ་བྱས་ཡོད་འདུག་ཀྱང༌། ཕྱི་ཟླ་༦ ཚེས་༢༠ ཉིན་སླར་ཡང་ཟླ་བ་ལགས་ཀྱིས་གཙོས་གྲྭ་པ་མང་པོ་འཇུ་བཟུང་བྱས་དང་བྱེད་མུས་མ་ཟད། ད་ལྟའི་ཆར་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་སུས་ཀྱང་ཟླ་བ་ལགས་ཀྱི་གནས་སྟངས་ཤེས་ཐུབ་མི་འདུག ཉིན་རེའི་ཆུ་ཚོད་ཉེར་བཞིའི་རིང་རོང་པོ་དགོན་པས་གཙོས་པའི་རེབ་ཀོང་གི་ས་གནས་ཁག་གི་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་སྔར་ནས་དམ་དྲག་བྱས་དང་བྱེད་མུས་སུ་འདུག་པས། གནས་ཚུལ་ངོ་མ་རྒྱུས་ལོན་བྱེད་རྒྱུ་ཧ་ཅང་དཀའ་བར་གྱུར་ཡོད་པ་རེད། ད་ལྟའི་ཆར་ཡང་རོང་པོ་དགོན་ཆེན་དུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་སྤེལ་ཐུབ་ཀྱི་མེད་པ་མ་ཟད། གྲྭ་པ་རྣམས་ཚོགས་དང་ཆོས་གྲྭ་འཛིན་གྲྭ་སོགས་ཀྱང་འཚོགས་ཐུབ་ཀྱི་མེད་འདུག         ཨ་ལགས་ཁ་སོ་རིན་པོ་ཆེ་ཟི་ལིང་མི་མང་རྒྱ་སྨན་ཁང་ཨང་དང་པོའི་ནང་རྒྱ་དམག་གིས་གཅར་རྡུང་སྐབས་བཅགས་པའི་རྐང་པ་ཆག་འབྱོར་ཡོད་འདུག་ཀྱང༌། གཟུགས་པོ་སྐྲངས་པ་དང་ཁྲག་ཤེད་ཀྱི་ན་ཚ། མིག་གིས་གསལ་པོ་མི་མཐོང་བ་དང་རྣ་བས་གསལ་པོ་མི་ཐོས་པར་གྱུར་པའི་གནས་སྟངས་དེ། ཟི་ལིང་རྒྱ་སྨན་ཁང་ནས་ཐབས་ཤེས་བྱེད་མ་ཐུབ་པར། ད་ལྟའི་ཆར་ཟི་ལིང་བོད་སྨན་ཁང་དུ་བོད་ལུགས་ཀྱི་སྨན་བཅོས་གནང་མུས་སུ་ཡོད་འདུག་ཀྱང༌། སྨན་པ་སུས་ཀྱང་སྐུ་གཟུགས་ཀྱི་གནས་སྟངས་ཐད་ཁག་ཐེག་བྱེད་དཀའ་བར་གྱུར་ཡོད་འདུག།

ལི་ཐང་ཨོ་ཐོག་ཏུ་རྒྱ་དམག་འབྱོར་བཞིན་པ།

    ལི་ཐང་ཨོ་ཐོག་གི་དབྱར་ཁའི་རི་སྐྱིད་ཆེན་མོ་སླེབས་ལ་ཉེ་བ་དང༌། མང་ཚོགས་ཀྱིས་ད་ལོ་བོད་ནང་གི་གནས་སྟངས་ལ་གཞིགས་ནས་རི་སྐྱིད་གཏོང་རྒྱུར་འདོད་མོས་མེད་ནའང༌། རྒྱ་ནག་གཞུང་གིས་རི་སྐྱིད་གཏོང་དགོས་སྐོར་བརྗོད་ཡོད་པ་མ་ཟད། ས་ཁུལ་དེར་རྒྱ་དམག་ཕོན་ཆེན་འབྱོར་ནས་དམག་སྒར་བརྒྱབ་ནས་བསྡད་ཡོད་འདུག  
   ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཟླ་༦ པའི་ཚེས་༢༣ ཉིན་ལི་ཐང་ཨོ་ཐོག་གི་དགོན་པ་ནཱ་ལེནྜའི་ཉེ་འགྲམ་དུ་རྒྱ་དམག་དྲུག་བརྒྱ་ཙམ་གྱིས་སྒར་བརྒྱབ་ནས་བསྡད་ཡོད་པ་དང༌། ད་དུང་དམག་མི་ཆིག་སྟོང་ལྷག་ཡོང་གི་ཡོད་འདུག རྒྱ་དམག་གིས་བཤད་པ་ལྟར་ན། ལི་ཐང་ཨོ་ཐོག་གི་རི་སྐྱིད་ཆེན་མོ་ལེགས་འགྲུབ་ཡོང་བར་སྲུང་སྐྱོབ་བྱེད་རྒྱུ་དང༌། མི་མང་གིས་སྐབས་བབ་ཀྱི་དུས་ཆེན་ཁག་ཐི་གུ་སྣེ་ཤོར་མེད་པ་དགོས་རྒྱུར་གལ་ཆེ་ཚུལ་སོགས་བཤད་ཀྱི་ཡོད་ནའང༌། ཁུལ་དེའི་བོད་མི་ཚོས་དེ་ནི་རྒྱ་མིས་དུས་ཆེན་དེ་བེད་སྤྱོད་ལོག་པར་བཏང་སྟེ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་དང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་ཀྱི་དྲིལ་བསྒྲགས་སོགས་སྔར་ས་ཁུལ་དེར་ལས་འགུལ་སྤེལ་མ་ཐུབ་པ་རྣམས་ལ་བཙན་དབང་གིས་ལས་འགུལ་སྤེལ་རྩིས་ཡིན་པ་དང༌། ཡང་ན་ཕྱི་ཚུལ་ལ་དུས་སྟོན་ཟབ་རྒྱས་བྱས་པའི་འདྲ་པར་བེད་སྤྱོད་ཀྱིས་བོད་ནང་ངོ་རྒོལ་གྱི་རིགས་སོགས་གང་ཡང་མེད་པར། ཞི་བདེ་བག་ལྷོད་ཡིན་པའི་རྣམ་པ་སྟོན་ཐབས་བྱ་རྒྱུ་ཡིན་པ་སོགས་ལ་མི་མང་གིས་དོགས་པ་བྱེད་ཀྱི་ཡོད་འདུག ད་དུང་ད་ལོ་བོད་ནང་མི་ཤི་གོད་ཆག་ཤུགས་ཆེན་བྱུང་བར་མྱ་ངན་མཚོན་བྱེད་དུ་རི་སྐྱིད་ལ་མི་མང་ཡོང་འདོད་མེད་པ་རེད་འདུག་མོད། རྫོང་སྲིད་གཞུང་གིས་ཡིན་གཅིག་མིན་གཉིས་རི་སྐྱིད་ལ་ཡོང་དགོས་པར་བཤད་ཀྱི་ཡོད་པར་བརྟེན་བོད་མི་དང་རྫོང་གི་ལས་བྱེད་པ་གདོང་ཐུག་ཡོང་ཉེན་ཡོད་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱེད་ཀྱི་འདུག གང་ལྟར་ད་ལོའི་བོད་ཟླ་དྲུག་པའི་ཚེས་གཅིག་ནས་ཁམས་ཨོ་ཐོག་གི་དབྱར་ཁའི་རི་སྐྱིད་ཆེན་མོ་ཡིན་རུང་གནས་ཚུལ་མང་པོ་ཞིག་དང་འབྲེལ་ནས་རྟ་རྒྱུག་གི་དུས་ཆེན་དེ་ཧ་ལམ་ཡོང་མི་ཐུབ་པ་གསལ་པོ་ཆགས་ཀྱི་འདུག་ཟེར། མེ་སོར་གསར་འགོད་པས།

བེ་རི་དགོན་དུ་རྒྱ་གཞུང་ལ་ངོ་རྒོལ་དང་འཇུ་བཟུང༌།

    ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༦ ཚེས་༡༦ ཉིན་དཀར་མཛེས་རྫོང་གི་མཐོ་རིམ་དཔོན་རིགས་མང་པོ་ཞིག་བེ་རི་དགོན་དུ་ཡོང་ནས་ྋགོང་ས་མཆོག་དང་བཙན་བྱོལ་གཞུང་ལ་སྐྱོན་བརྗོད་དང༌། གུང་ཁྲན་སྲིད་གཞུང་བཀའ་དྲིན་ཆེན་པོ་ཡིན་ཚུལ་གྱི་སློབ་གསོ་རྒྱག་ཁུལ་བྱས་ཏེ། ྋགོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ངོ་རྒོལ་ཡོད་པའི་ས་ཡིག་རྒྱག་དགོས་པའི་འཇིགས་སྐུལ་བྱེད་སྐབས། གྲྭ་མང་ཡོངས་ནས་གཅིག་རྗེས་གཉིས་མཐུད་ཀྱིས་ཞི་བའི་ངོ་རྒོལ་གནང་བ་མ་ཟད་དཔོན་རིགས་དེ་རྣམས་དང་རྩོད་གླེང་ཤུགས་ཆེན་བྱས་མཐར་དཔོན་རིགས་དེ་རྣམས་འུ་ཐུག་ནས་ཕྱིར་ལོག་སྟེ་འགྲོ་དགོས་པ་བྱུང་འདུག    
    ཟླ་བ་དེའི་ཚེས་༡༨ ཉིན་བེ་རི་དགོན་གྱི་དབུ་ཟུར་བྱམས་པ་བརྩོན་འགྲུས་རང་ལོ་༢༨ དབུ་མཛད་བློ་བཟང་དགེ་ལེགས་རང་ལོ་༢༦ གྲྭ་བློ་བཟང་དཔལ་ལྡན་རང་ལོ་༢༦ བེ་རི་མན་ཉེ་མདའ་བ་དཔལ་ལྡན་ཉི་མ་རང་ལོ་༣༠ ཡིན་པ་བཅས་མི་བཞིས་དཀར་མཛེས་རྫོང་དུ་ཞི་བའི་ངོ་རྒོལ་བྱས་པར་བརྟེན་དེ་གར་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་སྟེ་འཕྲལ་དུ་བཙོན་འཇུག་བྱས་ཡོད་པ་རེད།
    ཚེས་༢༡ ཉིན་མན་ཉེ་མདའ་བ་བྱམས་པ་ཆོས་འཕེལ་རང་ལོ་༢༥ ཅན་གྱིས་དཀར་མཛེས་ཁྲོམ་གཞུང་དུ་མང་ཚོགས་ཀྱི་དབུས་སུ་བོད་ཀྱི་རྒྱལ་དར་ཆེན་པོ་ཞིག་དང༌། བོད་རང་བཙན་ཞེས་བྲིས་པའི་རས་ཆེན་པོ་གཉིས་ལག་གཡས་གཡོན་གཉིས་ཀྱིས་བཟུང་ཞིང༌། མགོ་ལ་ྋགོང་ས་མཆོག་གི་སྐུ་པར་དང་རྒྱལ་དར་ཆུང་ཆུང་ཞིག་བསྡམས་ཏེ་བོད་རང་བཙན་དང་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག་ཅེས་འབོད་སྒྲ་སྐད་གསང་མཐོན་པོ་བསྒྲགས་རྗེསཉེན་རྟོག་པས་ཉེས་རྡུང་ཚབས་ཆེན་བཏང་སྟེ་འཇུ་བཟུང་དང་བཙོན་འཇུག་བྱས་འདུག
    ཚེས་༢༢ ཉིན་བེ་རི་མན་ཉེ་མདའ་གྲོང་ཚོ་ནས་ཀརྨ་དབང་ཕྱུག་རང་ལོ་༢༩ དང་བུ་མོ་དཔའ་མོ་རང་ལོ་༡༧ གཉིས་ཀྱིས་དཀར་མཛེས་རྫོང་གི་ཁྲོམ་གསེབ་ཏུ་མི་གྲངས་ཉི་ཤུ་ལྷག་དང་ལྷན་དུ་ངོ་རྒོལ་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པས་མ་ཚད་ཕྱི་ཉིན་ཚེས་༢༣ ཉིན་དཀར་མཛེས་རྫོང་གི་དཔོན་རིགས་དང་ཉེན་རྟོག་པས་གོང་གསལ་བེ་རི་མན་ཉེ་མདའ་གྲོང་ཚོའི་མི་མང་བསྡུ་བསྐོང་བྱས་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱེད་མི་སུ་ཡིན་རུང་འཛིན་བཟུང་བྱས་ཡོད་པ་དང༌། སླད་ཕྱིན་ནས་ཀྱང་རྒྱལ་ཁབ་ལ་ངོ་རྒོལ་བྱེད་མཁན་བྱུང་ན་སྲིད་གཞུང་གི་བཀའ་དགོངས་བཞིན་གཅིག་རྗེས་གཉིས་གསོད་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག ཚེས་༢༤ ཉིན་བེ་རི་དགོན་གྱི་ཕྱག་མཛོད་ག་ཕྲུག་རྡོ་རྗེ་དང་གྲྭ་དབང་ཕྱུག་རྡོ་རྗེ་རྣམ་གཉིས་དེ་སྔོན་དགོན་པར་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་ངོ་རྒོལ་བ་གཙོ་བོའི་གྲས་སུ་ཡོད་པ་དང༌། ཟམ་ཆེན་མེར་སྲེག་བཏང་བའི་ཉེས་མིང་འོག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག་པ་མ་ཟད་ཉིན་དེར་བེ་རིའི་གྲྭ་བཀྲ་ཤིས་དངོས་གྲུབ་དང་སྐལ་བཟང་ཡེ་ཤེས་གཉིས་ཀྱང་དེ་སྔོན་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས་ངོ་རྒོལ་བ་གཙོ་བོའི་གྲས་སུ་ཡོད་པ་དང༌། ཁོང་གཉིས་ཀྱིས་དགོན་པའི་ཕྱོགས་གང་སར་བོད་རང་བཙན་གྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང༌། ལྕགས་རིའི་ངོས་སུ་བོད་རང་བཙན་ཞེས་ཡི་གེ་ཆེན་པོ་བྲིས་པའི་ཉེས་མིང་འོག་ཁོང་གཉིས་ཀྱང་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་འདུག།
བྱེས་འབྱོར་བེ་རིདགོན་གྱི་གྲྭ་ཐུན་མོང་ནས་གནས་ཚུལ་འདི་མཁོ་སྤྲོད་བྱས།

སྐྱེ་རྒུ་དང་ནང་ཆེན་རྫོང་དུ་ཞི་རྒོལ་དང་འཛིན་བཟུང༌།

    ཕྱི་ཟླ་༦ པའི་ཟླ་སྨད་ཙམ་ལ་སྔོན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་ཁམས་སྐྱེ་རྒུ་མདོར་མི་སྐྱ་ཞིག་གིས་བོད་དོན་ཆེད་ངོ་རྒོལ་སྐད་འབོད་དང་ཡིག་ཆ་སྦྱར་འགྲེམས་བྱེད་སྐབས་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག་པ་དང༌། ཡང་དེའི་ཕྱི་ཉིན་དགེ་འདུན་པ་གཉིས་ཀྱིས་ངོ་རྒོལ་སྐད་འབོད་དང་ཡིག་ཆ་སྦྱར་འགྲེམས་བྱས་པར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
    ཁོང་རྣམས་ཀྱི་སྐད་འབོད་དང་འགྲེམས་སྤེལ་བྱས་པའི་ཡིག་ཆའི་ནང་དོན་ནི། བོད་ལ་ཆོས་དད་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་རང་དབང་གཏན་ནས་མེད་པ་དང༌། དེ་བཞིན་ད་ལྟའི་ཆར་བོད་ནང་དུ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་དེ་དག་མཚམས་འཇོག་དགོས་པ། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་གཏོང་བཞིན་པ་དེ་དག་མཚམས་འཇོག་དགོས་པ། མི་ལོ་ལྔ་བཅུ་མ་ཟིན་ཙམ་གྱི་རིང་བོད་ལ་མནར་གཅོད་དང་རྡུང་རྡེག་ཚད་མེད་བཏང་ཡོད་པས་བོད་མི་རིགས་ལ་རང་དབང་སྤྲོད་དགོས་པ་སོགས་འཁོད་ཡོད་འདུག
ཡང་ཕྱི་ཟླ་༦ ཚེས་༡༨ ཉིན་སྟེ། ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་ཡུལ་ཤུལ་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་བོད་མི་མང་པོ་ཞིག་འདུ་འཛོམས་ཀྱིས་སྔ་དྲོ་བསང་གསོལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་རྒྱ་ཆེ་སྤེལ་ཡོད་འདུག་པ་དང༌། དེ་མཚམས་ཞི་རྒོལ་རྔམ་སྟོན་བྱ་འཆར་ལ་རྒྱ་གཞུང་གིས་བཀག་འགོག་བྱས་ཏེ་དེ་ཉིན་ཟ་ངེ་ཟིང་ངེ་མང་པོ་ཞིག་བྱུང་ཡོད་འདུག་ཀྱང་བོད་མི་འཛིན་བཟུང་བྱས་མིན་སོགས་གསལ་རྟོགས་གང་ཡང་མི་འདུག ཡང་དེའི་དགོང་མོ་ནང་ཆེན་རྫོང་སྲིད་གཞུང་གི་ཁང་པ་འགའི་ཐོག་ནས་རྒྱ་མིའི་དར་ཆ་གསུམ་མར་ཕབ་སྟེ་དེའི་ཚབ་ཏུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་འདུག་པ་དང༌། དེའི་ཕྱི་ཉིན་ནས་རྫོང་ཐོག་ཏུ་བོད་མི་ཚོས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་གྱི་ཀི་སྒྲ་སྒྲོག་པ་དང་སྐད་ཅོར་འདྲ་མིན་རྒྱག་པ་སོགས་བྱས་ཡོད་འདུག་པ་མ་ཟད། ནང་ཆེན་རྫོང་ཐོག་གི་ས་ཆ་གང་སར་བོད་རང་བཙན་གྱི་ཡིག་ཆ་མང་པོ་སྦྱར་འགྲེམས་བྱེད་བཞིན་ཡོད་འདུག་པས་དེ་དག་གི་བྱེད་གཏེ་སུ་ཡིན་མིན་རྩད་གཅོད་དང་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ལས་མི་བྱེ་བྲག་པ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་གང་ཡང་མི་འདུག ལས་འགུལ་དེ་དག་ལ་བརྟེན་ནང་ཆེན་རྫོང་ཐོག་ཏུ་ཡོད་པའི་གྲྭ་བཙུན་གྱི་སློབ་གཉེར་བྱེད་ས་སོགས་བོད་པའི་སྒེར་གཉེར་སློབ་གྲྭ་ཁག་ཅིག་ཀྱང་སྒོ་བརྒྱབ་ཡོད་འདུག།

རྒྱབ་སྐྱོར་མེད་པ་བཞི་ཟེར་བའི་གནས་ཚུལ་ཞིག་བཤད་ཡོང་གི་འདུག

    བོད་རྒྱའི་བར་གྱི་འབྲེལ་མོལ་ཐེངས་བདུན་པ་གྲུབ་ནས་ཟླ་འདིའི་ཚེས་༥ ཉིན་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་གནང་ཡོད་པ་དང༌། ཐེངས་འདིར་རྒྱལ་སྤྱིའི་དབུ་ཁྲིད་མང་པོ་དང༌། བོད་དོན་ཐོག་དོ་སྣང་བྱེད་མཁན་མང་པོས་རྒྱ་ནག་གཞུང་གིས་སྔར་ལྷག་རྣམ་འགྱུར་བཟང་པོ་ཞིག་སྟོན་རྒྱུ་རེད་བསམ་པའི་བསམ་ཚུལ་ཡོངས་གྲགས་སུ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ད་དུང་ཡང་བོད་དོན་དཀའ་ངལ་སེལ་རྒྱུའི་ཐོག་མདུན་བསྐྱོད་མ་བྱས་པར་སྔར་རྗེས་གཞིར་བཟུང་བྱས་པའི་ལངས་ཕྱོགས་དེའི་ཐོག་ལ་ང་ཚོ་བློ་ཁ་མ་ཚིམས་པའི་རྒྱུ་མཚན་གཙོ་བོ་བཤད་ཀྱི་ཡོད་པ་རེད་ཅེས་དང༌། ཕྱི་ཟླ་༡༠ པའི་ནང་ཕྱོགས་གཉིས་ཀས་མོས་མཐུན་གྱི་ཐོག་ནས་ཐུག་འཕྲད་བྱེད་རྒྱུ་བྱས་ཡོད་པ་རེད་ཅེས་རྒྱ་རི་རིན་པོ་ཆེ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
    ཁོང་གིས་མུ་མཐུད་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་དོན། ང་ཚོ་དེ་རིང་དམིགས་བསལ་གྱིས་བློ་ཁ་མ་ཚིམས་པའི་རྣམ་པ་ག་འདྲ་ཆགས་པ་རེད་ཟེར་ན། བར་སྐབས་བོད་ས་སྟོད་སྨད་གང་སར་ཕྱི་ཟླ་༣ པ་ནས་འགོ་བཙུགས་ཏེ་གནས་ཚུལ་ག་རེ་བྱུང་བ་དེ་རྣམ་པ་ཚོས་མཁྱེན་མཁྱེན་པ་རེད། རྒྱ་ནག་དབུས་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་དཀའ་ངལ་དེ་སེལ་བའི་ཐབས་ཤེས་ཤིག་གནང་འདོད་ཡོད་ན། དེ་རིང་གོ་སྐབས་ཤིག་རེད། ལྷག་པར་བོད་ནང་དུ་གནས་ཚུལ་ཡོད་པ་མ་རེད། བོད་ཀྱི་དཀའ་ངལ་ཡོད་པ་མ་རེད་ཟེར་བ་རྩ་བ་ནས་བཤད་ས་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོས་ཆེད་མངགས་ཀྱིས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནས་ཚུལ་བཟོས་བཞག་པ་མ་རེད་མོད། རྒྱ་ནག་གཞུང་གིས་ལོ་ལྔ་བཅུའི་རིང་ལ་བྱེད་སྟངས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཕྱི་ཟླ་༥ ཚེས་༤ ལ་སྐལ་བཟང་རྒྱལ་མཚན་ལགས་ངེད་གཉིས་ཁོང་ཚོར་ཐུག་འཕྲད་སྐབས་བསམ་ཚུལ་ཁག་ཅིག་བཏོན་ཡོད་པ་རེད། དེ་ཚོ་གཞིར་བཞག་ནས། རྒྱལ་སྤྱིའི་དབུ་ཁྲིད་མང་པོ། བོད་དོན་ཐོག་དོ་སྣང་བྱེད་མཁན་མང་པོས་རྒྱ་ནག་གཞུང་གིས་སྔར་ལྷག་རྣམ་འགྱུར་བཟང་པོ་ཞིག་སྟོན་རྒྱུ་རེད་བསམ་པའི་བསམ་ཚུལ་ཡོངས་གྲགས་ཡོད་པ་རེད། ཡིན་ནའང་ད་དུང་ཡང་བོད་དོན་དཀའ་ངལ་སེལ་རྒྱུའི་ཐོག་མདུན་བསྐྱོད་མ་བྱས་པར་སྔར་རྗེས་གཞིར་བཟུང་བྱས་པའི་ལངས་ཕྱོགས་དེའི་ཐོག་ལ་ང་ཚོ་བློ་ཁ་མ་ཚིམས་པའི་རྒྱུ་མཚན་གཙོ་བོ་བཤད་ཀྱི་ཡོད་པ་རེད།
    བོད་གཞུང་གི་ངོས་ནས་འབྲེལ་མོལ་ཐེངས་བདུན་པ་དེ་གལ་གནད་ཆེན་པོར་བརྩིས་ཡོད་པ་རེད། སྤྱིར་བཏང་རྒྱལ་སྤྱིའི་ནང་ནས་དབུ་ཁྲིད་མང་པོས་དེའི་ཐོག་ལ་རེ་བ་ཆེན་པོ་གནང་གི་ཡོད་པ་རེད་ལ། འབད་བརྩོན་ཡང་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་གོ་ཤེས་ཉན་ཤེས་ཀྱིས་ཡ་རབས་བཟང་སྤྱོད་ཀྱི་རྣམ་པ་ཞིག་སྟོན་འདོད་ཡོད་ན། ད་རེས་གོང་ཞིག་རག་གི་རེད། གོ་སྐབས་བཟུང་ནས་མདུན་ལ་གོམ་པ་རྒྱག་མི་ཡོང་ངམ་བསམ་པ་རེད་མོད། དེའི་གོ་སྐབས་དེ་ཁོ་རང་ཚོས་ལེན་ཐུབ་མ་སོང༌། ཕྱི་ཟླ་༡༠ པའི་ནང་ཐུག་པའི་སྐབས་ག་རེ་གསལ་བོ་ཆགས་ཀྱི་རེད་ཟེར་ན། རྒྱལ་སྤྱིའི་རྩེད་འགྲན་དེ་ཚར་འགྲོ་ཡི་རེད། ཁ་ཤས་ཀྱིས་ད་ཐེངས་ཀྱི་འབྲེལ་མོལ་ཡང་དག་པ་མ་རེད། རྩེད་མོའི་འགྲན་སྡུར་ལ་རྙོག་གྲ་མ་ཡོང་པའི་ཆེད་དུ་རེད་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་ན་འབྲེལ་མོལ་ཐེངས་བརྒྱད་པ་དེ་ཐེངས་བདུན་པ་ལས་གྲུབ་འབྲས་མ་ཐོན་པ་ཆགས་ཀྱི་རེད་བསམ་གྱི་འདུག ངེད་གཉིས་ཀྱིས་ཁོང་ཚོར་ད་ལྟའི་འབྲེལ་བ་འདི་ཆོ་གང་ཡང་མི་འདུག ད་ལྟ་ནང་བཞིན་ལས་གྲུབ་འབྲས་མེད་ན་དུས་ཚོད་འཕྲོ་བརླག་རེད་ཐེངས་མང་པོར་ལབ་པ་ཡིན། རྩེད་མོའི་འགྲན་སྡུར་ཁོ་ནའི་ཆེད་དུ་ཡིན་ན། སྐབས་དེར་རྣམ་འགྱུར་ད་ལྟ་ལས་མཁྲེགས་པ་དང་མ་འོས་པ་ཞིག་ཆགས་ཀྱི་རེད། མ་འོངས་པར་འབྲེལ་བ་མུ་མཐུད་ཉར་དང་མི་ཉར་དེ་སྐུ་ཚབ་གཉིས་ཀྱི་དབང་ཚད་མ་རེད་མོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་འབྲེལ་བ་ཐེངས་མ་བདུན་བརྒྱད་བྱས་ནས་གྲུབ་འབྲས་གང་ཡང་མ་བྱུང་ན། རྩ་བའི་ྋརྒྱལ་བ་རིན་པོའི་ཆེའི་ལངས་ཕྱོགས་ལ་འགྱུར་བ་ག་དུས་ཡིན་ན་གནང་གི་མ་རེད་མོད། ལམ་དེའི་ཐོག་ལ་མུ་མཐུད་ནས་འགྲོ་དགོས་དང་མི་དགོས་ཡང་བསྐྱར་དགོངས་པ་བཞེས་དགོས་པའི་གནས་ཚུལ་ཞིག་ཆགས་སྲིད་ཀྱི་རེད།
    ྋགོང་ས་མཆོག་ལ་རྒྱ་ནག་གི་ངོས་ནས་སྐྱོན་བརྗོད་ཞུས་པའི་ནང་མཚམས་འཇོག་གསུམ་ཟེར་བ་དེ་ཁུངས་འཁྱོལ་གྱི་མ་རེད། ད་ལྟ་ལབ་ཀྱི་ཡང་མ་རེད། རྒྱབ་སྐྱོར་མེད་པ་བཞི་ཟེར་བའི་གནས་ཚུལ་ཞིག་ཡང་བཤད་ཡོང་གི་འདུག འཚེ་བ་དང༌། དྲག་སྤྱོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡོད་པ་མ་རེད་ཟེར་གྱི་འདུག དེའི་སྐོར་ལ་ལན་འདེབས་གསལ་པོ་བྱས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དྲག་ལས་དང༌། འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ་བཤད་ཡོང་གི་འདུག དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ལྟ་བ་དང༌། ྋརྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་ལྟ་བ་གཅིག་གྱུར་མ་རེད། ལངས་ཕྱོགས་མ་མཐུན་པ་རེད། ཡིན་ནའང་གཞོན་ནུ་འཇིགས་སྐུལ་དྲག་ལས་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པར་ངོས་ལེན་རྩ་བ་ནས་མེད་ཅེས་ལན་འདེབས་གསལ་པོ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་སོང༌།
    སྐབས་འདིར་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཅིག་ལྕོགས་ཏུའུ་ཆི་ལིན་དང༌། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་དང༌། བློན་ཆེན་གཞོན་པ་བོད་རིགས་སྲི་ཐར་བཅས་ལ་པེ་ཅིང་དུ་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་པ་དང༌། དེ་བཞིན་རྒྱ་ནག་ནང་གི་བོད་རིགས་གནད་ཡོད་མི་སྣ་དང༌། མཁས་དབང༌། མཐོ་སློབ་ཁག་ལའང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་དགོས་པའི་རེ་འདུན་བཏོན་ཡོད་པ་ལྟར། སྔོན་མ་ཁ་ཤས་ལ་ཐུག་བཅུག་ཡོད་པ་རེད། བར་ལམ་ཞིག་ནས་གོ་སྐབས་དེ་མ་སྤྲད་ནའང༌། ད་ཐེངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ལྷག་པ་ཕུན་ཚོགས་སོགས་ལ་ཐུག་ཐུབ་ཡོད་པ་དང༌། སྐུ་ཚབ་རྣམ་གཉིས་ཀྱིས་བོད་ཀྱི་བདག་དབང་གི་སྐོར་དང༌། ལོ་རྒྱུས་ལ་དྲང་བདེན་དགོས་སྐོར་སོགས་ཀྱི་ཐོག་བཀའ་མོལ་གནང་བ་མ་ཟད། ལས་དོན་བྱེད་ཕྱོགས་ཁ་ཤས་ཀྱི་ཐོག་ལ་བོད་རིགས་ཚོར་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།།      

ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི།

    ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ནི་ལོ་ལྟར་བོད་གཞུང་མང་གཉིས་ཀྱིས་དགའ་སྤྲོ་ངང་གཞུང་འབྲེལ་མཛད་སྒོ་འཚོགས་པ་དང༌། མི་མང་དང་སློབ་གྲྭ་ཁག་གིས་གཞས་སྣ་འཁྲབ་སྟོན་སོགས་བྱས་ནས་རྣམ་པ་འདྲ་མིན་གྱི་སྒོ་ནས་སྲུང་བརྩི་བྱེད་ཀྱི་ཡོད་ནའང༌། ད་ལོ་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ནང་རྒྱ་གཞུང་ལ་ཞི་རྒོལ་བྱས་ནས་བོད་རིགས་ཧ་ཅང་མང་པོའི་ཚེ་སྲོག་རྒྱའི་དྲག་གནོན་འོག་ནས་ཤོར་ཡོད་པ་མ་ཟད། ད་ལྟའང་གང་མང་བཙོན་འཇུག་བྱས་ཡོད་པ་སོགས་ལ་བརྟེན། སྐུའི་འཁྲུངས་སྐར་ཉིན་སྟེ་ཟླ་འདིའི་ཚེ་༦ ཞོགས་པ་བསང་གསོལ་དང༌། ྋགོང་ས་མཆོག་གི་སྐུ་ཕྱྭ་དང༌། བསྟན་སྲིད་བདེ་སླད་ཞབས་རིམ་སྨོན་ལམ་ཁག་གསུངས་རྗེས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གཞུང་འབྲེལ་མཛད་སྒོ་སྟབས་བདེ་ཞིག་འཚོགས་ཡོད་པ་རེད།
    ཉིན་དེའི་མཛད་སྒོའི་ཐོག་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་སེར་སྐྱ་མང་ཚོགས་འདུ་འཛོམས་བྱུང་ཡོད་པ་དང༌། གཞུང་ཞབས་ཁོངས་ནས་ཞབས་ལོ་༢༥ འཁོར་བའི་གཞུང་ཞབས་རྣམས་དང༌། ལས་དོན་གཟེངས་ཐོན་རྣམས་ལ་གཟེངས་རྟགས་བསྩལ་ཡོད་པ་རེད། རྒྱ་གར་ཨམར་ཨུཇའལ་ཞེས་པའི་ཧིན་དིའི་གསར་ཤོག་ཁང་ནས་གོ་སྒྲིག་ཐོག་རྒྱ་གར་ས་གནས་སློབ་ཕྲུག་རྣམས་ནས་ྋགོང་ས་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་ཞུའི་ཤིས་ཤོག་ཁག་དཔལ་ལྡན་བཀའ་བློན་ཁྲི་པ་བརྒྱུད་ནས་ཕུལ་བ་དང༌། རྒྱ་གར་ཧི་མ་ལ་ཡའི་མི་མང་གི་སྐུ་ཚབ་མཚོ་སྣ་རིན་པོ་ཆེས་རྒྱ་གར་གཞུང་དང་མི་མང་གིས་བོད་དོན་རྒྱབ་སྐྱོར་དགོས་སྐོར་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གནང་བ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་ནས་མཛད་སྒོ་གྲོལ་ཡོད་ཅིང༌། བཞུགས་སྒར་ས་གནས་འགོ་འཛིན་ལས་ཁང་ནས་གོ་སྒྲིག་ལྟར་སྡེ་ཁག་ཆ་བགོས་སོ་སོ་ནས་ཤིང་སྣ་འདེབས་འཛུགས་བྱས་ཡོད་པ་རེད།
    ཟླ་འདིའི་ཚེས་༥ དགོང་མོར་ཧི་མ་ལ་ཡི་རི་རྒྱུད་ཀྱི་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་རྣམས་དྷ་སར་ཕེབས་ནས་བོད་དོན་ཆེད་མར་མེའི་ཁྲོམ་སྐོར་དང་མི་མང་ལ་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བ་སོགས་བྱས་ཡོད་པ་རེད།།

དཀར་མཛེས་རྫོང་ཐོག་ཏུ་ངོ་རྒོལ།

རྒྱབ་སྐྱོར་མེད་པ་བཞི་ཟེར་བའི་གནས་ཚུལ་ཞིག་བཤད་ཡོང་གི་འདུག    བོད་རྒྱའི་བར་གྱི་འབྲེལ་མོལ་ཐེངས་བདུན་པ་གྲུབ་ནས་ཟླ་འདིའི་ཚེས་༥ ཉིན་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་མཆོག་རྣམ་གཉིས་ཀྱིས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གསར་འགོད་གསལ་བསྒྲགས་གནང་ཡོད་པ་དང༌། ཐེངས་འདིར་རྒྱལ་སྤྱིའི་དབུ་ཁྲིད་མང་པོ་དང༌། བོད་དོན་ཐོག་དོ་སྣང་བྱེད་མཁན་མང་པོས་རྒྱ་ནག་གཞུང་གིས་སྔར་ལྷག་རྣམ་འགྱུར་བཟང་པོ་ཞིག་སྟོན་རྒྱུ་རེད་བསམ་པའི་བསམ་ཚུལ་ཡོངས་གྲགས་སུ་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ད་དུང་ཡང་བོད་དོན་དཀའ་ངལ་སེལ་རྒྱུའི་ཐོག་མདུན་བསྐྱོད་མ་བྱས་པར་སྔར་རྗེས་གཞིར་བཟུང་བྱས་པའི་ལངས་ཕྱོགས་དེའི་ཐོག་ལ་ང་ཚོ་བློ་ཁ་མ་ཚིམས་པའི་རྒྱུ་མཚན་གཙོ་བོ་བཤད་ཀྱི་ཡོད་པ་རེད་ཅེས་དང༌། ཕྱི་ཟླ་༡༠ པའི་ནང་ཕྱོགས་གཉིས་ཀས་མོས་མཐུན་གྱི་ཐོག་ནས་ཐུག་འཕྲད་བྱེད་རྒྱུ་བྱས་ཡོད་པ་རེད་ཅེས་རྒྱ་རི་རིན་པོ་ཆེ་མཆོག་གིས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།
    ཁོང་གིས་མུ་མཐུད་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་གནང་དོན། ང་ཚོ་དེ་རིང་དམིགས་བསལ་གྱིས་བློ་ཁ་མ་ཚིམས་པའི་རྣམ་པ་ག་འདྲ་ཆགས་པ་རེད་ཟེར་ན། བར་སྐབས་བོད་ས་སྟོད་སྨད་གང་སར་ཕྱི་ཟླ་༣ པ་ནས་འགོ་བཙུགས་ཏེ་གནས་ཚུལ་ག་རེ་བྱུང་བ་དེ་རྣམ་པ་ཚོས་མཁྱེན་མཁྱེན་པ་རེད། རྒྱ་ནག་དབུས་གཞུང་གི་དཔོན་རིགས་ཚོས་བོད་ཀྱི་དཀའ་ངལ་དེ་སེལ་བའི་ཐབས་ཤེས་ཤིག་གནང་འདོད་ཡོད་ན། དེ་རིང་གོ་སྐབས་ཤིག་རེད། ལྷག་པར་བོད་ནང་དུ་གནས་ཚུལ་ཡོད་པ་མ་རེད། བོད་ཀྱི་དཀའ་ངལ་ཡོད་པ་མ་རེད་ཟེར་བ་རྩ་བ་ནས་བཤད་ས་མེད་པ་ཞིག་ཆགས་བསྡད་ཡོད་པ་རེད། ང་ཚོས་ཆེད་མངགས་ཀྱིས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནས་ཚུལ་བཟོས་བཞག་པ་མ་རེད་མོད། རྒྱ་ནག་གཞུང་གིས་ལོ་ལྔ་བཅུའི་རིང་ལ་བྱེད་སྟངས་ཀྱི་ཐོག་ནས་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་གལ་གནད་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད། ཕྱི་ཟླ་༥ ཚེས་༤ ལ་སྐལ་བཟང་རྒྱལ་མཚན་ལགས་ངེད་གཉིས་ཁོང་ཚོར་ཐུག་འཕྲད་སྐབས་བསམ་ཚུལ་ཁག་ཅིག་བཏོན་ཡོད་པ་རེད། དེ་ཚོ་གཞིར་བཞག་ནས། རྒྱལ་སྤྱིའི་དབུ་ཁྲིད་མང་པོ། བོད་དོན་ཐོག་དོ་སྣང་བྱེད་མཁན་མང་པོས་རྒྱ་ནག་གཞུང་གིས་སྔར་ལྷག་རྣམ་འགྱུར་བཟང་པོ་ཞིག་སྟོན་རྒྱུ་རེད་བསམ་པའི་བསམ་ཚུལ་ཡོངས་གྲགས་ཡོད་པ་རེད། ཡིན་ནའང་ད་དུང་ཡང་བོད་དོན་དཀའ་ངལ་སེལ་རྒྱུའི་ཐོག་མདུན་བསྐྱོད་མ་བྱས་པར་སྔར་རྗེས་གཞིར་བཟུང་བྱས་པའི་ལངས་ཕྱོགས་དེའི་ཐོག་ལ་ང་ཚོ་བློ་ཁ་མ་ཚིམས་པའི་རྒྱུ་མཚན་གཙོ་བོ་བཤད་ཀྱི་ཡོད་པ་རེད།
    བོད་གཞུང་གི་ངོས་ནས་འབྲེལ་མོལ་ཐེངས་བདུན་པ་དེ་གལ་གནད་ཆེན་པོར་བརྩིས་ཡོད་པ་རེད། སྤྱིར་བཏང་རྒྱལ་སྤྱིའི་ནང་ནས་དབུ་ཁྲིད་མང་པོས་དེའི་ཐོག་ལ་རེ་བ་ཆེན་པོ་གནང་གི་ཡོད་པ་རེད་ལ། འབད་བརྩོན་ཡང་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་གོ་ཤེས་ཉན་ཤེས་ཀྱིས་ཡ་རབས་བཟང་སྤྱོད་ཀྱི་རྣམ་པ་ཞིག་སྟོན་འདོད་ཡོད་ན། ད་རེས་གོང་ཞིག་རག་གི་རེད། གོ་སྐབས་བཟུང་ནས་མདུན་ལ་གོམ་པ་རྒྱག་མི་ཡོང་ངམ་བསམ་པ་རེད་མོད། དེའི་གོ་སྐབས་དེ་ཁོ་རང་ཚོས་ལེན་ཐུབ་མ་སོང༌། ཕྱི་ཟླ་༡༠ པའི་ནང་ཐུག་པའི་སྐབས་ག་རེ་གསལ་བོ་ཆགས་ཀྱི་རེད་ཟེར་ན། རྒྱལ་སྤྱིའི་རྩེད་འགྲན་དེ་ཚར་འགྲོ་ཡི་རེད། ཁ་ཤས་ཀྱིས་ད་ཐེངས་ཀྱི་འབྲེལ་མོལ་ཡང་དག་པ་མ་རེད། རྩེད་མོའི་འགྲན་སྡུར་ལ་རྙོག་གྲ་མ་ཡོང་པའི་ཆེད་དུ་རེད་ཟེར་གྱི་ཡོད་པ་རེད། དེ་འདྲ་ཡིན་ན་འབྲེལ་མོལ་ཐེངས་བརྒྱད་པ་དེ་ཐེངས་བདུན་པ་ལས་གྲུབ་འབྲས་མ་ཐོན་པ་ཆགས་ཀྱི་རེད་བསམ་གྱི་འདུག ངེད་གཉིས་ཀྱིས་ཁོང་ཚོར་ད་ལྟའི་འབྲེལ་བ་འདི་ཆོ་གང་ཡང་མི་འདུག ད་ལྟ་ནང་བཞིན་ལས་གྲུབ་འབྲས་མེད་ན་དུས་ཚོད་འཕྲོ་བརླག་རེད་ཐེངས་མང་པོར་ལབ་པ་ཡིན། རྩེད་མོའི་འགྲན་སྡུར་ཁོ་ནའི་ཆེད་དུ་ཡིན་ན། སྐབས་དེར་རྣམ་འགྱུར་ད་ལྟ་ལས་མཁྲེགས་པ་དང་མ་འོས་པ་ཞིག་ཆགས་ཀྱི་རེད། མ་འོངས་པར་འབྲེལ་བ་མུ་མཐུད་ཉར་དང་མི་ཉར་དེ་སྐུ་ཚབ་གཉིས་ཀྱི་དབང་ཚད་མ་རེད་མོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་འབྲེལ་བ་ཐེངས་མ་བདུན་བརྒྱད་བྱས་ནས་གྲུབ་འབྲས་གང་ཡང་མ་བྱུང་ན། རྩ་བའི་ྋརྒྱལ་བ་རིན་པོའི་ཆེའི་ལངས་ཕྱོགས་ལ་འགྱུར་བ་ག་དུས་ཡིན་ན་གནང་གི་མ་རེད་མོད། ལམ་དེའི་ཐོག་ལ་མུ་མཐུད་ནས་འགྲོ་དགོས་དང་མི་དགོས་ཡང་བསྐྱར་དགོངས་པ་བཞེས་དགོས་པའི་གནས་ཚུལ་ཞིག་ཆགས་སྲིད་ཀྱི་རེད།
    ྋགོང་ས་མཆོག་ལ་རྒྱ་ནག་གི་ངོས་ནས་སྐྱོན་བརྗོད་ཞུས་པའི་ནང་མཚམས་འཇོག་གསུམ་ཟེར་བ་དེ་ཁུངས་འཁྱོལ་གྱི་མ་རེད། ད་ལྟ་ལབ་ཀྱི་ཡང་མ་རེད། རྒྱབ་སྐྱོར་མེད་པ་བཞི་ཟེར་བའི་གནས་ཚུལ་ཞིག་ཡང་བཤད་ཡོང་གི་འདུག འཚེ་བ་དང༌། དྲག་སྤྱོད་ལ་རྒྱབ་སྐྱོར་གནང་རྒྱུ་ཡོད་པ་མ་རེད་ཟེར་གྱི་འདུག དེའི་སྐོར་ལ་ལན་འདེབས་གསལ་པོ་བྱས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དྲག་ལས་དང༌། འཇིགས་སྐུལ་རིང་ལུགས་པ་ཡིན་ཚུལ་བཤད་ཡོང་གི་འདུག དེའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་ལྟ་བ་དང༌། ྋརྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་ལྟ་བ་གཅིག་གྱུར་མ་རེད། ལངས་ཕྱོགས་མ་མཐུན་པ་རེད། ཡིན་ནའང་གཞོན་ནུ་འཇིགས་སྐུལ་དྲག་ལས་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པར་ངོས་ལེན་རྩ་བ་ནས་མེད་ཅེས་ལན་འདེབས་གསལ་པོ་བྱས་ཡོད་སྐོར་འགྲེལ་བརྗོད་གནང་སོང༌།
    སྐབས་འདིར་ྋགོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་གཙོ་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཅིག་ལྕོགས་ཏུའུ་ཆི་ལིན་དང༌། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱུན་ལས་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་དང༌། བློན་ཆེན་གཞོན་པ་བོད་རིགས་སྲི་ཐར་བཅས་ལ་པེ་ཅིང་དུ་ཐུག་འཕྲད་ཀྱིས་བཀའ་མོལ་གནང་ཡོད་པ་དང༌། དེ་བཞིན་རྒྱ་ནག་ནང་གི་བོད་རིགས་གནད་ཡོད་མི་སྣ་དང༌། མཁས་དབང༌། མཐོ་སློབ་ཁག་ལའང་བསམ་ཚུལ་བརྗེ་ལེན་བྱེད་རྒྱུའི་གོ་སྐབས་དགོས་པའི་རེ་འདུན་བཏོན་ཡོད་པ་ལྟར། སྔོན་མ་ཁ་ཤས་ལ་ཐུག་བཅུག་ཡོད་པ་རེད། བར་ལམ་ཞིག་ནས་གོ་སྐབས་དེ་མ་སྤྲད་ནའང༌། ད་ཐེངས་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་ལྷག་པ་ཕུན་ཚོགས་སོགས་ལ་ཐུག་ཐུབ་ཡོད་པ་དང༌། སྐུ་ཚབ་རྣམ་གཉིས་ཀྱིས་བོད་ཀྱི་བདག་དབང་གི་སྐོར་དང༌། ལོ་རྒྱུས་ལ་དྲང་བདེན་དགོས་སྐོར་སོགས་ཀྱི་ཐོག་བཀའ་མོལ་གནང་བ་མ་ཟད། ལས་དོན་བྱེད་ཕྱོགས་ཁ་ཤས་ཀྱི་ཐོག་ལ་བོད་རིགས་ཚོར་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།།    
 
ཁམས་ལི་ཐང་དུ་དམ་དྲག་བྱེད་བཞིན་པ།

    འབྲས་སྒོ་མང་ཨ་ཀྲུག་ཚེ་བརྟན་གྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མདོ་ཁམས་ལི་ཐང་རྫོང་དུ་ཡང་དམིགས་བསལ་དམ་དྲག་དང༌། དབྱར་སྐྱིད་རྟ་རྒྱུག་དུས་སྟོན་ཚོགས་མི་ཆོག་པའི་གནས་ཚུལ་ཐོན་ཡོད་འདུག ཕྱི་ཟླ་༧ ཚེས་༥ སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཡི་འཁྲུངས་སྐར་དུས་ཆེན་གྱི་སྔ་ཉིན་ཕྱི་དྲོ་ལི་ཐང་རྫོང་ཕྱོགས་སུ་རྒྱ་གཞུང་ནས་དམག་མི་མང་དུ་བཏང་སྟེ་ཕྱི་ཚེས་༥ ཡི་དགོང་མོ་ཆུ་ཚོད་༨།༠༠ པ་ནས་བཟུང་ཉིན་གསུམ་རིང་མི་མང་རྣམས་ཁྲོམ་གཞུང་དང་ས་གནས་ཕར་ཚུར་བསྐྱོད་མི་ཆོག་པར་རང་སར་སྡོད་དགོས་པ་ལས་གང་བྱུང་ཕྱི་ལོགས་སུ་ཐོན་ན་མེ་མདའ་བརྒྱག་རྒྱུ་ཡིན་སྐོར་བཤད་ནས་དམིགས་བསལ་དམ་དྲག་བྱས་ཡོད་འདུག་པ་དང༌། ཉེ་འགྲམ་ཉག་ཆུ་རྫོང་དང༌། འབའ་བ་རྫོང༌། ཉག་རོང་རྫོང་སོགས་ཀྱི་མི་སུ་ཡང་ཉིན་ཤས་རིང་ལི་ཐང་ཕྱོགས་སུ་འགྲོ་མི་ཆོག་སྐོར་བཤད་ཡོད་འདུག གཞན་ཡང་འཆར་ལོ་རེ་བཞིན་ལི་ཐང་ཕྱོགས་སུ་དབྱར་སྐྱིད་རྟ་རྒྱུག་དུས་སྟོན་ཞིག་ཚོགས་སྲོལ་ཡོད་པ་དེ་བཞིན་ད་ལོ་འཚོག་མི་ཆོག་པའི་བཀའ་ཕབ་ཡོད་འདུག་པ་དང༌། ན་ནིང་བརྒྱད་གཅིག་ཞི་རྒོལ་ནས་བཟུང་ལི་ཐང་ཕྱོགས་སུ་དམག་མི་འབོར་ཆེན་བཀྲམ་ཡོད་པ་དང་ད་ལོ་རིམ་བཞིན་ཁ་སྣོན་གྱིས་དམག་མི་ཤིན་ཏུ་མང་པོ་ཡོད་པ་རྣམས་མངོན་གསལ་དོད་པོ་མི་ཆོག་ཆེད་དམག་མི་མང་པོ་ཞིག་ལ་བོད་ཆས་གཡོག་ཡོད་པའི་གནས་ཚུལ་ཡང་ཡོད་འདུག ཁུལ་དེར་ད་ལོ་བོད་མི་རྣམས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་སྐབས་ལུང་ཚན་སོགས་ལ་དབྱེ་མཚམས་མེད་པ་བཟོས་ཡོད་འདུག་ཀྱང་རྒྱ་གཞུང་གིས་ས་མཚམས་དབྱེ་འབྱེད་བྱེད་མཁན་ཡིན་སྐོར་གྱི་དམག་མི་བཏང་ནས་བོད་མི་རྣམས་ཀྱི་ས་ནས་གླ་ཆ་བླངས་པ་སོགས་ཀྱི་བསུན་བཙེར་ཡང་བཟོས་ཡོད་འདུག་པ་དང༌། གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་འགྲེལ་བརྗོད་གནང་བ་ལྟར་ན་ད་ལྟའི་ཆར་ལི་ཐང་རྫོང་དུ་དམག་མི་ཁྲི་ལྔ་ཙམ་ཡོད་འདུག།

རེབ་གོང་མི་མང་གི་མྱ་ངན་གུས་འདུད།

    རེབ་གོང་ཞིང་འབྲོག་མི་མང་ལ་མཚོན་ན་ལོ་ཧྲིལ་བོ་གཅིག་ནང་སྤྲོ་གསེང་གི་དུས་ཚོད་གཉིས་ཡོད་ཅིང༌། དེ་ནི་དབྱར་ཟླ་དྲུག་པའི་སྤྲོ་གསེར་དང་ལོ་གསར་ཚེས་ཀྱི་དུས་སྟོན་གཉིས་ཡིན། དེ་ལ་རྒྱ་ཆེའི་ངལ་རྩོལ་མི་མང་གཙོས་ལས་རིགས་འདྲ་མིན་དུ་འཁོད་པའི་མི་སྣ་ཡོངས་དང༌། ལྷག་པར་བྱིས་པ་དག་གིས་དམིགས་བསལ་སེམས་ནས་རེ་སྒུག་བྱེད་སའི་དུས་བཟང་ཅིག་ཏུ་བརྩི་བ་ཡིན། ཡིན་ནའང་ད་ལོའི་བོད་ནང་གི་རྒྱལ་གཅེས་སྔོན་གཤེགས་དཔའ་བོ་དཔའ་མོ་རྣམས་ཀྱིས་མིའི་འགྲོ་བ་སྤྱི་དང༌། ཡང་སྒོས་བོད་གངས་ཅན་པའི་མདུན་ལྗོངས་ཆེད་ལོ་རྒྱུས་ནང་གསེར་ཡིག་འབྲི་འོས་པའི་ཞི་བའི་གདུང་དབྱངས་ཀྱི་ཞབས་རྗེས་རེ་རེའི་བཀའ་དྲིན་རྗེས་དྲན་ཆེད། སྤྲོ་གསེང་མཚམས་འཇོག་གིས་མྱ་ངན་གུས་འདུད་བྱེད་བཞིན་པ་རེད། ད་ལོའི་མྱ་ངན་ནི་ྋཀུན་གཟིགས་སྐུ་གོང་མ་ཞི་བར་མནལ་རྗེས་ཀྱི་མྱ་ངན་དང་གཅིག་མཚུངས་ཡིན་པས། རྒྱ་ནག་གཞུང་གིས་རེབ་གོང་དུ་དམིགས་བསལ་དམ་དྲག་གནང་བཞིན་པ་འདྲ། ཡུལ་མི་རྒྱུས་མྱོང་ཅན་དང༌། ལས་བྱེད་པ། སློབ་ཕྲུག་ཚོས་བཤད་ན། མྱ་ངན་འདི་ནི་བོད་རིགས་ཁོ་ནའི་ཆེད་དུ་མིན་ཞིང༌། འདིས་མི་སྡེ་སྤྱི་ཚོགས་ཡོངས་ལ་དཀའ་རྙོག་འཕར་མ་བཟོ་མཁན་རྣམས་པར་ཆེད་དུ་མྱ་ངན་གྱི་གུས་འདུད་བརྒྱུད་བཟང་ཕྱོགས་སུ་བསྒྱུར་རེ་དང༌། དམིགས་བསལ་ཉེ་ཆར་ཟི་ཁྲོན་ས་ཁུལ་དུ་ས་ཡོམ་བརྒྱབ་པས་རྐྱེན་འདས་བྱུང་བའི་རྒྱ་རིགས་རྣམས་ལའང་སྙིང་རྗེ་ཡིས་ཀུན་ནས་བསླངས་པའི་མྱ་ངན་དཀྱུས་གཅིག་བྱེད་བཞིན་ཡོད་ཟེར། འདི་ལས་ཁོང་ཚོས་བདེན་པ་མངོན་གསལ་ཏུ་འགྱུར་ངེས་པའི་སྤོབས་པ་བྱེད་ཀྱིན་འདུག བློ་བཟང་ཆོས་འབྱོར་གྱིས།

གསེར་རྟ་གནུབས་ཟུར་དགོན་དུ་དམ་དྲག་དང་གྲྭ་ཁང་གཏོར་བཤིགས་བྱས་པ།  

བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༦ ཚེས་༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ ཙམ་གྱི་ཐོག་གསེར་རྟ་གནུབས་ཟུར་དགོན་གྱི་གྲྭ་དབྱིངས་ཕྱུག་ལོ་༡༨ དང༌། དགེ་འཕེལ་ལོ་༡༩ ས་གཞི་ལོ་༢༡ བཅས་ཀྱིས་གསེར་རྟ་རྫོང་གི་སྲང་ལམ་གྱི་ཕྱོགས་གསུམ་ནས་བོད་ཀྱི་རྒྱལ་དར་ཕྱར་ནས། འཚེ་མེད་ཞི་བའི་འབོད་སྒྲ་སྐད་གསང་མཐོན་པོའི་ཐོག་ནས་བསྒྲགས་པ་མ་ཟད། རེ་འབོད་ཀྱི་ཡིག་ཆ་ཆིག་སྟོང་ལྷག་ཙམ་གཏོར་བ་རེད། ཆུ་ཚོད་༢།༢༠ ཙམ་གྱི་དུས་སུ་རྒྱ་དམག་གིས་ཕྱོགས་སོ་སོ་ནས་བསྐོར་ནས་ཁོང་གསུམ་འཛིན་བཟུང་དང་རྡུང་རྡེག་ཚབས་ཆེན་བྱེད་བཞིན་པའི་ཚེ་ཁོང་གསུམ་གྱིས་འབོད་ཚིག་སྔར་བཞིན་བསྒྲགས་པ་དང༌། གོ་ཐོས་ལྟར་ན་ཁོང་གསུམ་ལ་ཉེས་རྡུང་ཚད་མེད་བཏང་ནས་སྲོག་མ་ཤོར་ཙམ་དུ་གནས་ཡོད་པ་དང༌། ཕྱི་ཟླ་༦ ཚེས་༢༩ ཉིན་གྱི་ནངས་མོ་ཆུ་ཚོད་༤ ཙམ་གྱི་ཐོག་རྒྱ་དམག་སྟོང་ཕྲག་ཁ་ཤས་ཀྱིས་གནུབས་ཟུར་དགོན་ཕྱོགས་ཡོངས་ནས་བསྐོར་བ་མ་ཟད། དྲག་པོའི་དམག་མི་༥༠༠ ཙམ་དགོན་པའི་ནང་དུ་ཡོང་ནས་དྲག་ལས་ཀྱིས་གཏོར་བཤིག་བྱེད་འགོ་བརྩམས། ས་གཞི་དང་དབྱིངས་ཕྱུག་གཉིས་ཀྱི་གྲྭ་ཁང་གཏོར་བཤིག་བྱས་པ་མ་ཟད། དགེ་འཕེལ་གྱི་ཁང་པའི་ནང་གི་དངོས་རྫས་གང་མང་འཕྲོག་བཅོམ་བྱས་ནས་དཔེ་ཆ་རྣམས་ག་ས་གང་དུ་གཏོར་བ་དང༌། ཁྱོན་རྒྱ་སྒོར་ཁྲི་༢༠ ཙམ་གྱི་རིན་ཐང་གཏོར་བཤིག་བཏང་བ་དང་འཕྲོག་བཅོམ་བྱས་པའི་ཁྲོད་ནས་གྱོང་གུད་བཏང་ཡོད་པ་རེད། གྲྭ་ཁང་གཏོར་བཤིག་པའི་ཤིང་ཆ་རྣམས་ཀྱང་གསེར་རྟ་རྫོང་དུ་དབོར་འདྲེན་བྱས་ཡོད་འདུག་པ་དང༌། རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་པ་ལྟར་ན། གནུབས་ཟུར་དགོན་པའི་ཆོས་སྒོ་ངེས་པར་དུ་རྒྱག་རྒྱུ་ཡིན་པ་མ་ཟད། གྲྭ་པ་དེ་གསུམ་ལ་ཉེས་ཆད་ནན་པོ་གཏོང་རྒྱུ་ཡིན་ཚུལ་ཡང་བསྒྲགས་ཡོད་པ་དང་གསེར་རྟ་རྫོང་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
    གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་ཕྱི་ཟླ་༦ པའི་ཚེས་༢༩ ཉིན་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་དུ། ཕྱི་ཚེས་༢༨ ཀྱི་ཉིན་གུང་ཆུ་ཚོད་༢།༧ གྱི་སྟེང་གནུབས་ཟུར་དགོན་གྱི་གྲྭ་པ་གསུམ་གྱིས་གསེར་གྱི་རྟ་ཡོད་སར་གངས་སེང་གྱི་དར་ཆ་བསྒྲེངས་ཤིང༌། བསྒྲགས་ཡིག་གཏོར་བ། རང་བཙན་གྱི་ཁ་འབོད་བྱས་པར་སྲིད་གཞུང་ནས་ཐག་གཅོད་ནན་པོ་བྱེད་རྒྱུ་དང༌། ཁོང་གྲྭ་པ་གསུམ་རྒྱལ་ཁབ་ཁ་བྲལ་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཡིན་པས་ཁྲིམས་ལུགས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ། གནུབས་ཟུར་དགོན་དམངས་གཙོ་དོ་དམ་ཁང་གིས་གྲྭ་པ་དོ་དམ་ཡག་པོ་མ་བྱས་པར་ཆབ་སྲིད་ཀྱི་འགན་ཁུར་དགོས། དགོན་ནང་དུ་ལས་སྒྲུབ་རུ་ཁག་མངགས་གཏོང་གིས་ཁྲིམས་ལྟར་ཕྱོགས་ཡོངས་ནས་དག་ཐེར་ལེགས་བསྒྲིགས་བྱེད་རྒྱུ་ཡིན་པ། གནུབས་ཟུར་དགོན་པས་དོན་རྐྱེན་སློང་མཁན་གྱི་གྲྭ་པ་དེ་གསུམ་དགོན་པའི་སྒྲིག་ཁོངས་ནས་ངེས་པར་ཕྱིར་འཕུད་བྱེད་དགོས། དགོན་པ་གཞན་གྱིས་བསྡུ་ལེན་བྱེད་མཁན་ཡོད་ན་ངེས་པར་དུ་བདག་གཉེར་ཁང་གི་འགན་ཁུར་མི་སྣ་རྒྱལ་ཁབ་ཁ་བྲལ་གྱི་དོན་རྐྱེན་སློང་བར་རྒྱབ་སྐྱོར་བྱེད་མཁན་དུ་བརྩིས་ནས་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན། སྲིད་གཞུང་གིས་དག་ཐེར་ལེགས་བསྒྲིགས་བྱེད་པར་ངོ་རྒོལ་བྱེད་པའི་བྱ་སྤྱོད་བྱུང་ན་ཐག་གཅོད་ནན་པོ་བྱེད་རྒྱུ་དང་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་དང༌། གསེར་རྟ་རྫོང་ཡོངས་ཀྱི་དགོན་པ་སོ་སོའི་བླ་སེར་དང་ཇོ་མོ་ཚང་མ་དོ་དམ་བྱེད་རྒྱུའི་ཐབས་ཤེས་དོན་འཁྱོལ་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད།
    ཕྱི་ཚེས་༥ ཉིན་ནས་གསེར་རྟ་རྫོང་ནས་ཡར་མར་འགྲོ་མི་ཆོག་པར་བཀག་སྡོམ་ནན་པོ་བྱས་ཡོད་པ་དང༌། ཚོང་ཁང་ཁག་ཀྱང་སྒོ་ཕྱེ་མི་ཆོག་པའི་བཀའ་རྒྱ་བསྡམས་ཡོད་པ་རེད།།

བཙུན་མ་སུམ་བརྒྱ་ལྷག་ཕྱིར་ཕུད།

    མདོ་ཁམས་ཏྲེ་ཧོར་བྲག་འགོ་རྫོང་ཁོངས་བཙུན་དགོན་བསམ་གཏན་གླིང་གི་བཙུན་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། བཙུན་མ་སུམ་བརྒྱ་ལྷག་ཟླ་༦ ཚེས་༢༧ ཉིན་དགོན་པ་ནས་ཕྱིར་ཕུད་བྱས་ཡོད་འདུག
    དགོན་པ་དེའི་བཙུན་མ་ཚེ་རིང་མཚོ་ཡིས་ཕྱི་ཟླ་༦ ཚེས་༨ ཉིན་གྱི་སྔ་དྲོ་རྒྱ་གཞུང་ལ་ངོ་རྒོལ་གནང་བ་དང༌། དེ་རྗེས་དགོན་དེའི་བཙུན་མ་༣༠༠ ལྷག་གིས་ཁོང་ལ་རྒྱབ་སྐྱོར་ཆེད་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་ལ་རྒྱ་གཞུང་ནས་འཛིན་བཟུང་གཅར་རྡུང་བྱས་རྗེས་བཙུན་མ་ཚེ་རིང་མཚོ་དང༌། ཨོ་རྒྱན་ལྷ་མོ། གུ་རུ་གུ་རུ་འཛིན་བཟུང་བཀག་ཉར་བྱས་པ་རྒྱ་གཞུང་གིས་ཁས་ལེན་བྱས་མེད་ཀྱང་ཁོང་ཟླ་༦ ཚེས་༨ ནས་གར་སོང་ཆ་མེད་དུ་གྱུར་ཡོད་གསུམ་མ་གཏོགས་གཞན་ཕལ་ཆེར་ཕྱིར་སློག་སྟེ་ཉིན་གྲངས་༡༩ ཙམ་གྱི་རིང་དགོན་པར་བཀག་ཉར་ཐོག རྒྱལ་གཅེས་རིང་ལུགས་ཞེས་པའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བཙན་ཤེད་ཀྱི་སྒོ་ནས་ྋགོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཞུ་རུ་བཅུག་ཀྱང༌། བཙུན་མ་སུས་ཀྱང་དྭང་ལེན་མ་བྱས་པར་བརྟེན་མཐར་ཕྱི་ཟླ་༦ ཚེས་ ༢༧ ཉིན་དཀོན་གཉེར་གཅིག་མ་གཏོགས་བཙུན་མ་གཞན་རྣམས་རེ་རེ་བཞིན་མིང་ཐོ་བཀླགས་ཏེ་སོ་སོའི་ནང་མི་ལ་རྩིས་སྤྲོད་ཀྱིས་རང་ཁྱིམ་དུ་ཕྱིར་སློག་བྱས་ཡོད་འདུག
    ཕྱི་ཟླ་༦ ཚེས་༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཙམ་གྱི་ཐོག་དཀར་མཛེས་འབུལ་ཤུར་ངང་པ་སྟག་ཚང་གི་བུ་ངག་དབང་ཕུན་ཚོགས་ལོ་ ༣༢ཟེར་བས་དཀར་མཛེས་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་མདུན་ནས་ྋགོང་ས་མཆོག་གི་སྐུ་པར་ཞིག་གནམ་ལ་འཕྱར་ཏེ་ཡིག་ཆ་འགྲེམས་བཞིན། རྒྱ་གཞུང་གིས་བོད་མི་ཚོར་ྋགོང་ས་མཆོག་ལ་མཚན་སྨད་ཞུ་བཅུག་པ་དེས་ང་ཚོའི་སྙིང་ལ་གྲི་བཙུགས་པ་ལྟ་བུའི་ན་ཚ་གཏོང་བཞིན་ཡོད་པ་དང༌། རྒྱ་གཞུང་ནས་དུས་ནམ་ཡང་ྋགོང་ས་མཆོག་ལ་མཚན་སྨད་ཞུ་མི་ཆོག བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེ་བྱས་ཏེ་སྐར་མ་ཁ་ཤས་ལས་མ་འགོར་བར་དྲག་ཆས་དམག་མིས་ལྕགས་དབྱུག་དང་གློག་རྒྱུག་གཞུས་པ་སོགས་མི་སྤྱོད་ལས་འདས་པའི་རྡུང་རྡེག་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་འདུག
ཡང་དེ་རྗེས་ཆུ་ཚོད་གཅིག་ཙམ་གྱི་མཚམས་སུ་སྤང་རི་སྣ་རིན་པོ་ཆེ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གི་དགོན་པ་གཡའ་བརྩེགས་བཙུན་དགོན་གྱི་བཙུན་མ་གཡང་འཛོམས་རང་ལོ་༣༡དང༌། སྤོས་དབང༌།པད་མོ། རང་ལོ་༢༧ ལྷ་མོ་རང་ལོ་༢༩བཅས་གསུམ་གྱིས་དཀར་མཛེས་རྫོང་དུ་ྋགོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང༌། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ། སྐུ་ཞབས་སྤང་རི་སྣ་རིན་པོ་ཆེ་མཆོག་གིས་དབུས་བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེན་བྱེད་སྐབས་ཁོང་ཚོར་ཡང་ཉེས་རྡུང་བཏང་ནས་འཛིན་བཟུང་བྱས་ཡོད་འདུག             
ཕྱི་ཟླ་༦ ཚེས་༢༦ ཉིན་མདོ་ཁམས་ཏྲེ་ཧོར་དཀར་མཛེས་བྲག་དཀར་བཙུན་དགོན་དུ་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་༡༠༠ ལྷག་ཙམ་ཞིག་གློ་བུར་དུ་ཡོང་ནས་དགོན་པའི་མཐའ་བསྐོར་བའི་རྗེས་སུ་ཉེན་རྟོག་དམག་མིས་ལག་ཏུ་མེ་མདའ་བཟུང་ནས་བཙུན་དགོན་དེ་ཉིད་ཀྱི་ལས་བྱེད་བཙུན་མ་ཚེ་རིང་དབང་ཕྱུག་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག ཁོང་འཛིན་བཟུང་བཙན་ཁྲིད་བྱེད་སྐབས་ཞེད་སྣང་དང་དངངས་སྐྲག་མེད་པའི་ཐོག་ནས་ཉེན་རྟོག་དམག་མིར། ཁྱོད་རང་ཚོ་ཡོང་རྒྱུ་དེ་ཕྱི་དྲགས་པ་ལས་སྔ་དྲགས་མེད་སྐོར་བརྗོད་ཡོད་འདུག།

བལ་བོད་ས་མཚམས་སུ་གོམ་བགྲོད་པ་འཇུ་བཟུང༌།    

བལ་ཡུལ་ནས་སྐུ་ཞབས་ཨ་དཀར་བླ་མ་དང༌། བུ་མོ་བཀྲ་ཤིས་ལྷ་མོ། བུ་བསོད་ནམས་ཚེ་རིང༌། བྱམས་པ་ཚུལ་ཁྲིམས། ངག་དབང་མཐར་ཕྱིན། བཀྲ་ཤིས་ནོར་བུ། ཡེ་ཤེས་ཉི་མ། སྐལ་བཟང་བཀྲ་ཤིས། ཚེ་རིང་སྟོབས་རྒྱས་བཅས་ཀྱིས་བོད་དུ་དཀའ་སྡུག་འོག་ཏུ་མནར་གཅོད་འོག་གི་བོད་མི་དེ་དག་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རང་གི་སྲོག་ཉེན་ལ་མ་འཛེམས་པར་བོད་བར་གོམ་འགྲོད་བྱེད་རྒྱུའི་དམ་བཅའ་གཙང་འབུལ་བྱུང་བ་ཇི་བཞིན། ཟླ་༦ པའི་ཚེས་༢༨ ཉིན་ནས་དབུ་འཛུགས་ཀྱིས་ཐོག་མ་རྗི་རི་ས་གནས་བར་རླངས་འཁོར་ནས་ཕྱིན་རྗེས་ཤར་ཁུམ་བུ་ཕྱོགས་སུ་ཉིན་བཅུའི་རིང་གོམ་འགྲོད་བྱས་པ་དང༌། ཟླ་འདིའི་ཚེས་༨ གྱི་དགོང་མོར་ས་མཚམས་སུ་སླེབས་སྐབས་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད།
    ཐོག་མའི་འཆར་གཞི་ལྟར་ན། ཁོང་ཚོ་ཤར་ཁུམ་བུ་ལ་བརྒྱུད་ནས་དིང་རིའི་ཕྱོགས་སུ་འཛུལ་རྒྱུ་ཡིན་པ་དང༌། བུ་མོ་བདེ་སྐྱིད་ལུག་ལ་ས་གནས་བར་དུ་ཉིན་བརྒྱད་ཀྱི་རིང་ཁོང་ཚོའི་མཉམ་དུ་སོང་རྗེས་གནས་ཚུལ་མཁོ་བསྒྲུབས་བྱས་ནས་ཕྱིར་བལ་ཡུལ་མཐིལ་དུ་འབྱོར་བ་དང༌། ཁོང་ཚོ་མ་འཇུས་པའི་ཡར་སྔོན་དེར་ཁོ་མོས་གསུངས་དོན། ཐོག་མ་གོམ་བགྲོད་པ་མི་དགུ་ལས་བྱུང་མེད་མོད། ལམ་བར་དུ་སྐུ་ཞབས་ངག་དབང་ལེགས་མཆོག་མཉམ་ཞུགས་གནང་ནས་ད་ལྟ་མི་བཅུ་ཡོད་པ་རེད་ཟེར། གོམ་བགྲོད་པ་དེ་དག་ལས་ཆེ་བ་ལོ་ན་༤༠ དང་ཆུང་བ་༢༢ ཡིན་པ་རེད། ཐོག་མར་གོམ་བགྲོད་བྱེད་སྐབས་ཉེན་རྟོག་པས་འདྲི་རྩད་སོགས་བྱས་ཀྱང་ཁོང་ཚོ་སྤྲོ་འཆམ་པ་ཡིན་ཁུལ་བྱས་པས་བཀག་འགོག་བྱུང་མི་འདུག ལམ་བར་དུ་ཟས་མ་འཕྲོད་པ་དང༌། ལ་དུག་ན་བ། སོགས་ཀྱིས་དཀའ་ངལ་མང་དག་བྱུང་འདུག་མོད། ད་ལྟ་བལ་ཡུལ་གྱི་ཉེན་རྟོག་པའི་འགག་སྒོ་གཉིས་ཡོད་པ་དེ་བགྲོད་ཐུབ་ཚེ་བོད་དུ་སླེབས་ངེས་རེད་ཟེར། གོམ་བགྲོད་པ་མཉམ་དུ་གསར་འགོད་པ་སོགས་སུ་ཡང་མེད་སྟབས་ཧ་ཅང་ཉེན་ཁའི་གནས་སུ་གྱུར་ཡོད། གལ་ཏེ་ཁུལ་དེ་ནས་པར་ལེན་མཁན་ཞིག་རྙེད་སོན་བྱུང་ཚེ་མཉམ་ཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་འདུག གོམ་བགྲོད་པ་དེ་དག་བོད་དུ་ཐར་ཐུབ་ཚེ་ལྷ་སའི་བར་དུ་འགྲོ་རྒྱུའི་འདོད་མོས་ཡོད་པ་རེད། འོན་ཀྱང་བལ་ཡུལ་དུ་ཡོད་པའི་བོད་མི་མང་པོ་ཞིག་གིས་གོམ་བགྲོད་པ་དེ་དག་ནི་རྒྱུན་དུ་དྭང་བླངས་ཐོག་བོད་དོན་སྐད་འབོད་བྱེད་དུ་འགྲོ་མཁན་སེམས་ཤུགས་ཅན་ཤ་སྟག་ཡིན་སྟབས། ཁོང་ཚོའི་ཛ་དྲག་དང༌། ཉེན་ཁ་ལས་སྐྱོབས་ཐབས་མཉམ་འབྲེལ་རྒྱལ་ཚོགས་དང་བལ་ཡུལ་གྱི་འགྲོ་བ་མའི་ཐོབ་ཐང་ལྷན་ཁང་བཅས་ལ་འབོད་སྐུལ་ཞུས་ཡོད་པ་རེད།།  བལ་ཡུལ་གསར་འགོད་པས།

གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ་གསུམ་འཛིན་བཟུང༌།

    ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༧ ཚེས་༨ ཉིན་གྱི་དགོང་མོ་གསེར་རྟ་རྫོང་ཁོངས་སུ་ཡོད་པ་སྐུ་ཞི་བར་གཤེགས་པ་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཕྱག་བཏབ་མཛད་པའི་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་གྲྭ་པ་གསུམ་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་ཁྲིན་ཏུའུ་གྲོང་ཁྱེར་དུ་ཞིང་ཆེན་སྤྱི་བདེ་ཉེན་རྟོག་ཁང་ནས་འཛིན་བཟུང་བྱས་ཡོད་པ་དང༌། ཁོང་གསུམ་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ད་ལྟའི་ཆར་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད།
    གྲྭ་པ་དེ་གསུམ་ནི་བཀྲ་ཕུན་ལོ་༤༤ ངག་ཆུང་ལོ་༣༧ འགུ་དྲག་ལོ་ཤེས་རྟོགས་མ་བྱུངབཅས་ཡིན་པ་དང༌། དེ་དག་གི་ནང་ནས་བཀྲ་ཕུན་ལ་མཚོན་ན་གསེར་རྟ་བླ་རུང་ཆོས་སྒར་ནས་ལོ་ཉི་ཤུ་ལྷག་སློབ་སྦྱོང་བྱས་ཡོད་པ་དང༌། སློབ་གཉེར་མཐར་ཕྱིན་པའི་མཁན་པོའི་ཕྱག་ཁྱེར་ཡང་ཐོབ་ཡོད་པ་རེད། ཆོས་སྡེ་དེའི་ལས་སྣེ་ཆེ་འབྲིང་ཆུང་གསུམ་གང་མང་ཞིག་གི་འགན་ཁུར་མྱོང་བ་དང༌། ཕྱི་ལོ་༢༠༠༣ ལོར་བླ་རུང་ཆོས་སྡེའི་གནད་དོན་དང་འབྲེལ་བའི་ཐོག་ནས་སེར་སྐྱ་བཞི་འཛིན་བཟུང་བྱས་པའི་ཁོངས་སུ་ཡང་ཁོང་ཡོད་པ་རེད།
    ངག་ཆུང་ལ་མཚོན་ནའང་ལོ་ཉི་ཤུ་ལྷག་བླ་རུང་ཆོས་སྒར་ནས་སློབ་སྦྱོང་བྱས་པ་དང༌། དགོན་པའི་ལས་སྣེ་ཆེ་ཆུང་འདྲ་མིན་ཁུར་མྱོང་བ་མ་ཟད། ད་ལྟའི་དུས་སུའང་ཆོས་སྡེ་དེའི་བཟང་སྤྱོད་ལས་ཁང་གི་འགན་ཁུར་བའི་གྲས་སུ་ཡོད་པ་རེད། བཀྲ་ཕུན་དང་ངག་ཆུང་གཉིས་ཕ་གཅིག་པའི་སྤུན་མཆེད་ཡིན་པ་དང༌། ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུའི་ཚ་བོའང་ཡིན་པ་རེད།
    འགུ་དྲག་ལ་མཚོན་ན་བླ་རུང་ཆོས་སྒར་ནས་རྒྱུན་རིང་སློབ་སྦྱོང་བྱས་པ་དང༌། ཆོས་སྡེ་དེའི་ལས་འགན་འདྲ་མིན་ཁུར་མྱོང་ཞིང་ད་ལྟའི་ཆར་བཟང་སྤྱོད་ཁང་གི་འགན་ཁུར་བའི་གྲས་ཡིན། ཁོང་ནི་ཆོས་རྗེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་སྐུའི་ཚ་མོ་རྗེ་བཙུན་མ་མུ་མེད་ཡེ་ཤེས་མཚོ་མོ་དང་ཡབ་གཅིག་པའི་སྤུན་མཆེད་ཡིན་པ་རེད། ངག་ཆུང་དང་འགུ་དྲག་གཉིས་བླ་རུང་ཆོས་སྡེའི་བཟང་སྤྱོད་ཁང་གི་ཚོང་ཁང་གི་བཅའ་ལག་མཁོ་སྒྲུབ་ཆེད་ཁྲིན་ཏུར་ཡོང་བ་ཞིག་ཡིན་པ་དང༌། ཁོང་གཉིས་ཀྱིས་བླ་རུང་ཆོས་སྡེའི་གཞུང་འབྲེལ་གྱི་ཐོག་ནས་རླངས་འཁོར་ཆེ་བ་ཞིག་གསར་ཉོ་བྱས་ཡོད་ཅིང༌། བཀྲ་ཕུན་གྱིས་རླངས་འཁོར་གཏོང་ཤེས་ཀྱི་ཡོད་སྟབས་ཁོང་རླངས་འཁོར་དེ་གཏོང་བར་སྐད་བཏང་བ་ལྟར་བཀྲ་ཕུན་ཁྲིན་ཏུར་སླེབས་པ་ཞིག་ཡིན་འདུག ཕྱི་ཟླ་༧ ཚེས་༨ ཉིན་གྱི་དགུང་མོ་ཐོག་མར་བཀྲ་ཕུན་དང༌། ངག་ཆུང་གཉིས་ཀྱིས་ཟ་ཁང་ཞིག་ནས་ཟ་མ་ཟོས་ཏེ་ཕྱིར་ཐོན་པའི་སྐབས་ཞིང་ཆེན་སྤྱི་བདེ་ཐིན་ཟེར་བའི་ཉེན་རྟོག་མི་སྣས་སྒྲིག་ཆས་མ་གྱོན་པར་ཡོང་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། དེའི་མཚན་མོ་འགུ་དྲག་ཀྱང་མགྲོན་ཁང་ཞིག་གི་ནང་ནས་འཛིན་བཟུང་བྱས་ཡོད་པ་རེད། ད་ལྟའི་ཆར་ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གསལ་བཤད་གང་ཡང་བྱས་མེད་པ་དང༌། ཁོང་གསུམ་གང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་མེད། མནར་གཅོད་དང་རྡུང་རྡེག་གཏོང་གི་ཡོད་མེད་བཅས་ཀྱང་གསལ་ཁ་གང་ཡང་མེད་པ་རེད།།
དཔལ་འབར་རྫོང་དུ་བོད་མི་འཛིན་བཟུང༌།
ཕྱི་ཟླ་༧ པའི་ཟླ་འགོ་ཙམ་ལ་བོད་ལྗོངས་ཆབ་མདོ་ས་ཁུལ་དཔལ་འབར་རྫོང་ཁོངས། ཉིན་མོ་ཤང་ནས་ཡིན་པ་མི་སྐྱ་དཔལ་ལྡན་ཆོས་གྲགས་དང༌། ཉི་རྡོར་གཉིས་ཀྱིས་བོད་ནང་གི་རྒྱ་གཞུང་ལས་བྱེད་པ་དང་ཉེན་རྟོག་པ་སོགས་ཀྱི་ནང་རྒྱ་མི་མང་དྲགས་སྐོར་དང༌། ང་ཚོ་བོད་མི་ལའང་ལས་ཀ་སྤྲད་དགོས་སྐོར། ང་ཚོས་ཀྱང་ལས་ཀ་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བཤད་པ་ལ་བརྟེན་རྒྱ་གཞུང་ནས་འཛིན་བཟུང་བྱས་ཡོད་འདུག ཉེ་ཆར་དཔལ་འབར་རྫོང་ཉིན་མོ་ཤང་ནས་ཡིན་པ་རྒྱལ་ཤོད་བན་དཀར་དགོན་གྱི་གྲྭ་བློ་བཟང་ཆོས་འབྱོར་རང་ལོ་༢༤དང༌། ཁོང་གི་གཅེན་པོ་མི་སྐྱ་རྡོ་རྗེ་བཀྲ་ཤིས་རང་ལོ་ ༢༨གཉིས་ལ་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་སྐོར་བཤད་དེ་རྒྱ་གཞུང་གི་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ཀྱང་ད་ལྟ་གང་དུ་ཡོད་མེད་ཤེས་རྟོགས་བྱུང་མི་འདུག།

བོད་མི་ཁག་ཅིག་བྲོས་བྱོལ་དུ་སོང་བ།

    གསེར་རྟ་གནུབས་ཟུར་དགོན་དུ་དམ་དྲག་དང་གྲྭ་ཁང་གཏོར་བཤིགས་བྱས་པ།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༦ ཚེས་༢༨ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༢ ཙམ་གྱི་ཐོག་གསེར་རྟ་གནུབས་ཟུར་དགོན་གྱི་གྲྭ་དབྱིངས་ཕྱུག་ལོ་༡༨ དང༌། དགེ་འཕེལ་ལོ་༡༩ ས་གཞི་ལོ་༢༡ བཅས་ཀྱིས་གསེར་རྟ་རྫོང་གི་སྲང་ལམ་གྱི་ཕྱོགས་གསུམ་ནས་བོད་ཀྱི་རྒྱལ་དར་ཕྱར་ནས། འཚེ་མེད་ཞི་བའི་འབོད་སྒྲ་སྐད་གསང་མཐོན་པོའི་ཐོག་ནས་བསྒྲགས་པ་མ་ཟད། རེ་འབོད་ཀྱི་ཡིག་ཆ་ཆིག་སྟོང་ལྷག་ཙམ་གཏོར་བ་རེད། ཆུ་ཚོད་༢།༢༠ ཙམ་གྱི་དུས་སུ་རྒྱ་དམག་གིས་ཕྱོགས་སོ་སོ་ནས་བསྐོར་ནས་ཁོང་གསུམ་འཛིན་བཟུང་དང་རྡུང་རྡེག་ཚབས་ཆེན་བྱེད་བཞིན་པའི་ཚེ་ཁོང་གསུམ་གྱིས་འབོད་ཚིག་སྔར་བཞིན་བསྒྲགས་པ་དང༌། གོ་ཐོས་ལྟར་ན་ཁོང་གསུམ་ལ་ཉེས་རྡུང་ཚད་མེད་བཏང་ནས་སྲོག་མ་ཤོར་ཙམ་དུ་གནས་ཡོད་པ་དང༌། ཕྱི་ཟླ་༦ ཚེས་༢༩ ཉིན་གྱི་ནངས་མོ་ཆུ་ཚོད་༤ ཙམ་གྱི་ཐོག་རྒྱ་དམག་སྟོང་ཕྲག་ཁ་ཤས་ཀྱིས་གནུབས་ཟུར་དགོན་ཕྱོགས་ཡོངས་ནས་བསྐོར་བ་མ་ཟད། དྲག་པོའི་དམག་མི་༥༠༠ ཙམ་དགོན་པའི་ནང་དུ་ཡོང་ནས་དྲག་ལས་ཀྱིས་གཏོར་བཤིག་བྱེད་འགོ་བརྩམས། ས་གཞི་དང་དབྱིངས་ཕྱུག་གཉིས་ཀྱི་གྲྭ་ཁང་གཏོར་བཤིག་བྱས་པ་མ་ཟད། དགེ་འཕེལ་གྱི་ཁང་པའི་ནང་གི་དངོས་རྫས་གང་མང་འཕྲོག་བཅོམ་བྱས་ནས་དཔེ་ཆ་རྣམས་ག་ས་གང་དུ་གཏོར་བ་དང༌། ཁྱོན་རྒྱ་སྒོར་ཁྲི་༢༠ ཙམ་གྱི་རིན་ཐང་གཏོར་བཤིག་བཏང་བ་དང་འཕྲོག་བཅོམ་བྱས་པའི་ཁྲོད་ནས་གྱོང་གུད་བཏང་ཡོད་པ་རེད། གྲྭ་ཁང་གཏོར་བཤིག་པའི་ཤིང་ཆ་རྣམས་ཀྱང་གསེར་རྟ་རྫོང་དུ་དབོར་འདྲེན་བྱས་ཡོད་འདུག་པ་དང༌། རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་པ་ལྟར་ན། གནུབས་ཟུར་དགོན་པའི་ཆོས་སྒོ་ངེས་པར་དུ་རྒྱག་རྒྱུ་ཡིན་པ་མ་ཟད། གྲྭ་པ་དེ་གསུམ་ལ་ཉེས་ཆད་ནན་པོ་གཏོང་རྒྱུ་ཡིན་ཚུལ་ཡང་བསྒྲགས་ཡོད་པ་དང་གསེར་རྟ་རྫོང་དུ་དམག་དཔུང་ཕོན་ཆེ་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
    གསེར་རྟ་རྫོང་མི་དམངས་སྲིད་གཞུང་གིས་ཕྱི་ཟླ་༦ པའི་ཚེས་༢༩ ཉིན་ཡིག་ཆ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་དུ། ཕྱི་ཚེས་༢༨ ཀྱི་ཉིན་གུང་ཆུ་ཚོད་༢།༧ གྱི་སྟེང་གནུབས་ཟུར་དགོན་གྱི་གྲྭ་པ་གསུམ་གྱིས་གསེར་གྱི་རྟ་ཡོད་སར་གངས་སེང་གྱི་དར་ཆ་བསྒྲེངས་ཤིང༌། བསྒྲགས་ཡིག་གཏོར་བ། རང་བཙན་གྱི་ཁ་འབོད་བྱས་པར་སྲིད་གཞུང་ནས་ཐག་གཅོད་ནན་པོ་བྱེད་རྒྱུ་དང༌། ཁོང་གྲྭ་པ་གསུམ་རྒྱལ་ཁབ་ཁ་བྲལ་གྱི་ངོ་རྒོལ་ལས་འགུལ་སྤེལ་མཁན་ཡིན་པས་ཁྲིམས་ལུགས་ལྟར་ཐག་གཅོད་ནན་པོ་བྱེད་དགོས་པ། གནུབས་ཟུར་དགོན་དམངས་གཙོ་དོ་དམ་ཁང་གིས་གྲྭ་པ་དོ་དམ་ཡག་པོ་མ་བྱས་པར་ཆབ་སྲིད་ཀྱི་འགན་ཁུར་དགོས། དགོན་ནང་དུ་ལས་སྒྲུབ་རུ་ཁག་མངགས་གཏོང་གིས་ཁྲིམས་ལྟར་ཕྱོགས་ཡོངས་ནས་དག་ཐེར་ལེགས་བསྒྲིགས་བྱེད་རྒྱུ་ཡིན་པ། གནུབས་ཟུར་དགོན་པས་དོན་རྐྱེན་སློང་མཁན་གྱི་གྲྭ་པ་དེ་གསུམ་དགོན་པའི་སྒྲིག་ཁོངས་ནས་ངེས་པར་ཕྱིར་འཕུད་བྱེད་དགོས། དགོན་པ་གཞན་གྱིས་བསྡུ་ལེན་བྱེད་མཁན་ཡོད་ན་ངེས་པར་དུ་བདག་གཉེར་ཁང་གི་འགན་ཁུར་མི་སྣ་རྒྱལ་ཁབ་ཁ་བྲལ་གྱི་དོན་རྐྱེན་སློང་བར་རྒྱབ་སྐྱོར་བྱེད་མཁན་དུ་བརྩིས་ནས་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན། སྲིད་གཞུང་གིས་དག་ཐེར་ལེགས་བསྒྲིགས་བྱེད་པར་ངོ་རྒོལ་བྱེད་པའི་བྱ་སྤྱོད་བྱུང་ན་ཐག་གཅོད་ནན་པོ་བྱེད་རྒྱུ་དང་དགོན་པ་སྒོ་རྒྱག་རྒྱུ་ཡིན་ཚུལ་དང༌། གསེར་རྟ་རྫོང་ཡོངས་ཀྱི་དགོན་པ་སོ་སོའི་བླ་སེར་དང་ཇོ་མོ་ཚང་མ་དོ་དམ་བྱེད་རྒྱུའི་ཐབས་ཤེས་དོན་འཁྱོལ་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད།
    ཕྱི་ཚེས་༥ ཉིན་ནས་གསེར་རྟ་རྫོང་ནས་ཡར་མར་འགྲོ་མི་ཆོག་པར་བཀག་སྡོམ་ནན་པོ་བྱས་ཡོད་པ་དང༌། ཚོང་ཁང་ཁག་ཀྱང་སྒོ་ཕྱེ་མི་ཆོག་པའི་བཀའ་རྒྱ་བསྡམས་ཡོད་པ་རེད།།

བལ་བོད་ས་མཚམས་སུ་གོམ་བགྲོད་པ་འཇུ་བཟུང༌།    

བལ་ཡུལ་ནས་སྐུ་ཞབས་ཨ་དཀར་བླ་མ་དང༌། བུ་མོ་བཀྲ་ཤིས་ལྷ་མོ། བུ་བསོད་ནམས་ཚེ་རིང༌། བྱམས་པ་ཚུལ་ཁྲིམས། ངག་དབང་མཐར་ཕྱིན། བཀྲ་ཤིས་ནོར་བུ། ཡེ་ཤེས་ཉི་མ། སྐལ་བཟང་བཀྲ་ཤིས། ཚེ་རིང་སྟོབས་རྒྱས་བཅས་ཀྱིས་བོད་དུ་དཀའ་སྡུག་འོག་ཏུ་མནར་གཅོད་འོག་གི་བོད་མི་དེ་དག་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་རང་གི་སྲོག་ཉེན་ལ་མ་འཛེམས་པར་བོད་བར་གོམ་འགྲོད་བྱེད་རྒྱུའི་དམ་བཅའ་གཙང་འབུལ་བྱུང་བ་ཇི་བཞིན། ཟླ་༦ པའི་ཚེས་༢༨ ཉིན་ནས་དབུ་འཛུགས་ཀྱིས་ཐོག་མ་རྗི་རི་ས་གནས་བར་རླངས་འཁོར་ནས་ཕྱིན་རྗེས་ཤར་ཁུམ་བུ་ཕྱོགས་སུ་ཉིན་བཅུའི་རིང་གོམ་འགྲོད་བྱས་པ་དང༌། ཟླ་འདིའི་ཚེས་༨ གྱི་དགོང་མོར་ས་མཚམས་སུ་སླེབས་སྐབས་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད།
    ཐོག་མའི་འཆར་གཞི་ལྟར་ན། ཁོང་ཚོ་ཤར་ཁུམ་བུ་ལ་བརྒྱུད་ནས་དིང་རིའི་ཕྱོགས་སུ་འཛུལ་རྒྱུ་ཡིན་པ་དང༌། བུ་མོ་བདེ་སྐྱིད་ལུག་ལ་ས་གནས་བར་དུ་ཉིན་བརྒྱད་ཀྱི་རིང་ཁོང་ཚོའི་མཉམ་དུ་སོང་རྗེས་གནས་ཚུལ་མཁོ་བསྒྲུབས་བྱས་ནས་ཕྱིར་བལ་ཡུལ་མཐིལ་དུ་འབྱོར་བ་དང༌། ཁོང་ཚོ་མ་འཇུས་པའི་ཡར་སྔོན་དེར་ཁོ་མོས་གསུངས་དོན། ཐོག་མ་གོམ་བགྲོད་པ་མི་དགུ་ལས་བྱུང་མེད་མོད། ལམ་བར་དུ་སྐུ་ཞབས་ངག་དབང་ལེགས་མཆོག་མཉམ་ཞུགས་གནང་ནས་ད་ལྟ་མི་བཅུ་ཡོད་པ་རེད་ཟེར། གོམ་བགྲོད་པ་དེ་དག་ལས་ཆེ་བ་ལོ་ན་༤༠ དང་ཆུང་བ་༢༢ ཡིན་པ་རེད། ཐོག་མར་གོམ་བགྲོད་བྱེད་སྐབས་ཉེན་རྟོག་པས་འདྲི་རྩད་སོགས་བྱས་ཀྱང་ཁོང་ཚོ་སྤྲོ་འཆམ་པ་ཡིན་ཁུལ་བྱས་པས་བཀག་འགོག་བྱུང་མི་འདུག ལམ་བར་དུ་ཟས་མ་འཕྲོད་པ་དང༌། ལ་དུག་ན་བ། སོགས་ཀྱིས་དཀའ་ངལ་མང་དག་བྱུང་འདུག་མོད། ད་ལྟ་བལ་ཡུལ་གྱི་ཉེན་རྟོག་པའི་འགག་སྒོ་གཉིས་ཡོད་པ་དེ་བགྲོད་ཐུབ་ཚེ་བོད་དུ་སླེབས་ངེས་རེད་ཟེར། གོམ་བགྲོད་པ་མཉམ་དུ་གསར་འགོད་པ་སོགས་སུ་ཡང་མེད་སྟབས་ཧ་ཅང་ཉེན་ཁའི་གནས་སུ་གྱུར་ཡོད། གལ་ཏེ་ཁུལ་དེ་ནས་པར་ལེན་མཁན་ཞིག་རྙེད་སོན་བྱུང་ཚེ་མཉམ་ཁྲིད་བྱེད་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་འདུག གོམ་བགྲོད་པ་དེ་དག་བོད་དུ་ཐར་ཐུབ་ཚེ་ལྷ་སའི་བར་དུ་འགྲོ་རྒྱུའི་འདོད་མོས་ཡོད་པ་རེད། འོན་ཀྱང་བལ་ཡུལ་དུ་ཡོད་པའི་བོད་མི་མང་པོ་ཞིག་གིས་གོམ་བགྲོད་པ་དེ་དག་ནི་རྒྱུན་དུ་དྭང་བླངས་ཐོག་བོད་དོན་སྐད་འབོད་བྱེད་དུ་འགྲོ་མཁན་སེམས་ཤུགས་ཅན་ཤ་སྟག་ཡིན་སྟབས། ཁོང་ཚོའི་ཛ་དྲག་དང༌། ཉེན་ཁ་ལས་སྐྱོབས་ཐབས་མཉམ་འབྲེལ་རྒྱལ་ཚོགས་དང་བལ་ཡུལ་གྱི་འགྲོ་བ་མའི་ཐོབ་ཐང་ལྷན་ཁང་བཅས་ལ་འབོད་སྐུལ་ཞུས་ཡོད་པ་རེད།།  བལ་ཡུལ་གསར་འགོད་པས།
 
ཨ་ཀྲུག་སྐལ་རྒྱ་ལ་ཁྲིམས་ཆད།

ཟླ་འདི་ཚེས་༡༤ ཉིན་རྒྱ་ནག་གཞུང་གིས་རུང་རྒྱས་ཨ་གྲགས་ཀྱི་ཚ་བོ་ཨ་ཀྲུག་སྐལ་རྒྱ་ལ་རྒྱལ་ཁབ་མགོ་སྟིང་སློག་མཁན་གྱི་ཉེས་མིང་འོག་དར་རྩེ་མདོ་མི་མང་ཁྲིམས་ཁང་ནས་ལོ་ལྔ་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་ནི་༡༩༩༨ ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཡོང་བ་དང༌། ༢༠༠༦ ལོར་ཕྱིར་ཕ་ཡུལ་དུ་ལོག་སྐབས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཇུ་བཟུང་གིས་ཉེས་རྡུང་ཚད་མེད་བཏང་ཡོད་པ་རེད། ཡང་༢༠༠༦ ལོར་རྟ་རྒྱུག་སྐབས་རྟའི་མགྱོགས་ཚད་ཀྱི་ཨང་རིམ་དྲང་བདེན་མ་བྱུང་བར་བདེན་པའི་རྒྱབ་ལངས་བྱས་ཏེ། ཉེན་རྟོག་པས་འཛིན་བཟུང་བྱས་ནའང༌། མི་མང་གིས་ཁོང་ལ་རྒྱབ་སྐྱོར་བྱས་རྗེས་གློད་བཀྲོལ་བཏང་ཡོད་པ་རེད། ༢༠༠༧ ལོར་ཟླ་༡༠ པའི་ཚེས་༢ ཉིན་ཁ་ཤུལ་སྡེ་བ་དང༌། སྐེ་བཀྲ་སྡེ་བ་གཉིས་ལི་ཐང་ཚ་ཁར་འཛོམས་སར་རྒྱ་གཞུང་གིས་ཀྲུང་གོའི་རྒྱལ་ཁབ་བོད་ལ་བཀའ་དྲིན་ཆེ་ཚུལ་བཤད་སྐབས། ཁོང་གིས་མི་མང་གི་དངོས་ཡོད་དཀའ་ངལ་བརྗོད་པ་དང༌། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་འབོད་ཚིག་བསྒྲགས་པར་བརྟེན་༢༠༠༧ ལོའི་ཕྱི་ཟླ་༡༠ ཚེས་༣ ཉིན་འཇུ་བཟུང་བྱས་ཡོད་པ་རེད།།

རྨ་ཆུ་རྫོང་དུ་འཇུ་བཟུང་དང་ཁྲིམས་ཆད།

ཕྱི་ཟླ་༦ ཚེས་༡༥ ཉིན་རྨ་ཆུ་རྫོང་དུ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་མི་གསུམ་ལ་མི་ལོ་༡༢ ནས་༡༥ བར་ཁྲིམས་ཐག་བཅད་ཡོད་ཅིང༌། རང་ལོ་༢༠ ཡིན་པ་ནུར་མ་གོང་མའི་སྒྲོལ་སྐྱབས་ཚང་གི་བླ་མ་སྐྱབས་ལ་ལོ་༡༥ དང༌། རང་ལོ་༣༠ ཡིན་པ་རོང་མཆོག་ཚང་གི་མཁས་མཆོག་ལོ་༡༣ རང་ལོ་༡༦ ལ་སོན་པའི་ནུར་མ་ཞོལ་མའི་དཀོན་མཆོག་ལ་ལོ་༡༢ བཅས་བཅད་ཡོད་འདུག ཁོང་གསུམ་ནི་ཕྱི་ཟླ་༣ པའི་རྨ་ཆུའི་དོན་རྐྱེན་དང་འབྲེལ་བ་ཡོད་སྐད་ཀྱིས་ཕྱི་ཟླ་༤ ཚེས་༡༡ ཉིན་རྨ་ཆུ་རྫོང་ནས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག བོད་ཟླ་༥ ཚེས་༡༤ ཉིན་མུར་ཕྱེ་དགོན་གྱི་གྲྭ་གསུང་རབ་རྔ་བ་རུ་བསྐྱར་དུ་འཛིན་བཟུང་གིས་དེང་སྐབས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཀག་ཉར་ཁང་དུ་བཙོན་འཇུག་བྱས་ཡོད་འདུག ཕྱི་ཟླ་༣ ཚེས་༢༢ དང་༢༣ ལ་འཛིན་བཟུང་བྱས་པའི་གསར་པ་ཚང་བློ་གྲོས་དང༌། སྤོས་སྦྱིན་དཀོན་མཆོག་གཉིས་ཀྱང་བཙོན་ཁང་དུ་བཀག་བསྐྱིལ་བྱས་ཡོད་པའི་གནས་ཚུལ་སྒྲོལ་དཀར་སྐྱབས་ཀྱིས་མཁོ་སྤྲོད་གནང་སོང༌།།
གསེར་རྟ་རུ་བོད་མི་གསུམ་འཛིན་བཟུང༌།
གསེར་རྟ་རྫོང་ཁོངས་ཀྱི་རྐང་རྩ་སྡེ་བའི་བསོ་ལོ་ཕྱི་ཟླ་༧ ཚེས་༥།༦ ཞིག་ལ་རྒྱ་གཞུང་གི་ཉེན་རྟོག་པས་ཁ་བྲལ་བའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་དང༌། དེ་བཞིན་དཀྱིལ་རུ་འགོ་བ་ནས་ཡིན་པའི་བསྟན་དར་ཕྱི་ཟླ་༧ ཚེས་༥ ཉིན་དང༌། མགོ་མཆོག་སྡེ་བའི་ལྷ་རྒྱལ་ཕྱི་ཟླ་༧ པའི་ཚེས་༡༥ ཉིན་འཇུ་བཟུང་བྱས་ཡོད་འདུག ཁོང་གསུམ་ཀ་འབྲོག་ཐོག་ནས་འཇུ་བཟུང་བྱས་ཡོད་འདུག་ཅེས་གསེར་གྲྭ་བློ་བཟང་གིས་འགྲེལ་བརྗོད་གནང་སོང༌།།

རྔ་པ་རྫོང་དུ་མི་གསུམ་ལ་ཁྲིམས་ཆད།
    ཟླ་འདིའི་ཚེས་༡༠ གཡས་གཡོན་ཙམ་ལ་མདོ་སྨད་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་རྔ་པ་རྫོང་ཁོངས་རྔ་སྨད་གློ་རྟ་ཤང་ནས་ཡིན་པ་སྐལ་བྷ་རང་ལོ་ ༢༣ལ་ཚེ་བཙོན་དང༌། གཏེར་མཛོད་རང་ལོ་ ༢༥ལ་ལོ་༡༥། ཚེ་ཁོ་རང་ལོ་ ༢༧ལ་ལོ་༡༣ བཅས་ཀྱི་ཁྲིམས་ཐག་བཅད་འདུག ཁོང་རྣམས་ལ་ད་ལོའི་ཕྱི་ཟླ་༣ ཚེས་༡༦ ཉིན་འཕྲོག་བཅོམ་བསྲེགས་གཏོར་གྱི་དོན་རྐྱེན་ནང་ཞུགས་ནས་ནག་ཉེས་བསགས་ཡོད་སྐོར་གྱི་ཉེས་འཛུགས་བྱས་ཏེ་བཙན་ཤེད་ཀྱིས་ཁྲིམས་ཐག་བཅད་པ་ལས། རང་དབང་ཐོག་ཁྲིམས་རྩོད་པས་རྩོད་གླེང་བྱེད་རྒྱུའི་གོ་སྐབས་བྱུང་མེད་པ་དང༌། ཁྲིམས་ཐག་བཅད་རྗེས་ཁོང་ཚོ་བཙོན་ཁང་གང་དུ་བཙོན་འཇུག་བྱས་ཡོད་མེད་ཤེས་རྟོགས་བྱུང་མེད་པ་རེད།།
དཀར་མཛེས་ཁང་དམར་དགོན་དུ་དམ་དྲག

    ཏྲེ་ཧོར་བསོད་ནམས་དཔལ་ལྡན་གྱིས་འདི་གར་གནས་ཚུལ་བཏང་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༦ པའི་ཚེས་༡ ཉིན་ཞོགས་པའི་ཆུ་ཚད་༩ ཡོལ་ཙམ་ལ་ཏྲེ་ཧོར་དཀར་མཛེས་ཁང་དམར་དགོན་དུ་རྒྱ་དམག་གི་རླངས་འཁོར་ཉེར་གཅིག་ལྷག་འབྱོར་ཏེ། འཇིགས་སྐུལ་གྱིས་དགོན་པ་དང་གྲྭ་ཤག་ཡོངས་རྫོགས་སྔོག་བཤེར་བྱ་དགོས་ལུགས་བརྗོད་འདུག འོན་ཀྱང་གྲྭ་མང་ཡོངས་ཀྱིས་རང་སྲོག་དང་བྲལ་དགོས་བྱུང་རུང་ཁས་ལེན་བྱ་ཐབས་མེད་ཅེས་འགོག་རྒོལ་མཐའ་གཅིག་ཏུ་བྱས་འདུག རིམ་བཞིན་རྫོང་དཔོན་དང་ཤང་གི་འགོ་ཁྲིད་ཚོ་འབྱོར་ཏེ་ཉན་འཇོག་བྱ་དགོས་ལུགས་དང༌། ངེས་པར་རྫོང་དུ་ངོ་རྒོལ་བྱེད་མཁན་གྱི་གྲྭ་པ་བཞི་པོའི་ཤག་སྔོག་བཤེར་བྱ་དགོས་པར་གཞུང་གི་བཀའ་རྒྱ་འབྱོར་ཡོད་ལུགས་སོགས་ཀྱིས་འཇིགས་སྣང་སྐུལ་རུང༌། གྲྭ་མང་ཚོས་ཁ་སྔོན་ཁྱེད་ཚོས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ལ་ང་ཚོས་ཉན་འཇོག་བྱས་ཚུལ་གྱིས་གསར་འགྱུར་རྫུན་བཟོ་བྱས་པ་དང༌། ཁྱེད་ཚོས་ང་ཚོ་དམ་དྲག་བྱ་ས་གཙོ་བོ་བྱེད་བཞིན་འདུག་ཅེས་གྲྭ་མང་ཡོངས་ཀྱིས་ངར་ཤུགས་ཆེན་པོས་ལན་འདེབས་དང་ངོ་རྒོལ་བྱས་སྟབས། གནས་སྐབས་རྒྱ་དམག་ཚོ་ཕྱིར་ཐོན་བྱས་ཡོད་འདུག་མོད། དུས་རྒྱུན་རྒྱ་དམག་ཚོས་མཚན་མོ་ལ་གཏོར་གཅོམ་དང་མི་གསོད་ཁྲག་སྦྱོར་བྱེད་བཞིན་ཡོད་པས། གྲྭ་པ་ཚོས་དོགས་གཟོན་གྱིས་མཚན་མོར་དགོན་པ་བསྐོར་ཏེ་སྲུང་སྐྱོབ་བྱེད་བཞིན་ཡོད་འདུག ད་དུང་ཁོ་ཚོས་ཁ་པར་བརྒྱུད་གྲྭ་པ་ཡོངས་ཀྱིས་བསྟན་པ་དང་ར་ཤ་དང་བརྗེ་མི་ཐུབ། དགོན་པ་སྒོ་རྒྱག་དགོས་བྱུང་རུང་རྒྱ་དམག་ཚོའི་ས་ནས་བརྙས་བཅོས་གཏན་ནས་ཁུར་མི་ཐུབ་པའི་གྲྭ་མང་ཡོངས་ཀྱི་བསམ་ཚུལ་གཅིག་མཚུངས་ཡིན་ཞེས་བཤད་སོང༌། ད་ཐེངས་རྒྱ་དམག་དགོན་པར་ཡོང་དོན་ནི་ཉིན་འགའི་སྔོན་ལ་དགོན་པ་འདི་གའི་གྲྭ་ཚེ་རིང་ཕུན་ཚོགས་དང་བསོད་དགའ། ཡེ་ཤེས་དར་རྒྱས། ཡེ་ཤེས་དཔལ་ལྡན་བཅས་ཀྱིས་རྫོང་གི་ཁྲོམ་གཞུང་དུ་བུད་དེ་ངོ་རྒོལ་ཤུགས་ཆེ་བྱས་སྟབས། དགོན་པའི་ཐོག་ལའང་དམ་དྲག་བྱས་པ་ཞིག་ཡིན་འདུག ད་དུང་དགོན་པ་དང་གྲྭ་མང་ལ་དཀའ་ངལ་ཅི་འཕྲད་ངང་སྒུག་བྱ་རྒྱུ་ལས་ཐབས་ཤེས་ཅི་ཡང་མེད་པ་རེད་འདུག དགོན་པ་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་ཅིང་ཏྲེ་ཧོར་ཁུལ་གྱི་དགོན་པ་མང་པོའི་ཁྲོད་ནས་རིག་དངོས་རྟེན་རྙིང་ཆེས་མང་བའི་གྲས་ཤིག་ཡིན་སྟབས། རྒྱ་དམག་གིས་སྔོག་གཤེར་བྱས་ཚེ་དངོས་པོ་མང་པོ་རྐུ་འཁྱེར་ཤོར་ངེས་རེད་ཅེས་གྲྭ་པ་ཚོས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག།

སྡེ་དགེ་དགོན་ཆེན་དུ་འབར་རྫས་གས་གཏོར།
    གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་༧ ཚེས་༡༢ ཉིན་གུང་ཆུ་ཚོད་༡༢།༠༠ གཡས་གཡོན་ཙམ་ལ་མདོ་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་ཁོངས་དགོན་ཆེན་དགོན་གྱི་མཛོད་ཁང་ནང་འབར་རྫས་ཤིག་གས་གཏོར་བྱུང་ནས་རང་ལོ་བཞི་བཅུ་ནང་སོན་པའི་གྲྭ་འདས་ལོག་དང༌། རང་ལོ་ཉི་ཤུ་རྩ་གྲངས་ཡིན་པའི་གྲྭ་རྒྱལ་མཚན་ཞེས་པ་གཉིས་འདས་གྲོངས་སུ་ཕྱིན་ཡོད་འདུག་པ་དང༌། གྲྭ་པ་སངས་སོགས་མི་བཞི་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག
    སྤྱིར་བཏང་དགོན་ཆེན་དགོན་ནང་རྒྱ་གཞུང་གིས་བོད་ས་སྤྱི་མཚུངས་ལྟར་དམག་མིས་མཐའ་བསྐོར་ཏེ་དམ་དྲག་བྱེད་མུས་ཐོག་རིམ་པ་གོང་འོག་གི་ལས་དོན་རུ་ཁག་ནས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུས་མཚོན་སློབ་གསོའི་ལས་འགུལ་ཁག་དང༌། དགོན་སྟེང་དུ་སྐར་ལྔའི་དར་དམར་སྒྲེང་འཛུགས་དགོས་སྐོར་སོགས་ཀྱི་ལས་འགུལ་རབས་དང་རིམ་པ་སྤེལ་སྐབས་དགོན་དེའི་ལས་སྣེ་གཙོས་གྲྭ་མང་གིས་ྋགོང་ས་མཆོག་ལ་མཚན་སྨད་ཞུས་ན་སོ་སོའི་སྡོམ་པ་དང་སྐྱབས་འགྲོའི་བསླབ་བྱ་ཉམས་རྒྱུ་ཡིན་པས་དེར་དྭང་ལེན་བྱ་ཐབས་མེད་སྐོར་དང༌། ང་ཚོའི་དགོན་པ་འདི་ནི་ཆོས་ཀྱི་བྱེད་སྒོ་སྤེལ་ས་ལས་སྲིད་ཀྱི་བྱ་བ་གཉེར་ས་ཞིག་རྩ་བ་ནས་མིན་པས་ད་ལྟ་ང་ཚོའི་མི་སྣ་འདི་དག་མེད་པ་བཟོ་རྒྱུ་ཡིན་ན་ལས་དེ་མིན་དགོན་སྟེང་དུ་དར་དམར་སྒྲེང་འཛུགས་ནམ་ཡང་བྱེད་བཅུག་རྒྱུ་མིན་ཞེས་སོགས་ཁ་གཅིག་གྲག་གིས་གདོང་ལེན་བྱས་ནས་རྒྱ་གཞུང་གིས་རེ་ཞིག་བྱ་ཐབས་མ་རྙེད་པའི་སྐབས་ཤིག་ཡིན་འདུག དེ་ཉིན་འབར་རྫས་གས་གཏོར་བྱུང་སའི་མཛོད་ཁང་ཞེས་པ་དེར་དགོན་གྱི་སྐུ་གསུང་ཐུགས་རྟེན་རིགས་མང་པོ་ཡོད་པ་མ་ཟད། དགོན་པའི་ལས་སྣེ་དྲག་གྲས་ཁག་བཞུགས་ས་ཞིག་ཡིན་འདུག་ཀྱང་སྐབས་དེར་ཉིན་གུང་གསོལ་ཚིགས་ལ་ཁེལ་སྟབས་ཁོང་རྣམས་སུ་ཡང་དེར་བཞུགས་ཡོད་མི་འདུག འབར་རྫས་དེས་ས་ཁྱོན་མི་ཊར་༡༥ ཙམ་ལ་གཏོར་སྐྱོན་ཐེབས་ཡོད་པ་དང༌། དངོས་རྫས་ལ་གྱོང་གུན་ཇི་ཙམ་ཐེབས་ཡོད་མེད་དང་འབར་རྫས་འཇོག་མཁན་སུ་ཡིན་ད་ལྟ་རྩད་གཅོད་ཐུབ་མེད་ནའང༌། བོད་མི་རྣམས་ཀྱིས་རྒྱ་གཞུང་གིས་ངན་བྱུས་བཤམས་ཏེ་དགོན་པའི་ལས་སྣེ་རྣམས་རྩ་མེད་བཟོ་ཐབས་ཀྱི་བྱ་ངན་ཞིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག དགོན་ཆེན་དགོན་པའི་ནང་ད་ལྟའི་ཆར་གྲྭ་པ་༥༠༠ ལྷག་ཡོད་འདུག།

ས་གྱོད་བསྐྱར་སློང་ཞི་རྒོལ་དུ་གྱུར་པ།

    འབའ་གླིང་ཁ་ཤོད་དང་སྒང་རི་ལུང་པ་གཉིས་བར་སྔོན་མ་ནས་ས་གྱོད་ཀྱི་རྩོད་རྙོག་ཅིག་ཡོད་པ་དེ། ཉེ་ལམ་གད་མོ་བརྒྱ་དཔོན་བྱམས་པ་རྒྱལ་མཚན་ཞེས་པའི་མི་སྐྱ་ཞིག་གིས་བར་འདུམ་བྱས་ཏེ་ཞི་འཇམ་དུ་སོང་ཡོད་ཀྱང་ཕྱི་ཟླ་༧ ཚེས་༡༢།༡༣ ཙམ་ལ་འབའ་ཐང་རྫོང་གི་ཉེན་རྟོག་པ་སྣུམ་འཁོར་ཆུང་བ་གཉིས་དང་ལས་བྱེད་ཁག་ཅིག་ས་གནས་སུ་ཡོང་སྟེ། རྒྱ་ནག་གཞུང་ལས་གཞན་སུ་ལའང་ས་གྱོད་འདུམ་སྒྲིག་བྱེད་པའི་དབང་ཆ་མེད་ཅེས་བཤད་དེ། རྩོད་གཞི་ཅན་གྱི་ས་ཆ་དེ་གླིང་ཁ་ཤོད་ལ་སྤྲོད་དགོས་པའི་ཐག་གཅོད་བྱས་ཡོད་པ་རེད།
    སྒང་རི་ལུང་པར་ཁྱིམ་ཚང་བརྒྱ་ལྷག་ཡོད་པ་རྣམས་ཁོང་ཁྲོ་ལངས་ཏེ། ཁྱོད་ཚོས་དེ་ལྟར་ཐག་གཅོད་བྱས་པ་དྲང་པོ་མིན་པ་དང༌། ང་ཚོ་བོད་མིའི་དབར་ཆེད་མངགས་དཀྲུག་ཤིང་རྒྱག་གི་འདུག དེ་འདྲ་ཡིན་ན་ང་ཚོས་ཁྱེད་ཚོ་ལ་ཉན་ཐུབ་ས་མ་རེད། ཁྱེད་ཚོ་མར་རྒྱུགས་ཞེས་བཤད་སྐབས། ཉེན་རྟོག་པས་མེ་མདའ་བསྟན་ཏེ་འཇིགས་སྐུལ་བྱས་པར་བརྟེན་མང་ཚོགས་དེ་བས་ཀྱང་ཁོང་ཁྲོ་ལངས་ཏེ། ཉེན་རྟོག་པའི་ལག་འཁྱེར་ཁ་པར་གཉིས་འཕྲོག་སྟེ་བཅག་པ་དང༌། བོད་ཀྱི་བདག་པོ་བོད་མི་ཡིན། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན་པ་སོགས་སྐད་འབོད་བྱེད་བཞིན་སྣུམ་འཁོར་གཉིས་ལ་རྡོ་གཞུས་ཏེ་བཅག་གཏོར་བྱས་ཏེ་ལས་བྱེད་པ་དང་ཉེན་རྟོག་པ་རྣམས་འབྲོས་དགོས་བྱུང་འདུག དེ་རྗེས་རྫོང་ནས་རྫོང་དཔོན་གྱིས་སྣེ་ཁྲིད་པའི་དམག་མི་སྣུམ་འཁོར་ཆེ་བ་གཉིས་དང་ལས་དོན་རུ་ཁག་བཅས་ས་གནས་སུ་འཕྲལ་དུ་དྲག་གནོན་བྱེད་པར་སླེབས་ཀྱང༌། སྒང་རི་ལུང་པའི་སྐྱེས་པ་ཡོངས་རྫོགས་རི་མགོར་བྲོས་བྱོལ་དུ་སོང་ཡོད་འདུག ད་ལྟ་དམག་མི་དང་ཉེན་རྟོག་པ་ཚོ་སྒང་རི་ལུང་པར་བསྡད་དེ། རི་མགོར་བྲོས་པའི་སྐྱེས་པ་རྣམས་མགོ་བཏགས་ཞུ་བར་ཡོང་དགོས་པའི་བཀའ་བཏང་འདུག་ཀྱང༌། ད་ཕན་མི་གཅིག་གིས་ཀྱང་མགོ་བཏགས་བྱས་མེད་པ་དང༌། སྤྱིར་བཏང་བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་གཞུང་གིས་རྩྭ་ར་དང་ས་སྡེ་བཅད་བགོས་བྱས་པར་བརྟེན་ནས། བོད་རིགས་ནང་ཁུལ་འཁྲུག་རྩོད་ཡང་ཡང་འབྱུང་མུས་རྣམས། བོད་ཀྱི་སྲོལ་རྒྱུན་ལྟར་ས་གནས་ཀྱི་བླ་མ་དང་ཤུགས་རྐྱེན་ཆེ་བའི་མི་སྣ་ཚོས་བར་འདུམ་གནང་སྟེ་འདུམ་སྒྲིག་བྱེད་སྲོལ་ཡོད་ཀྱང༌། ད་ཆ་རྒྱ་ནག་གཞུང་གིས་དེ་ལའང་ཐེ་བྱུས་བྱས་ཏེ་བོད་མི་ནང་ཁུལ་མ་འཆམ་པ་བཟོ་བཞིན་ཡོད་པ་རེད།།

དཀར་མཛེས་སུ་བོད་མི་འཇུ་བཟུང༌།

ཕྱི་ཟླ་༦ ཚེས་༢༢ ཉིན་དཀར་མཛེས་གཞི་མདའ་གྲོང་ཚོའི་ཉི་མ་བཀྲ་ཤིས་ལོ་ ༣༦དང་འགྱུར་ག་གྲོང་ཚོ་ནས་ཡིན་པ་ཉི་ལུ་ལོ་ ༣༥གཉིས་དང༌། ཟླ་༦ ཚེས་༢༡ ཉིན་གཞི་མདའ་གྲོང་ཚོའི་ཉི་མ་བཀྲ་ཤིས།ལོ་ ༡༨ ཟླ་༦ ཚེས་༡༤ ཉིན་དཀར་མཛེས་གཙང་ཁ་ནས་ཡིན་པ་བྱམས་པ་བཀྲ་ཤིས་ལོ་ ༢༤བཅས་ཀྱིས་དཀར་མཛེས་རྫོང་དུ་ཞི་བའི་སྐད་འབོད་བྱས་པར་བརྟེན། ཉེན་རྟོག་པ་དང་དམག་མིས་ཉེས་རྡུང་དྲག་པོ་གཏོང་བཞིན་འཛིན་བཟུང་བྱས་འདུག གཞན་ཡང་ཟླ་ ༦ པ་ཚེས་ཤར་ཙམ་དུ་དཀར་མཛེས་གཙང་ཁ་ནས་ཡིན་པ་ངག་དབང་བཀྲ་ཤིས་ཞེས་པ་ཞིག་ལ་རྒྱ་གཞུང་གིས་ཉེས་འཛུགས་འདྲ་མིན་བྱས་ཏེ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག།
རྩེད་འགྲན་པའི་བོད་དོན་རྒྱབ་སྐྱོར།
གསར་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཨོ་སི་ཊི་ལའི་ཡའི་རྩེད་འགྲན་པ་བརྒྱ་ཆ་སུམ་ཅུ་ཙམ་གྱིས་བོད་དོན་རྒྱབ་སྐྱོར་གནང་བ་མ་ཟད་རྒྱ་མི་རིགས་རྣམས་བོད་ནས་ཕྱིར་ལོག་དགོས་པའི་བསམ་ཚུལ་ཤུགས་ཆེན་བཏོན་ཡོད་པ་རེད། འདི་ལོའི་ལོ་སྟོད་ནས་བོད་ནང་གི་དོན་རྐྱེན་དེར་རྒྱ་གཞུང་གིས་ཚད་ལས་བརྒལ་བའི་དྲག་གནོན་བྱས་པའི་གནད་དོན་དེ་འཛམ་བུ་གླིང་གིས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་པ་རེད། ཨོ་ལིམ་པིག་རྩེད་འགྲན་ནང་འཛུལ་ཞུགས་བྱེད་མཁན་སྙན་གྲགས་ཆེ་བའི་ཨོ་སི་ཊི་ལའི་ཡའི་ལུས་རྩལ་རྩེད་འགྲན་པ་ཁེ་དྷལ་ཨིས་ཝན་སེ་ཡིས་འདི་ལོ་བྷེལ་ཇམ་ནང་རྐང་འཁོར་རྩེད་འགྲན་ཞིག་གི་ཐོག་བོད་རང་བཙན་ཞེས་འཁོད་པའི་སྟོད་གོས་གྱོན་ནས་འཛམ་གླིང་གི་དོ་སྣང་བྱེད་ཡུལ་ཞིག་བཟོས་ཡོད་པ་དང༌། ཉེ་ཆར་ཁོང་གིས་བསྐྱར་དུ་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་ཆེད་ལུས་རྩལ་རྩེད་འགྲན་གྱི་སྒྲིག་ཆས་ཐོག་བོད་རང་བཙན་ཞེས་འཁོད་པ་གྱོན་ནས་རྐང་འཁོར་རྩེད་འགྲན་ནང་མཉམ་ཞུགས་བྱས་ཡོད་འདུག པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་རིང་མིན་རྩེད་འགྲན་སྐབས་ཆབ་སྲིད་དང་ཆོས་ཕྱོགས། མི་རིགས་ཀྱི་ལྟ་བའི་ལས་འགུལ་སོགས་སྤེལ་མི་ཆོག་པའི་སྒྲིག་གཞི་དམ་དུ་བཏང་ཡོད་པ་མ་ཟད། རྒྱ་གཞུང་ནས་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་སྐབས་བོད་མིས་ལས་འགུལ་སྤེལ་བ་སོགས་ཀྱི་གནད་དོན་ཐོག་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་འདུག།

 དུས་ཚོད་ངེས་མེད་བར་བོད་མི་དྲུག་གི་ཟས་བཅད་ངོ་རྒོལ།

ཟླ་འདིའི་ཚེས་༢༨ ཉིན་གྲྭ་པ་ལྔ་དང༌། མི་སྐྱ་གཅིག་བཅས་བསྡོམས་མི་དྲུག་གིས་བོད་དོན་ཆེད་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ཞིག་རྒྱ་གར་རྒྱལ་ས་ལྡི་ལིར་འགོ་འཛུགས་བྱས་ཡོད་པ་དང༌། ཁོང་ཚོས་ཟས་བཅད་བྱས་པ་མ་ཟད་ཆུ་ཡང་འཐུང་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད།
    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་དེའི་ནང་རང་ལོ་༣༧ ཡིན་པ་གྲྭ་ཤེས་གསལ་ཉི་མ་དང༌། རང་ལོ་༣༡ ཡིན་པ་བསོད་ནམས་གྲགས་པ།བསོད་གྲགས། རང་ལོ་༢༥ ཡིན་པ་བསྟན་པ་དར་རྒྱས། རང་ལོ་༢༣ ཡིན་པ་ཚེ་རིང༌། རང་ལོ་༢༨ ཡིན་པ་བྱང་ཆུབ་བཟང་པོ། རང་ལོ་༣༡ ཡིན་པ་དབང་འདུས་ཕུན་ཚོགས་མི་སྐྱ་བཅས་མཉམ་ཞུགས་བྱས་ཡོད་པ་རེད། ཟས་བཅད་ངོ་རྒོལ་འགོ་འཛུགས་ཀྱི་མཛད་སྒོའི་ཐོག་ཏུ་གཞོན་ལྷན་གྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་བོད་ནང་དུ་ཡོད་པའི་གཞིས་ལུས་རྒྱ་ཆེའི་མི་མང་གིས་སྲོག་བློས་བཏང་གིས་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་སྔར་ལྷག་གསལ་པོ་ཆགས་ཡོད་པ་དང༌། ཉེ་བའི་ཆར་ནས་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེ་རུ་བཏང་སྟེ་བོད་ནང་གི་གནས་ཚུལ་ད་ལྟ་གསལ་པོ་ཕྱི་ལོགས་སུ་སླེབས་ཐུབ་ཀྱི་ཡོད་པ་མ་རེད། བཙན་བྱོལ་ནང་དུ་ཡོད་མཁན་ཚོས་བོད་ནང་ནས་རང་སྲོག་བློས་གཏོང་གིས་བོད་དོན་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས་ཡོད་པ་དེ་རྒྱུན་སྐྱོང་བྱེད་ཐུབ་དགོས་པ་རེད། དེ་རིང་བོད་མི་དྲུག་གི་ཟས་བཅད་ངོ་རྒོལ་བྱས་པ་དེ་བོད་མི་ས་ཡ་དྲུག་གི་ཚབ་མཚོན་བྱེད་དུ་ཡིན། ད་དུང་གཞོན་ལྷན་གྱི་གོ་སྒྲིག་འོག་ལས་འགུལ་འདྲ་མིན་ཡོང་གི་རེད་ཅེས་བརྗོད་འདུག
    གསར་འགོད་པས་ལས་འགུལ་བར་བཅར་དྲི་ཞུ་སྐབས། གྲྭ་བསོད་ནམས་གྲགས་པ་ལགས་ཀྱིས་མ་ཤི་བར་དུ་ཟས་བཅད་ངོ་རྒོལ་བྱེད་རྒྱུར་ངས་བློ་ཐག་གཙང་བཅད་ཡིན། གོ་སྐབས་དེ་རག་པ་སྐལ་བ་བཟང་པོ་ཡིན་བསམ་གྱི་འདུག གང་ཡིན་ཟེར་ན་གཞིས་ལུས་རྒྱ་ཆེའི་མི་མང་གིས་དཀའ་ངལ་ཚད་མེད་མྱོང་གི་ཡོད་པ་རེད། རྒྱལ་སྤྱིའི་ཐོག་ནས་དྲང་བདེན་ལ་དགའ་བའི་མི་སྣ་ཚོས་ང་ཚོ་ལ་རྒྱབ་སྐྱོར་གནང་རོགས། ང་ཚོའི་དྲག་རྒོལ་བྱེད་ཀྱི་ཡོད་པ་མ་རེད། ང་ཚོ་ཉམ་ཆུང་རེད། གྲངས་ཉུང་མི་རིགས་རེད། གཞན་ལ་གནོད་སྐྱེལ་གྱི་ཡོད་པ་མ་རེད་ཅེས་འབོད་སྐུལ་གནང་འདུག དབང་འདུས་ཕུན་ཚོགས་ཀྱིས་རང་སྲོག་བློས་གཏོང་བྱེད་རྒྱུར་འགྱོད་པ་མེད། སྡུག་ཆགས་བྱས་པ་ནི་མ་རེད། བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན། བོད་དོན་རྩོད་རྒྱུ་དེ་སོ་སོའི་ལས་འགན་རེད་བརྗོད་ཡོད་པ་རེད། ཉིན་དེར་གྲྭ་པ་མང་པོ་ཟས་བཅད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་དུ་ཕེབས་ཡོད་པ་རེད།།

ྋགོང་ས་མཆོག་དང་ཇོན་མེ་ཁེན་གཉིས་མཇལ་འཕྲད།   

ཟླ་འདིའི་ཚེས་༢༥ ཉིན་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཇོན་མེ་ཁན་དང༌། ྋགོང་ས་མཆོག་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་དང༌། སྐུ་ཞབས་ཇོན་མེ་ཁན་གྱིས་ྋགོང་ས་མཆོག་གི་ཆོས་ལུགས་དང་རིག་གཞུང་འདྲ་མིན་བར་ཞི་མཐུན་མཉམ་གནས་ཡོང་ཐབས་ཀྱི་མཛད་འཕྲིན་གྱིས་འགྲོ་བ་མི་སྤྱི་དང༌། ཡང་སྒོས་ཨ་རིའི་མི་མང་ལ་སེམས་འགུལ་ཆེན་པོ་ཐེབས་ཀྱི་ཡོད་སྐོར་གསུངས་འདུག སྐུ་ཞབས་ཇོ་མེ་ཁན་གྱིས་ྋགོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང༌། སྐད་ཡིག་སྲུང་སྐྱོབ་ཀྱི་གཞི་རྩའི་ཐོབ་ཐང་མ་གཏོགས་རྩོད་ཀྱི་མེད་པ་དང༌། རྒྱ་ནག་གི་དཔོན་རིགས་ཚོས་ྋགོང་ས་མཆོག་གིས་ཕྱག་ལས་གནང་སྟངས་ཤེས་བཞིན་དུ་སྐྱོན་བརྗོད་ཡང་ཡང་བྱེད་བཞིན་པ་དེར་ཐུགས་ཕམ་ཡོད་སྐོར་དང༌། དེས་ཞི་བདེའི་འཕེལ་རིམ་དང༌། རྒྱ་བོད་བར་ཞི་འགྲིག་ཡོང་ཐབས་ལ་ཕན་ཐོགས་མེད་པས། ད་ལྟ་རྒྱ་ནག་གིས་བོད་མི་འཇུ་བཟུང་བྱས་པ་རྣམས་གློད་གྲོལ་དང༌། དོན་དམ་པའི་གྲོས་མོལ་དགོས་སྐོར་རྒྱ་ནག་ལ་འབོད་སྐུལ་གནང་འདུག
    རྒྱན་ནག་གཞུང་གིས་ྋགོང་ས་མཆོག་དང་ཨ་རིའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཇོན་མེ་ཁེན་རྣམ་གཉིས་མཇལ་འཕྲད་གནང་བ་དེར་སྐྱོན་བརྗོད་བྱས་ཡོད་པ་དང༌། ཨ་རིས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་ཡོད་པ་རེད། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནཱེ་ཅི་ཆིན་གྱིས་བོད་ཀྱི་གནད་དོན་རྒྱ་ནག་ནང་གི་གནད་དོན་ཞིག་ཡིན་པ་དང༌། ཨ་རིའི་འབྲེལ་ཡོད་ཚང་མས་རྒྱལ་སྤྱིའི་འབྲེལ་ལམ་གྱི་གྲོས་དོན་ལ་བརྩི་སྲུང་དགོས་པ་དང༌། ཏཱ་ལའི་བླ་མས་ཆོས་ཀྱི་མིང་ཐོག་ནས། རྒྱ་ནག་ཁ་བྲལ་གཏོང་བ་དང༌། བོད་ནང་གི་བདེ་འཇགས་དང༌། གྲངས་ཉུང་མི་རིགས་ཚོའི་བར་གྱི་ཆིག་སྒྲིལ་ལ་གཏོར་ཤིག་གཏོང་གི་ཡོད་སྐོར་གྱི་སྐྱོན་བརྗོད་བསྐྱར་ཟློས་བྱས་འདུག  
    ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་གྱི་འོས་མི་སྐུ་ཞབས་ཨོ་བྷ་མས་ྋགོང་ས་མཆོག་ལ་ཕྱག་འཕྲིན་ཞིག་ཕུལ་བའི་ནང་ཁོང་ད་ལྟ་ས་གནས་གཞན་དུ་གཟིགས་སྐོར་དུ་ཕེབས་ཡོད་པས། ྋགོང་ས་མཆོག་ལ་མཇལ་འཕྲད་མ་ཐུབ་པར་ཐུགས་ཕམ་ཡོད་སྐོར་དང༌། ཨ་རིའི་མི་མང་གིས་ྋགོང་ས་མཆོག་ལ་གུས་ཞབས་དང༌། བོད་དོན་རྒྱབ་སྐྱོར་ཡོད་པ་གསལ་པོ་ཡིན་སྐོར་འཁོད་ཡོད་པའི་གནས་ཚུལ་གསལ་ལམ་ཁག་ཏུ་སྤེལ་འདུག།
    བོད་མི་གཅིག་ཡིན་ནའང་ཆུད་ཟོས་སུ་མ་སོང་བ་གནང་དགོས་པ་གལ་ཆེན་པོ་རེད།
    ཟླ་འདིའི་ཚེས་༢༤ ཉིན་བྱང་ཨ་རིའི་བོད་མི་རྣམས་ལ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བོད་ནང་ལས་འགུལ་གྱི་སྐོར་དང༌། ད་ལྟ་བོད་མི་ཚོས་ལས་དོན་བྱེད་ཕྱོགས་ཐོག་བཀའ་སློབ་གནང་དོན། མི་བརྒྱ་ཕྲག་ཁ་ཤས་ཤིག་གིས་སྲོག་གི་འགྲོ་གྲོན་བཏང་བ། ཁྲག་གི་འགྲོ་གྲོན་བཏང་བ་དེ་ཁྲག་ཐིགས་པ་གཅིག་ཡིན་ནའང་ཆུད་ཟོས་སུ་འགྲོ་རྒྱུ་མ་རེད། དེ་རིང་འབྲས་བུ་མ་ཐོན་ནའང་སང་ཉིན་ཐོན་རྒྱུ་རེད། ད་ལོ་མ་ཐོན་ནའང༌། སང་ལོ་ཐོན་རྒྱུ་རེད།  ཁོང་ཚོས་དཀའ་ལས་བརྒྱབ་པ་དང༌། བློས་གཏོང་བྱས་པ་དེས་ངེས་པར་དུ་འབྲས་བུ་ཐོན་རྒྱུ་རེད། དེའི་དོན་ལ་ང་ཚོ་ཚང་མས་གདུང་སེམས་མཉམ་བསྐྱེད་ཀྱིས་དང་པོ། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་གཏོང་དགོས་པ། གཉིས་པ། བོད་མི་ཡོངས་རྫོགས་ཆིག་སྒྲིལ་དགོས་པ། གསུམ། འཚེ་མེད་ཞི་བ་ལ་ཡིད་ཆེས་བློས་གཏོད་ཐུབ་པ། བཞི་བ། བདེན་པ་རང་གི་ཐོག་ལ་སྡོད་ཐུབ་པ། ྋགོང་ས་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་ཏུ་ཤར་བསྐྱོད་ཐུབ་པ་བཅས་ང་ཚོས་ཡིན་གཅིག་མིན་གཉིས་བྱེད་ཐུབ་པའི་གནས་བབས་ཤིག་ཡིན་ཞེས་གསུངས་ཡོད་པ་རེད།
    ཁོང་གིས་མུ་མཐུད་ནུབ་ཕྱོགས་སུ་སྡོད་མཁན་བོད་མི་ཚོས་ལས་དོན་བྱེད་ཕྱོགས་སྐོར་གསུང་དོན་དོན། རང་དབང་ཡོད་པའི་ཤར་གླིང་གི་རྒྱལ་ཁབ་མང་པོའི་ནང༌། མི་ང་ཚོ་ལས་མང་བ། འབུམ་ཕྲག་དང་འབུམ་ཕྲག་ཡོད་པ་དེ་ཚོ་ཡང༌། ནུབ་ཕྱོགས་པའི་ལུང་པར་འཁྱམས་ཕྱིན་པའི་སྐབས་ལ་རང་གི་ཆོས་དང་རིག་གཞུང་དང༌། ཡུལ་མིའི་ངོ་བོ་གསལ་པོ་སྲུང་སྐྱོབས་བྱས་ནས་སྡོད་ཐུབ་མཁན་ཁག་པོ་ཞེ་དྲག་རེད། བོད་པའི་མི་འབོར་གྱི་ཆ་ནས་བཤད་ན། བོད་རིགས་ཉུང་ཉུང་ཡིན་ཙང༌། སྟོང་ཕྲག་དང་ཁྲི་ཕྲག་ཟེར་དུས་མང་པོ་འདྲ་ཞིག་ཚོར་གྱི་ཡོད་པ་རེད་མོད། འཛམ་བུ་གླིང་གི་མི་སྤྱིའི་འགྲོ་སྟངས་བྱས་པ་ཡིན་ན་ཞེ་དྲག་ཉུང་ཉུང་རེད། ཆིག་ཁྲི་ཉིས་སྟོང་ཞིག་ཡོད་པ་རེད་ཅེས་ད་ཐེངས་གསུངས་སོང༌། ལུང་པ་ཆེན་པོ་དེ་འདྲའི་ནང་མི་ཆིག་ཁྲི་ཉིས་སྟོང་མངོན་གསལ་དོད་ཐུབ་པའི་གྲངས་ཀ་རྩ་བ་ནས་མིན་པ་རེད། ཡིན་ནའང་ཁྱེད་རང་ཚོ་འདིར་ཡོད་མཁན་ཚང་མས་ལྷག་བསམ་ཞུམ་པ་མེད་པའི་ཐོག་ནས་རང་གི་རིག་གཞུང་དང༌། རང་ཉིད་ངོས་འཛིན་མ་བརླགས་པ་བྱས་ནས་མངོན་གསལ་དོད་པོ་སྡོད་ཐུབ་པ་དེ་བསྔགས་བརྗོད་འོས་པ་དང༌། གཟི་བརྗིད་ཆེན་པོ་ཞིག་རེད། དེ་ལ་ང་ཚོ་ཚང་མ་བློ་བདེ་བོའི་ཐོག་ནས་བོད་མི་རིགས་དེ་གང་ལ་ཕྱིན་པ་ཡིན་ནའང༌། བརླག་ས་མ་རེད་བསམས་ནས་ཡིད་ཆེས་རྙེད་པའི་ཐོག་ནས་གདེང་ཚོད་དང་སྤོབས་པའི་ངང་ནས་མི་ལ་བཤད་རྒྱུ་དང༌། ཡིད་ཆེས་ཀྱི་ཐོག་ནས་སྡོད་ཐུབ་པ་ཡོང་གི་ཡོད་པ་དེ་ཞེ་དྲག་ཡག་པོ་རེད། མ་འོངས་པ་ནའང་མུ་མཐུད་འབད་བརྩོན་གནང་གི་རེད་ལ། གནང་དགོས་པའང་རེད་ཅེས་དང༌། ནུབ་ཕྱོགས་ལུང་པའི་ནང་ཡོད་མཁན་གྱི་བོད་མི་ཚོར། ལྷག་པར་དུ་གཞོན་སྐྱེས་ཚོར་འབྱུང་ལ་ཉེ་བའི་ཉེན་ཁ་ཞིག་ག་རེ་ཡོད་པ་རེད་ཟེར་ན། སྐད་ཡིག་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཡོད་བཞིན་པ་རེད། དེ་ན་གཞོན་ཚོའི་ནོར་འཁྲུལ་ཞིག་མ་རེད། སྤྱི་ཚོགས་ཀྱི་གནས་སྟངས་དང༌། ནང་མིའི་གནས་སྟངས། ཕ་མའི་གནས་སྟངས་ཚང་མ་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཀྱི་ཡོད་པས། ཁྱེད་རང་ཚོས་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ལས་འགུལ་མང་པོ་བརྩམས་གནང་འདུག རྗེས་སུ་ཡི་རངས་བྱེད་ཀྱི་ཡོད། ད་དུང་དེ་ཚོ་མང་དུ་གཏོང་དགོས་ཀྱི་འདུག མ་འོངས་པ་ང་བོད་པའི་ཕྲུ་གུ་ཡིན་ཟེར་མཁན། བོད་ཡིག་མི་ཤེས་མཁན་མེད་པ་བཟོ་ཐུབ་རྒྱུའི་ཐབས་ཤེས་མ་གནང་ན། མི་རེ་གཉིས་བོད་ཀྱི་སྐད་ཡིག་དང་ཐག་རིང་དུ་ཕྱིན་པ་དང༌། རེ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་བརླགས་པ་ཡིན་ན། ང་ཚོ་བོད་པ་མི་ཉུང་ཉུང་ཡིན་པས། མི་གཅིག་གཉིས་ལ་དོ་སྣང་མེད་པར་འཇོག་ཐུབ་པའི་གནས་བབས་མེད་པ་རེད། བོད་མི་གཅིག་ཡིན་ནའང་ཆུད་ཟོས་སུ་མ་སོང་བ་གནང་དགོས་པ་དེ་གལ་ཆེན་པོ་ཞེ་དྲག་རེད། དེ་སྔོན་ཐུགས་སྣང་འབད་བརྩོན་མང་པོ་གནང་འདུག མ་འོངས་པར་ཡང་གནང་རོགས། མང་ཚོགས་རང་འགུལ་གྱིས་ཐུགས་སྣང་གནང་ན་ནུས་པ་ཆེ་བ་དང༌། ཕན་ཐོགས་ཆེ་བ་ཡོང་གི་འདུག ས་གནས་དོན་གཅོད་ལས་ཁུངས་ཡིན་ནའང་འདྲ། དྷ་རམ་ས་ནས་བཙན་བྱོལ་གཞུང་གི་ལས་ཁུངས་ཁག་ཡིན་ནའང་འདྲ། རྒྱབ་སྐྱོར་དང་མཐུན་འགྱུར་ཞུ་རྒྱུའི་རིགས་གང་ཐུབ་ཞུ་དགོས་པ་རེད་ལ། ཞུ་རྒྱུའང་ཡིན། རྐང་འདྲ་ཞིག་གཞུང་དང་སྒྲིག་འཛུགས་ཀྱིས་ཁྱབ་མ་ཐུབ་པའི་ས་ཁུལ་དུ་རང་འགུལ་གྱིས་ཐོག་ནས་གནང་དགོས་པ་གལ་ཆེན་པོ་ཞེ་དྲག་འདུག་ཅེས་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།
    དེ་བཞིན་ཉིན་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ཨ་རིའི་བོད་དོན་རྒྱབ་སྐྱོར་བྱས་པའི་གནད་དོན་སྐོར་དང༌། བྱང་ཨ་རིའི་བོད་མི་མང་སྤྱི་འཐུས་བསྟན་འཛིན་ཆོས་ལྡན་ལགས་ཀྱིས་ད་ལོ་བོད་ནང་ཞི་རྒོལ་བྱུང་བའི་བརྒྱུད་རིམ་དང༌། བྱང་ཨ་རིའི་བོད་མི་ཚོས་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།། བོད་དོན་ལས་འགུལ་བ་བཙོན་འཇུག
སྨར་ཁམས་རྫོང་འགར་མདོ་ཤང༌། བརྒྱད་ཚོགས་འབྲོག་པའི་སྐྱེས་པ་གཉིས་ཀྱིས་རང་བཙན་སྐད་འབོད་བྱས་ནས་ད་ལྟ་ཆབ་མདོ་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།
    འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་ཆར་ཕྱི་ཟླ་༥ པའི་ཚེས་༡༥ ཉིན་སྨར་ཁམས་རྫོང༌། འགར་མདོ་ཤང༌། བརྒྱད་ཚོགས་འབྲོག་པ་ནས་ཡིན་པའི་སྐྱེས་པ་བསོད་རྒྱལ་ཞེས་པ་རང་ལོ་༣༥ ཅན་དང༌། ཡང་ཕྱི་ཟླ་༦ པའི་ཚེས་མགོ་ཞིག་ལ་འགྱུར་མེད་དབང་གྲགས། རང་ལོ་༣༦ ཅན་གཉིས་ཀྱིས་སྔ་ཕྱིར་འགར་མདོ་ཤང་ཐོག་དུ་བོད་རང་བཙན་དང་ྋརྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཡོད་འདུག བསོད་རྒྱལ་གྱིས་སྐད་འབོད་བྱེད་སྐབས་དང་པོ་ཤང་གི་དཔོན་རིགས་ཁག་ཅིག་གིས་འཛིན་བཟུང་བཀག་ཉར་བྱས་ཏེ། རྫོང་གི་ཉེན་རྟོག་པར་རྩིས་སྤྲོད་བྱས་འདུག འགྱུར་མེད་དབང་གྲགས་ནི་ཤང་ཐོག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག ཁོང་གཉིས་ཀ་སྨར་ཁམས་རྫོང་དུ་ཟླ་གཉིས་ཙམ་རིང་བཙོན་ཁང་དུ་བཞག་འདུག ད་ལྟ་ཆབ་མདོ་རུ་ཁྲིད་ཡོད་པ་དང༌། ཁོང་གཉིས་ལ་ནང་མི་དང་སྤུན་ཟླ་ཐུག་འཕྲད་བྱེད་འཇུག་གི་མེད་པར་བརྟེན་ད་ལྟའི་གནས་སྟངས་ག་འདྲ་ཡིན་མིན་ཤེས་ཀྱི་མེད་པ་རེད་ཅེས་ཁོང་ཚོའི་སྡེ་བ་གཅིག་པའི་སྐུ་ཞབས་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་སོང༌། མེ་སོར་གསར་འགོད་པས།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་འགུལ། བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ནས་བཟུང་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གིས་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་གང་སར་བོད་དོན་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་གྲངས་ལྔ་བརྒྱ་ཙམ་ཆེད་ཕེབས་གནང་བ་དང༌། ངོ་རྒོལ་སྐད་འབོད་ཀྱིས་ཁྲོམ་སྐོར་བྱས་ཡོད་པ་རེད། ཁོང་ཚོས་ཕྱི་ཟླ་༨ པའི་ཚེས་༡༠ བར་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་སྐད་འབོད་ཁྲོམ་སྐོར་དང༌། ཟས་བཅད་ངོ་རྒོལ་སོགས་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་འདུག དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པར་བོད་ནང་གི་བོད་མི་ཞིག་གིས་དེའི་སྐོར་འགྲེལ་བརྗོད་གནང་པར། རྔ་པ་རྫོང་

Share this:
༨༨ ཀློག་གྲངས།