ཕྱི་ཟླ་དྲུག་པ།

སྐོར་སྲུང་བས་རྫོང་སྤྱི་བདེ་ཅུས་ལ་འབྲེལ་བ་བྱས་ཏེ་གློ་བུར་དྲག་དམག་ཡོང་སྟེ་ཚོགས་འདུ་བསྐོང་འཚོག་སར་ཕྱག་མཛོད་མཁྱེན་རབ་མཐར་ཕྱིན་ལགས་ཀྱིས་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ཧམ་བཤད་ཀྱི་སློབ་གསོ་དང་ྋགོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཀྱི་སློབ་གསོའི་ལས་རིམ་ལ་ངོས་ལེན་ནམ་ཡང་ཞུ་ཐབས་མེད་ཅེས་གསུངས་པ་དང་ཆབས་ཅིག་དགེ་འདུན་པ་བཅུ་གཅིག་ཡར་བཞེངས་ཏེ་མཐར་ཕྱིན་ལགས་ཀྱིས་གསུངས་པ་བཞིན་ང་ཚོ་ཚང་མས་ངོས་ལེན་ཞུ་ཐབས་མེད་པའི་བསམ་ཚུལ་གཅིག་གྱུར་ཡིན་པའི་འབོད་ཚིག་བསྒྲགས་འདུག།

    གནས་ཚུལ་དེ་བྱུང་མ་ཐག་དགོན་པར་ཕྱི་མི་གནས་མཇལ་བ་སོགས་བཀག་འགོག་དང༌། དེ་བཞིན་དགེ་འདུན་པ་རྣམས་ཕྱིར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་བ་དང༌། དགེ་འདུན་པ་རྣམས་ཀྱི་ལག་ཐོགས་ཁ་པར་བཙན་འཕྲོག་བྱས་ཏེ་གནས་ཚུལ་དེ་རིགས་གལ་སྲིད་ཕྱི་ལ་ཁྱབ་སྤེལ་བྱུང་ཚེ་ནག་ཉེས་ཆ་ཚང་ཁྱེད་ཚོར་ཡོད་པས་འགྲོ་ས་གཅིག་ལས་མེད་ཅེས་འཇིགས་སྐུལ་དམ་བསྒྲགས་ཤུགས་ཆེན་བྱས་འདུག ཉིན་དེར་དྲག་དམག་དང་སྤྱི་བདེ་མི་སྣས་གསང་བའི་ཐོག་ནས་མཚན་མོར་ཁོང་ཚོ་བཙན་ཁྲིད་བྱས་པ་དགེ་འདུན་པ་མཁྱེན་རབ་མཐར་ཕྱིན། རང་ལོ་༣༢ སྐྱེས་ཡུལ་ཤེལ་དཀར་གྲོང་རྡལ། གྲུ་བཞི་གྲོང་ཚོ།དང༌། ཆོས་དབང་བསྟན་འཛིན། སྐྱེས་ཡུལ་ཤེལ་དཀར་གྲོང་རྡལ། སྤེལ་བར་གྲོང་ཚོ།བསྟན་འཛིན་དགེ་འཕེལ། སྐྱེས་ཡུལ་གད་དམར་ཤང༌། གླིང་ཤར་གྲོང་ཚོ། མཁྱེན་རབ་བཀྲ་ཤིས། སྐྱེས་ཡུལ་ཤེལ་དཀར་གྲོང་བརྡལ། མ་ཞག་གྲོང་ཚོ། སྟོབས་རྒྱལ། སྐྱེས་ཡུལ་ཤེལ་དཀར་གྲོང་རྡལ།  གྲུ་བཞི་གྲོང་ཚོ། བསྟན་འཛིན་ཚེ་རིང༌། སྐྱེས་ཡུལ་རྒྱ་ཚོ་ཤང། བི་ཆུ་གྲོང་ཚོ། བློ་བཟང་འཇིགས་མེད། སྐྱེས་ཡུལ་རྒྱལ་ནོར་རྒྱལ་ཕུ་འབྲོག་པ། མཁྱེན་རབ་ཉི་མ། སྐྱེས་ཡུལ་ཤེལ་དཀར་གྲོང་རྡལ། ཆུ་འཁོར་བར། དོན་གྲུབ། སྐྱེས་ཡུལ་རྩ་བསྐོར་ཤང༌། ཆེ་གྲོང་ཚོ། བསྟན་པ། སྐྱེས་ཡུལ་ཤེལ་དཀར་གྲོང་རྡལ། ལོ་ལོ་གླང་ག བསམ་གཏན། སྐྱེས་ཡུལ་ཤེལ་དཀར་ཞོལ་གླིང་གསར། སྦོ་ཁ།ཆོས་ལྡན། སྐྱེས་ཡུལ། ཤེལ་དཀར་ཞོལ་གླིང་གསར།བཅས་དགེ་འདུན་པ་དེ་དག་ནི་གཞོན་སྐྱེས་རང་ལོ་༣༢ མན་ཆད་ཤ་སྟག་ཡིན་པ་དང༌། དེའི་ནང་འཛིན་བཟུང་གི་ལོ་ཚད་མ་ལོན་པ་ཡང་རེ་ཟུང་ཡོད་ཚོད་འདུག ད་ལྟའི་ཆར་ཁོང་ཚོ་ས་གནས་གང་དུ་བཙན་འཁྲིད་བྱས་མིན་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་འདུག ཁོང་ཚོའི་ནང་མི་དང་ཕ་མ་ཚོས་གོང་རིམ་སྤྱི་བདེ་མི་སྣར་ས་གནས་གང་དུ་ཡོད་མེད་དང༌། ལྟོ་གོས་སྐྱེལ་ཆོག་པའི་སྙན་སེང་རིམ་པར་ཞུས་འདུག་ནའང༌། གར་ཡོད་གསལ་བཤད་མེད་ཁར་ལྟོ་གོས་སྐྱེལ་ཆོག་པ་ལྟ་ཅི། ད་དུང་ཁྱེད་ཚོས་ཀྲུང་དབྱང་གཞུང་ལ་ནག་མེད་བསྙོན་འཛུགས་བྱས་པའི་ནག་ཉེས་ཁྱེད་ཚོར་ཡོད་ཅེས་ཉེན་བརྡ་བཏང་བ་མ་ཟད། ཁྱེད་ཚོར་གནས་ཚུལ་དེ་སུས་བཤད་དང༌། གང་ནས་གོ་ཐོས་བྱུང་ཞེས་འདྲི་ཞིབ་ཚ་ནན་དང༌། སླད་གནས་ཚུལ་དེ་ཁྱབ་སྤེལ་བྱུང་ཚེ་ནག་ཉེས་ཁྱེད་ཚོས་འགན་ལེན་དགོས་ཞེས་བཙན་བཀའ་བཏང་སྟེ་ནང་མི་དང་ཕ་མ་རྣམས་ད་ལྟའི་ཆར་ཅི་བྱ་གཏོལ་མེད་ངང་གནས་འདུག དེ་བཞིན་མང་ཚོགས་ལའང་དེང་སྐབས་ས་གནས་གང་སར་རྒྱལ་གཅེས་སློབ་གསོའི་ལས་དོན་དམ་བསྒྲགས་ཅི་ཆེར་ཚུགས་བཞིན་ཡོད་པ་དང༌། ཤེལ་དཀར་ཆོས་སྡེས་གཙོས་དགོན་སྡེ་ཁག་ལ་འགྲོ་བསྐྱོད་མི་ཆོག་པ་དང༌། མང་ཚོགས་སུ་གཅིག་གིས་ཀྱང་དགོན་པར་རྒྱལ་གཅེས་སློབ་གསོའི་ལས་དོན་ཚུགས་བཞིན་པར་བསྙད་བཏགས་ཀྱིས་གནས་ཚུལ་འདྲ་མིན་གླེང་སློང་བྱས་ཚེ་བཙོན་བཅུག་དང༌། ནག་ཉེས་ཐེར་འདོན་བྱེད་རྒྱུའི་བཙན་བཀའ་བཏང་ཡོད་འདུག

    དགོན་པའི་ལས་སྣེ་བ་བློ་བཟང་སྦྱིན་པ་ སྐྱེས་ཡུལ་ཤེལ་དཀར་གྲོང་བརྡལ དེ་སྔོན་གསུམ་བཅུའི་དུས་དྲན་སྔོན་ལ་ལྷ་སར་གནས་བསྐོར་ལ་ཕྱིན་ཏེ་ཟིང་འཁྲུག་སྐབས་ལྷ་སར་བཞུགས་ཡོད་པས། ཕྱིས་དགོན་པར་སླེབས་སྐབས་སྤྱི་བདེ་སྐོར་སྲུང་བས་ལྷ་སར་ཟིང་འཁྲུག་ནང་མཉམ་ཞུགས་བྱས་པར་བསྙད་དེ་ཟླ་བ་གཅིག་ཙམ་བཀག་ཉར་འཛིན་བཟུང་འདྲི་རྩད་ཚ་ནན་བྱས་པ་དང༌། ཉེ་ཆར་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྒྲོན་མེ་ཇོ་མོ་གླང་མར་ཁྱེར་ཚར་རྗེས་གློད་བཀྲོལ་བཏང་འདུག་ཀྱང༌། ཉེ་ཆར་སླར་ཡང་ཤེལ་དཀར་ཆོས་སྡེར་གནས་ཚུལ་བྱུང་རྗེས་ཁོང་ཚོ་དང་ངན་འབྲེལ་ཡོད་སྐོར་བསྙད་དེ་འཛིན་བཟུང་བྱས་འདུག དེ་རྗེས་གྲྭ་ཤག་སྔོག་བཤེར་བྱེད་སྐབས་བོད་ཀྱི་རྒྱལ་དར། ཕྲེད་དར་སྦྱར་བྱང༌། འབོད་ཚིག་བྲིས་ཟིན་པ། ཚོན་རྩི་མང་དག་ཐོན་པའི་གནས་ཚུལ་གོ་ཐོས་ལ་གཞིགས་ན་རྒྱ་ཆེའི་མང་ཚོགས་ཀྱིས་ཁོང་ཚོས་ཨོ་ལིམ་ཕིག་རྩེད་འགྲན་དཔལ་འབར་ཇོ་མོ་གླང་མར་ཁྱེར་སྐབས་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་རྒྱུའི་འཆར་གཞི་ཡོད་པར་ཚོད་དཔག་བྱེད་བཞིན་པ་དང༌། འོན་ཀྱང་དེའི་སྐབས་ས་གནས་གང་སར་འགྲོ་བསྐྱོད་དང༌། འབྲེལ་ལམ་འདུ་འཛོམས་མི་ཆོག་པའི་དམ་དྲག་ཤུགས་ཆེན་བྱས་རྐྱེན་བྱེད་ཐབས་བྲལ་བའི་བསམ་ཚུལ་བརྗོད་བཞིན་འདུག།  མེ་སོར་གསར་འགོད་པས།

རྭ་མོ་ཆེའི་དགེ་འདུན་པ་འཛིན་བཟུང༌།

ཕྱི་ཟླ་༥ ཚེས་༢༦ ཉིན་ལྷ་སའི་རྭ་མོ་ཆེ་གཙུག་ལག་ཁང་གི་དགེ་འདུན་པ་བུ་ཆུང་དང༌། དགྲ་འདུལ། སྐྱེས་ཡུལ་མལ་དྲོ་ནས་ཡིན་པ་དགེ་འདུན་པ་མིང་མ་གསལ།གཅིག་བཅས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང༌། དགེ་འདུན་པ་གསུམ་དེ་ཕྱི་ཟླ་༤ ཚེས་༧ ཉིན་ར་མོ་ཆེ་དགོན་པའི་དགེ་འདུན་པ་ཁྱོན་ཆེ་སྡེབ་གཅིག་ལ་འཛིན་བཟུང་བྱས་པའི་ནང་དུ་ཡོད་ཀྱང༌། ཉིན་གྲངས་༡༧ ཙམ་གྱི་རྗེས་ལ་དགེ་འདུན་པ་༥ ཙམ་མ་གཏོགས་གཞན་རྣམས་གློད་བཀྲོལ་གཏོང་སྐབས་ཁོང་ཚོ་དེའི་ནང་མཉམ་དུ་གློད་ཡོད་པ་རེད། དེ་རྗེས་ཁོང་གསུམ་ཡང་བསྐྱར་འཛིན་བཟུང་བྱ་རྩིས་ཐེངས་ཁ་ཤས་བྱས་ཡོད་འདུག་ཀྱང༌། དགེ་འདུན་པ་བྱིངས་ཀྱིས་བཀག་འགོག་དང་སྲུང་སྐྱོབ་བྱས་པར་བརྟེན་ལམ་སེང་འཛིན་བཟུང་བྱ་ཐུབ་མེད་ནའང༌། ད་ཐེངས་དགེ་འདུན་པ་གསུམ་དེས་ཕྱི་ཕྱོགས་སུ་ཁ་པར་གཏོང་ལེན་གྱི་འབྲེལ་བ་བྱེད་ཀྱི་ཡོད་ལུགས་སྐྱོན་འཛུགས་བྱས་ཏེ་གློ་བུར་འཛིན་བཟུང་བྱས་པ་ཡིན་འདུག།

དཀར་མཛེས་སུ་མུ་མཐུད་འཛིན་བཟུང༌།

ཟླ་༥ ཚེས་༢༨ ཉིན་བྲག་དཀར་བཙུན་དགོན་གྱི་བཙུན་མ་གསེར་ཆུ་སྟེང་ཤར་གྲོང་ཚོ་གདུང་ར་སྐྱ་སྐྱ་སྟེང་ཚང་གི་རང་ལོ་༢༦ ཡིན་པ་སངས་རྒྱས་ལྷ་མོ། གྲོང་ཚོ་གདུང་ར་ནས་ཡིན་པ་རང་ལོ་༣༨ཅན་ཚེ་དབང་མཁའ་འགྲོ། གྲོང་ཚོ་བརྩོ་བཞི་ནས་ཡིན་པ་རང་ལོ་༢༤ ཅན་ཡེ་ཤེས་ལྷ་སྒྲོན་བཅས་གསུམ་གྱིས་ཞི་བའི་ངོ་རྒོལ་དང་བོད་རང་བཙན་གྱི་ཡི་གེ་འབོར་ཆེན་གཏོར་ཡོད་པ་དང༌། དེ་རྗེས་ཐིང་ཁ་གྲོང་ཚོ་ལྷ་སྐྱེད་རྟ་དཔོན་ཚང་ནས་ཡིན་པ་རང་ལོ་༢༡ ཅན་ད་ལྟ་སློབ་གྲྭར་འགྲོ་བཞིན་པ་བུ་མོ་རིག་ལྡན་ལྷ་མོ་དཀར་མཛེས་རྫོང་ཐོག་ཏུ་འབྱོར་ནས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་ཞི་བའི་ངོ་རྒོལ་གྱི་སྐད་འབོད་ཤུགས་ཆེན་བྱས་པ་དང་རང་བཙན་གྱི་ཡི་གེ་འབོར་ཆེན་གཏོར་སྐབས་རྒྱ་དམག་ནས་མེ་མདའ་བརྒྱབ་འདུག་ཀྱང་འཕྲལ་དུ་འཛིན་བཟུང་བྱས་འདུག་པས། ལུས་ལ་མདེའུ་ཕོག་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང༌། མི་གཞན་གྱི་བརྒྱུད་ནས་གོ་ཐོས་བྱུང་བ་ཞིག་ལ་ལུས་ལ་ཁྲག་གི་ཁེངས་པ་སོགས་ཀྱི་གནས་ཚུལ་འདུག་ཀྱང་ཉེས་རྡུང་དང་མདེའུ་ཕོག་པ་གང་ཡིན་གྱི་གནས་ཚུལ་གསལ་ཁ་མ་བྱུང༌།།

དགེ་འདུན་པ་གཉིས་འཇུ་བཟུང༌། 

ཕྱི་ཟླ་༥ ཚེས་༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ ཐོག་ཨ་མདོ་རྔ་བ་རྫོང་གི་སྤྱི་བདེ་ཉེན་རྟོག་པས་ཀིརྟི་དགོན་པའི་གྲྭ་བློ་བཟང་རྡོ་རྗེ་དང༌། ཀུན་དགའ་གཉིས་དགོན་པ་ནས་འཛིན་བཟུང་བྱས་འདུག དེ་ཡང་དགོན་པར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྐབས་ཁོང་གཉིས་ཀྱིས་རྣམ་འགྱུར་ཡག་པོ་མ་བསྟན་པའི་རྒྱུ་རྐྱེན་འོག་འཇུ་བཟུང་བྱས་པ་ཞིག་ཡིན་འདུག དེ་བཞིན་བོད་ཀྱི་ས་གནས་ཆེས་མང་པོའི་ནང་འཇུ་བཟུང་བཙོན་འཇུག་གིས་གནས་ཚུལ་མུ་མཐུད་བྱུང་བཞིན་ཡོད་པ་རེད།།

གོམ་བགྲོད་པ་རྣམས་ཀྱི་ད་ལྟའི་གནས་སྟངས།

    བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་མཁན་རྣམས་རྒྱ་གར་ས་གནས་ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་དང༌། གོམ་བགྲོད་གོ་སྒྲིག་བྱེད་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་ལྔ་སྟེ། ཚེ་དབང་རིག་འཛིན་དང༌། བུ་མོ་ཚེ་རིང༌། ངག་དབང་འོད་འབར། འཆི་མེད་གཡུང་དྲུང༌། བསྟན་འཛིན་ཆོས་དབྱིངས་བཅས་དང༌། འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་བཅས་རྒྱ་གར་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ། རྒྱ་གར་ཨུ་ཏུ་རན་ཅལ་མངའ་སྡེའི་ཧཱར་ཝར་ཌི་ས་གནས་བཙོན་ཁང་དུ་བཅུག་ཡོད་པ་རེད།
    གོམ་བགྲོད་པ་རྣམས་མངའ་སྡེ་དེའི་བྷི་རི་ནཱག་ས་གནས་སུ་བཀག་འགོག་བྱས་ཏེ། བཟའ་བཅའ་ཉོ་སར་འགྲོ་སར་ཡང་མ་བཏང་བར་བརྟེན། དཀའ་ངལ་འཕྲད་བཞིན་ཡོད་འདུག་ཀྱང་ཁོང་རྣམས་ཀྱིས་དམ་བཅའ་ལ་འགྱུར་བ་མེད་པར་མུ་མཐུད་དུ་བསྐྱོད་རྒྱུར་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད་འདུག ཟླ་འདིའི་ཚེས་༢ ཉིན་བོད་དོན་རྒྱབ་སྐྱོར་གནང་མཁན་རྒྱ་གར་བ་སྐུ་ཞབས་རཱ་ཇེ་ཝོ་ར་དང༌། ལྕམ་ཨཱ་ཤཱ་རེ་ཌེ་གཉིས་ལས་འགུལ་བའི་སར་ཆེད་ཕེབས་གནང་སྟེ་ས་གནས་དཔོན་པོ་ཚོར་གོམ་བགྲོད་པར་བཟའ་བཅའ་ཉོ་སྒྲུབ་ཀྱི་གོ་སྐབས་སྤྲད་དགོས་པའི་དགོས་འདུན་བཏོན་པ་དང༌། ཕན་ཐོགས་ཡང་ཅུང་ཙམ་བྱུང་ཡོད་འདུག དེ་བཞིན་ཁོང་གཉིས་ཀྱིས་བོད་མིའི་འཚེ་བ་མེད་པའི་ལས་འགུལ་དེར་རྒྱབ་སྐྱོར་ཡོད་སྐོར་གྱིས་བསྟོད་བསྔགས་གནང་བ་དང༌། དེའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་རེད།
 ཟླ་འདིའི་ཚེས་༤ ཉིན་གྱི་སྔ་དྲོ་གཞོན་ལྷན་གྱི་དབུས་རྒྱུན་དཀོན་མཆོག་ཡར་འཕེལ་ལགས་སུ་ཁ་པར་བརྒྱུད་གནས་འདྲི་ཞུས་པར། ད་ལྟ་གོམ་བགྲོད་སར་མི་༣༠༠ ལྷག་ཅིག་ཡོད་པ་རེད། མུ་མཐུད་བསྐྱོད་རྒྱུར་རྒྱ་གར་མངའ་སྡེའི་བློན་ཆེན་དང༌། ས་གནས་རྫོང་ལ་དགོངས་ཁྲོལ་ཞུས་སྐབས། མི་ཉིས་བརྒྱ་ལྔ་བཅུ་ཙམ་བཀག་ཉར་བྱེད་སའི་ས་གནས་ནས་ཀི་ལོ་ཊིར་༤༥ ཙམ་གྱི་སར་སྔོན་དུ་གཏོང་རྒྱུ་བྱས་ཏེ། དེ་རིང་མི་མུ་མཐུད་བསྐྱོད་རྒྱུ་འགོ་འཛུགས་བྱས་ཡོད་པ་རེད། གཞན་རྣམས་ཉིན་ཁ་ཤས་རྗེས་ནས་ཚོགས་གཙོ་རྣམས་གློད་བཀྲོལ་བཏང་རྗེས་ཁོང་ཚོ་དང་མཉམ་དུ་བསྐྱོད་འཆར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།

རེབ་གོང་རོང་པོ་དགོན་ཆེན་གྱི་གནས་སྟངས།

    འདི་གར་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མདོ་སྨད་རེབ་གོང་གི་ས་གནས་ཀྱི་ཨ་ལགས་ཁ་སོ་རིན་པོ་ཆེ་ཕྱི་ཟླ་༤ ཚེས་༡༧ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ཏེ། གཅར་རྡུང་ཚད་མེད་བཏང་བར་བརྟེན། གློ་བ་ལ་སྐྱོན་ཤོར་བའམ། གློ་རྒྱག་རྒྱུ་མཚམས་མི་ཆད་པ་དང༌། སྤྱན་གྱིས་གསལ་པོ་མི་གཟིགས་པ། སྙན་གྱིས་གསལ་པོ་གསན་མི་ཐུབ་པ་ཆགས་ཏེ་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག སྨན་ཁང་གིས་ད་ལྟ་སྐྱོན་མི་འདུག་མོད། དེ་མུར་ཡུན་རིང་བཞག་ན་ཉེན་ཁ་ཡོད་པའི་འགྲེལ་བརྗོད་བྱས་ཡོད་འདུག
    ད་ལོའི་བོད་མི་ཞི་རྒོལ་སྐབས་རེབ་གོང་དུ་སེར་སྐྱ་མི་མང་ཇི་ཙམ་འཛིན་བཟུང་བྱས་ཡོད་པ་རྩད་གཅོད་ཐུབ་མེད་མོད། རོང་པོ་དགོན་ཆེན་གྱི་གྲྭ་བ་བདུན་ཙམ་ད་དུང་གློད་བཀྲོལ་བཏང་མེད་པ་མ་ཟད། གང་ཞིག་ཏུ་བཀག་ཉར་བྱས་ཡོད་ཀྱང་རྩད་གཅོད་ཐུབ་ཀྱི་མེད་པ་རེད། ད་དུང་ཚོགས་འཚོག་ཐུབ་ཀྱི་མེད་འདུག དེང་སྐབས་ཀྱང་དགོན་པའི་ནང་རྒྱ་གཞུང་གི་སློབ་གསོའི་རུ་ཁག་གློ་བུར་དུ་ཡོང་ནས་གུང་ཁྲན་ཏང་གི་སྲིད་ཇུས་ཐོག་ལྟ་ཚུལ་ག་འདྲ་ཡོད་མེད་འདྲི་རྩད་བྱེད་ཀྱི་ཡོད་པ་དང༌། གྲྭ་པ་རྣམས་ཀྱི་ཁོང་ཚོའི་འདོད་དོན་བཞིན་ལན་འདེབས་བྱེད་ཀྱི་མེད་པས་ཉེན་ཁའི་འོག་ཏུ་གནས་ཡོད་པ་རེད། ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་ལ་དོ་དམ་ནན་པོ་བྱེད་ཀྱི་ཡོད་འདུག།

བོད་མི་རིགས་ལ་རང་དབང་མེད། ང་ཚོ་ལ་རང་བཙན་དགོས།

    འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༦ ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༢ དང་སྐར་མ་༢༢ ཙམ་གྱི་ཐོག་མདོ་ཁམས་ཏྲེ་ཧོར་དཀར་མཛེས་ས་ཁུལ། བྲག་མགོ་རྫོང་ཐོག་ཏུ་བྲག་མགོ་ལྗང་མདའ་ནས་ཡིན་པ་གྲྭ་ཚེ་དབང་གྲགས་པ་ལོ་༢༢དང༌། རྟའུ་ནས་ཡིན་པ་གྲྭ་ཐུབ་བསྟན་རྒྱ་མཚོ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ནས་ཡིན་པ་གྲྭ་བྱང་སེམས་ཉི་མ་ལོ་༢༢གསུམ་གྱིས་ཞི་རྒོལ་སྐད་འབོད་དང༌། གངས་སེང་རྟགས་ཅན་གྱི་བོད་ཀྱི་རྒྱལ་རྟགས་འཁོད་པའི་ཐོག་ཡིག་ཆ་འབོར་ཆེན་འགྲེམས་སྤེལ་བྱས་རྗེས་རྒྱ་གཞུང་གིས་དམག་མིས་འཛིན་བཟུང་དང་བཙན་ཁྲིད་བྱས་ཡོད་འདུག
    ཁོང་རྣམས་ཀྱིས་ངོ་རྒོལ་གནང་སྐབས་སྐྱ་ཆས་གསོལ་ཡོད་འདུག་པ་དང༌། ཡིག་ཆ་ཁག་གཉིས་འགྲེམས་སྤེལ་བྱས་པའི་གཅིག་ནི་བོད་མི་རིགས་ཀྱིས་རྒྱ་ནག་གི་བཙན་གནོན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་འབོད་སྐུལ་དང༌། གཅིག་ནི་ད་ལྟའི་བོད་ཀྱི་གནས་སྟངས་སྐོར་གྱི་འབོད་ཚིག་ཡིན་འདུག་པ་གཤམ་གསལ་ལྟར་ཡིན།
འབོད་སྐུལ། རང་མི་རིགས་དང་དེའི་ཆིག་སྒྲིལ་ཆེད་སྐུ་སྲོག་བློས་གཏོང་ཕོད་པའི་ཁ་བ་གངས་ཅན་གྱི་ཡུལ་དུ་གནས་སྡོད་བོད་མི་ཡོངས་ཀྱི་མདུན་སར། རང་ས་རང་སྲུང་དང༌། རང་དབང་ཐོབ་ཐང༌། བོད་རང་བཙན་གྱི་ལས་དོན་རླབས་ཆེན་སྟོབས་ཤུགས་ཀྱིས་འགོ་འཛུགས་བྱས་ཏེ། ཆོལ་གསུམ་བོད་མི་ཀུན་གྱིས་གོ་སྐབས་འདི་དག་དམ་འཛིན་བྱས་ཏེ་རང་རང་ས་ནས་མགོ་བོ་མ་འཐོམ་པར་ཡར་ལངས་མི་ཉུང་བ་ཞིག་བྱེད་བཞིན་ཡོད་སྟབས། ཧ་ཅང་ལེགས་ཤོས་ཤིག་ཏུ་བརྩི་འོས་མོད། ཡིན་ཡང་ཡིད་སྐྱོ་བ་ཞིག་ལ་ང་ཚོའི་ཡར་ལངས་བྱེད་སྟངས་དེར་རྒྱ་ནག་གཞུང་གིས་གཡོ་ཇུས་འདྲ་མིན་གྱིས་ྋགོང་ས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གྱི་རྩ་དོན་དང་གཏན་ནས་མི་འགྲིག་པ་བཟོ་བཞིན་ཡོད། འོ་ན་ང་ཚོས་ཇི་ལྟར་ཡར་ལངས་དགོས་ཞེ་ན། འཚེ་བ་མེད་པའི་དམ་པའི་ཆོས་ཀྱི་བསྟན་དོན་སྙིང་ལ་བཅངས་ནས། རྒྱ་བོད་གཉིས་ཀྱི་བདེ་བའི་ཐབས་ལམ་བསྐྲུན་ནས། ཞི་བའི་རང་དབང་རྩོད་རྒྱུ་དང༌། ཞི་བའི་ངོ་རྒོལ་བྱེད་རྒྱུ། ཞི་བའི་རང་བཙན་ལེན་དགོས་པ་རེད། རྡོ་དང༌། དབྱུག་པ། གྲི་དང་མེ་མདའ་དག་གིས་རྒྱ་མིར་ངོ་རྒོལ་འཇིགས་སྐུལ་རིང་ལུགས་ཀྱི་ལས་ཀ་ཡིན་ཚུལ། བོད་མི་སུས་ཀྱང་བྱ་སྤྱོད་འདི་དག་ངོ་ཤེས་དགོས། རྒྱ་ནག་གིས་བསམ་གཟས་ཏེ། གཡོ་ཇུས་ངན་པས་ང་ཚོའི་ཡར་ལངས་འདི་དག་འཇིགས་སྐུལ་རིང་ལུགས་པར་སྒྱུར་བཞིན་ཡོད་སྟབས། གཡོ་སྒྱུའི་བསླུ་བྲིད་ངན་པ་འདིའི་འོག་ཏུ་གཏན་ནས་འཆོར་དུ་མི་འཇུག་པར། རང་གི་ཚེ་སྲོག་ལ་ཐུག་ཀྱང་ཞི་བའི་ངོ་རྒོལ་རྒྱུན་མཐུད་དུ་བྱེད་དགོས། ྋགོང་ས་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་གཞིར་བཟུང་ན་ལོ་ངོ་ལྔ་བཅུའི་རིང་གི་བཙན་གནོན་མཇུག་རྫོགས་སྲིད། གོ་སྐབས་འདི་འཆོར་དུ་མི་འཇུག་པར་བོད་དོན་ལ་ནུས་ཤུགས་ཡོད་རྒུ་འདོན་རྒྱུ་ནི་རང་ཉིད་བོད་པར་སྐྱེས་བའི་དོན་དང༌། འཛམ་གླིང་རྒྱལ་ཁབ་ཁག་གི་འབོད་སྐུལ་བོད་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ཁྲིམས་ལུགས་དང་ཡང་མཐུན། གལ་ཆེན་རང་བཞིན་གྱི་དོན་འདི་བོད་མི་སུ་ཡིན་ཡང་ཐུགས་ལ་གཟབ་ནན་གྱིས་འཇགས་པར་ཞུ་ཞུ། སྙིང་ཁོངས་རུས་པའི་གཏིང་ནས་རེ་བཅོལ་ཞུས་པའོ།།
རེ་འབོད། ང་ཚོ་བོད་མི་རིགས་ཀྱི་ཆབ་སྲིད་ལ་རང་དབང་མེད། ང་ཚོའི་ཆབ་སྲིད་ལ་རང་བཙན་དགོས། ང་ཚོ་བོད་མི་རིགས་ཀྱི་དཔལ་འབྱོར་ལ་རང་དབང་མེད། ང་ཚོའི་དཔལ་འབྱོར་ལ་རང་བཙན་དགོས། ང་ཚོ་བོད་མི་རིགས་ཀྱི་རིག་གནས་ལ་རང་དབང་མེད། ང་ཚོའི་རིག་གནས་ལ་རང་བཙན་དགོས། མི་ལོ་ལྔ་བཅུའི་རིང་ང་ཚོ་བོད་མི་རིགས་ལ་རྒྱ་མིའི་ཆབ་སྲིད་ཀྱི་འོག་བཙན་དབང༌། འཇིགས་སྐུལ། རྡུང་རྡེག་དང་ཤི་གསོད་ཁོ་ནས་བཅིངས་བསྡོམས་བྱས་ཡོད། ང་ཚོ་བོད་མི་རིགས་བཅིངས་གྲོལ་དགོས། ང་ཚོ་བོད་མི་རིགས་ལ་རང་དབང་མེད། ང་ཚོ་ལ་རང་བཙན་དགོས། ང་ཚོ་ལ་རང་བཙན་དགོས། ཞེས་སོགས་འཁོད་འདུག་པ་མ་ཟད་འདི་དང་འདྲ་བའི་ཡིག་ཆ་ཁག་ཅིག་དེ་སྔོན་ནས་དཀར་མཛེས་ཁུལ་གྱི་རྫོང་འགའི་ནང་འགྲེམས་སྤེལ་བྱེད་མཁན་ཡང་བྱུང་ཡོད་ཚུལ་འདུག
ཁོང་གསུམ་གྱིས་ངོ་རྒོལ་གནང་སྟངས་ནི་ཐོག་མར་གྲྭ་པ་གཅིག་རང་གིས་ངོ་རྒོལ་བྱས་པ་དང་དེ་འཛིན་བཟུང་ཚར་རྗེས་གཉིས་པ་དེ་ཐོན་པ། དེ་རྗེས་གསུམ་པ་དེ་ཐོན་པ་སོགས་གོ་རིམ་དང་ལྡན་པ་ཞིག་བྱས་ཡོད་འདུག་ཅིང་ཁོང་གསུམ་ཀའི་གྱོན་ཆས་དཀར་པོ་དཀར་གཙང་རེ་གྱོན་ཡོད་འདུག ཁོང་གསུམ་ལ་རྒྱ་དམག་དང་ཉེན་རྟོག་པས་རྡུང་རྡེག་ཚད་མེད་བཏང་བ་མ་ཟད། གྲྭ་ཚེ་དབང་གྲགས་པའི་གསལ་ཁ་དེ་ཙམ་མེད་ཀྱང་གོ་ཐོས་ལྟར་ཁོང་གྲོངས་ཟིན་ཡོད་ཚུལ་འདུགརྐང་པ་ལྟེབ་རྩིས་བརྒྱབ་ནས་བརྡུང་པ་དང་སྲོག་ལ་ཉེན་ཁ་ཡོད་པའི་གནས་ཚུལ་ཤིན་ཏུ་ཛ་དྲག་པོའི་ངང་ཡོད་འདུག་ཅིང༌། རྒྱ་དམག་གིས་རྡུང་རྡེག་བཏང་ཚུལ་མཐོང་མཁན་བོད་མི་རྣམས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་པ་རེད།

མི་མང་བཙོན་འཇུག་དང་དཔལ་འབྱོར་གྱི་ཁྲིམས་ཆད།

    སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གཤམ་འཁོད་མི་གྲངས་༩༧ ལ་ཁྱོན་བསྡོམས་རྒྱ་སྒོར་༧༣༠༠༠༠ ཉེས་ཆད་བཅད་ཡོད་འདུག ཕྱི་ལོ་༢༠༠༨ ཟླ་༤ ཚེས་༢ རྨ་ཆུ་རྫོང་དངུལ་རྭ་ཞོལ་མའི་དཔྱི་ཁོག་ནས་ཞི་རྒོལ་བ་མི་གྲངས་༥༦ འཛིན་བཟུང་དང༌། ཟླ་དེའི་ཚེས་༥ ཉིན་བོད་མི་༥ འཛིན་བཟུང་གིས་ཁྱོན་མི་གྲངས་༦༡ འཛིན་བཟུང་བཙོན་འཇུག་བྱས་པ་ལས། བསམ་འགྲུབ་དང༌། བསོད་ནམས་དོན་འགྲུབ། བ་རྡོ། རབ་རྒྱས། བརྩོན་འགྲུས། ཆོས་རྒྱ་མཚོ། བསོད་ཁོ། བཀྲ་དབང༌། སྐར་བྷོ། མགོན་པོ། སྒྲོན་དཀར། དཀོན་མཆོག བློ་བཟང༌། རིན་ཆེན། བློ་བྷོ། བསོ་མ། ནོར་བུ། འཇིགས་མེད། རིན་ཆེན། དོ་དོ། སྐལ་ཚེ། བཀྲ་ནོར། འཇིགས་བྱེད། དཀོ་ལེ། ཐབས་མཁས། བྱམས་པ། མ་བྷོ། སྨན་ཞིག ཅ་ཆོས། དོན་འགྲུབ། ཆོས་འཕེལ། བློ་གཅེས་དང༌། བཀྲིས་བྲག་ཐོ། ཐུ་མེད་དོ་ལོ་ཚང་གི་རྣམ་སྲས། ཀརྨ་སོགས་མི་གྲངས་༤༤ རྨ་ཆུ་རྫོང་བཀག་ཉར་ཁང་དུ་ཉེས་རྡུང་ཚད་མེད་བཏང་མཐར། ཕྱི་ཟླ་༤ ཚེས་༡༦ ཉིན་གློད་བཀྲོལ་སྐབས་མི་གྲངས་༤༡ ལ་མི་རེར་རྒྱ་སྒོར་༥༠༠༠ རེ་ཉེས་ཆད་བཙན་འགེལ་བྱས་ཡོད་ལ། གཞན་བློ་གཅེས་དང༌། བཀྲིས་བྲག་ཐོ། ཐུ་མེད་དོ་ལོ་ཚང་གི་རྣམ་སྲས་༼ཁོང་ནི་ཕྱི་ཟླ་༤ ཚེས་༡༦ ཉིན་དངུལ་རྭ་དཔྱི་ཁོག་གི་ཞི་བའི་ཡར་ལངས་སྐབས་བོད་ཀྱི་རྒྱལ་དར་འབྲི་མཁན་ཡིན༽གསུམ་ལ་རྒྱ་སྒོར་༡༠༠༠༠ རེའི་ཉེས་ཆད་བཅད་ཡོད་འདུག དེ་རྗེས་གོང་འཁོད་མི་གྲངས་༦༡ ལས་དཀོ་བྷེ་སྐྱག་རུབ་དང༌། བརྩོན་འགྲུས་གཉིས་ལ་ཉེས་ཆད་རྒྱ་སྒོར་༡༠༠༠༠ བཅད་དེ་གློད་བཀྲོལ་བཏང༌།     
    ཕྱི་ལོ་༢༠༠༨ ཟླ་༤ ཚེས་༣༠ ཉིན། གཅོད་ཚེ་དང༌། དོན་ཆོས། རྟ་མགྲིན། འུར་པོ། འཇམ་དབྱངས། ཀ་ལི། ཤེས་རབ། བསོད་གྲགས། རྣམ་སྲས། བསྟན་འཛིན་ཝོ་ཆེན་ཚང་གི་མག་པ། ཡུམ་ཐར་ཚང་གི་བུ་བཅས་གློད་བཀྲོལ་སྐབས་མི་རེར་རྒྱ་སྒོར་༡༥༠༠༠ ཉེས་ཆད་བཅད་ཡོད་འདུག ཐུ་མེད་རུ་ནག་གི་སྐྱབས་ལོ་གློད་གྲོལ་སྐབས་རྒྱ་སྒོར་༡༥༠༠༠ གིས་ཉེས་ཆད་བཅད་ཡོད་འདུག མགར་ཚང་གི་བློ་ནག ཐུ་མེད་རུ་ནག་གི་དོ་ལོ། ཆུ་ལུང་དོ་ལོ་གསུམ་ཕྱི་ཟླ་༥ ཚེས་༡༤ མི་རེར་རྒྱ་སྒོར་༡༥༠༠༠ གིས་ཉེས་ཆད་བཅད་དེ་གློད་བཀྲོལ་བཏང་ཡོད་འདུག ཨང་རྟགས་འཁོད་པའི་མི་གྲངས་བཅོ་ལྔ་ལ་བཙོན་ཁང་དུ་ཉེས་རྡུང་བཏང་བས་མ་ཚད་རྒྱ་གཞུང་གིས་གཟུགས་པོ་བརྟག་དཔྱད་ལ་ཁ་གཡར་ཏེ་མི་རེར་ཐེངས་གསུམ་ལ་ཁྲག་བླངས་པས་དེང་སྐབས་ཁོང་ཚོའི་གཟུགས་བབས་ནད་གཅོང་ཆགས་ཡོད་འདུག     ཕྱི་ལོ་༢༠༠༨ ཟླ་༤ ཚེས་༤ ཉིན་རྒྱ་དམག་གིས་རྨ་ཆུ་རྫོང་དངུལ་རྭ་དགོན་གྱི་གྲྭ་༣༦ འཛིན་བཟུང་བྱས་པ་ལས་གྲྭ་༢༩ ལ་གློད་བཀྲོལ་སྐབས་རྒྱ་སྒོར་༥༠༠༠ རེའི་ཉེས་ཆད་བཙན་འགེལ་བྱས་ཡོད། དེ་དག་ནི་གྲྭ་སྐལ་བཟང་སྟོབས་ལྡན་དང༌། སྐལ་བཟང་ཤཱཀྱ། སྐལ་བཟང་བཀྲིས། སྐལ་བཟང་འཇམ་དབྱངས། སྐལ་བཟང་མཁས་གྲུབ། སྐལ་བཟང་ཕུན་ཚོགས། སྐལ་བཟང་རྒྱ་མཚོ། བློ་བཟང་རྒྱ་མཚོ། འཇིགས་མེད་སྦྱིན་པ། སྐལ་བཟང་ཕུན་ཚོགས། སྐལ་བཟང་ཡོན་ཏན། སྐལ་བཟང་བསམ་གཏན། སྐལ་བཟང་དོན་འགྲུབ། སྐལ་བཟང་དབྱིག་གཉེན། བློ་བཟང་རྒྱ་མཚོ། བློ་བཟང་རྒྱ་མཚོ། ཡར་འཕེལ་རྒྱ་མཚོ། སྐལ་བཟང་སྦྱིན་པ། སྐལ་བཟང་ལེགས་བཤད། དཀོན་མཆོག་རྒྱ་མཚོ། སྐལ་བཟང་དགེ་ལེགས། བསམ་འགྲུབ་རྒྱ་མཚོ། ཡར་འཕེལ་རྒྱ་མཚོ། སྐལ་བཟང་བསྟན་འཛིན། སྐལ་བཟང་འཇམ་དབྱངས། སྐལ་བཟང་འཇིགས་མེད། དགེ་འདུན་རྒྱ་མཚོ། སྐལ་བཟང་དོན་འགྲུབ། འཇིགས་མེད་སྦྱིན་པ་བཅས་ཡིན།
    དེ་འཕྲོས་ཀྱི་གྲྭ་སྐལ་བཟང་ཡོན་ཏན། སྐལ་བཟང་ཆོས་གྲགས། བཀྲིས་རྒྱ་མཚོ། སྐལ་བཟང་བྱམས་པ། དམ་ཆོས་རྒྱ་མཚོ། སྐལ་བཟང་རྒྱ་མཚོ། སྐལ་བཟང་ཐབས་མཁས་བཅས་ཞི་བའི་ངོ་རྒོལ་བྱེད་མཁན་གཏེ་བོའི་གྲས་ཡིན་པའི་ཉེས་མིང་འོག་མི་རེར་རྒྱ་སྒོར་༡༥༠༠༠ ཉེས་ཆད་བཅད་དེ། ཕྱི་ཟླ་༥ ཚེས་༡༥ གློད་གྲོལ་བཏང་ཡོད་འདུག གྲྭ་པ་ཕལ་ཆེ་བར་ཉེས་རྡུང་དང་བཀྲེས་ལྟོགས་ཀྱིས་དབང་གིས་ལུས་སེམས་ཀྱི་བདེ་ཐང་ཧ་ཅང་ཞན་པོ་ཆགས་ཡོད་པ་རེད།།

ཟླ་གསུམ་རིང་གི་བོད་མིའི་ཞི་རྒོལ།

འདི་ལོའི་གསུམ་བཅུའི་དུས་དྲན་ནས་བོད་ནང་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་ནས་ཟླ་གསུམ་འཁོར་བའི་ཉིན་མོ་སྟེ། ཟླ་འདིའི་ཚེས་༡༠ ཉིན་བོད་གཞུང་མང་ཛ་དྲག་ཚོགས་ཆུང་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། བོད་མིའི་ཞི་རྒོལ་གཞི་རྒྱ་ཆེ་ཤོས་ཀྱི་སྐབས་སུ་མང་ཚོགས་ཆིག་ཁྲི་ལྷག་འཛོམས་ཡོད་པ་དང༌། ཉུང་བའི་སྐབས་སུ་བོད་མི་གཅིག་ལས་མེད་པའང་བྱུང་ཡོད། བོད་ནང་གི་ས་གནས་གང་སར་ངོ་རྒོལ་བྱུང་བའི་ནང་རྒྱ་ནག་གཞུང་གིས་ཆེད་མངགས་བོད་མིར་བརྫུས་ཏེ་འཁྲུག་རྐྱེན་བསླངས་ནས་དྲག་པོའི་ངོ་བོར་བསྒྱུར་བའི་ལས་འགུལ་རེ་ཟུང་ལས། ད་ཕན་ཟླ་བ་གསུམ་རིང་བྱུང་བའི་ངོ་རྒོལ་གྱི་བརྒྱ་ཆ་༩༩ ཡོངས་སུ་འཚེ་མེད་ཞི་བ་ཆགས་ཡོད། ཞི་རྒོལ་བྱུང་བའི་གྲངས་འབོར་ལ་མཚོན་ན། རྒྱ་ནག་ཤིན་ཧྭ་གསར་ཁང་རང་གིས་ཕྱི་ཟླ་གསུམ་པའི་ཚེས་༡༠ ནས་༢༥ བར་ངོ་རྒོལ་ཐེངས་༡༥༠ བརྒལ་བ་བྱུང་ཚུལ་བཤད་ཡོད་པས། དེ་ལྟར་ན་ཉིན་གྲངས་༡༥ རིང་ཉིན་རེར་ཆ་སྙོམས་ཞི་རྒོལ་ཐེངས་༡༠ ལྷག་བྱུང་ཡོད་པ་རེད།
ཞི་རྒོལ་གྱི་སྐད་འབོད་གཙོ་བོ་ཁག་ནི། བོད་རང་བཙན་ཡིན་པ་དང་ྋགོང་ས་མཆོག་སྐུ་ཚེ་བརྟན་དགོས་པ། ྋགོང་ས་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ནང་རང་དབང་དགོས་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ། རྒྱ་མི་བོད་ནས་ཕར་འགྲོ་དགོས་པ་སོགས་རེད། དམག་གིས་དྲག་གནོན་ཁྲོད་ད་ཕན་ཉུང་མཐར་བོད་མི་༢༠༩ དམར་གསོད་བཏང་བ་དངོས་ར་འཕྲོད་ཡོད་པ་དང༌། འཛིན་བཟུང་བཙོན་འཇུག་བྱས་པ་ཉུང་མཐར་༥༩༧༢ དང་རྨས་སྐྱོན་ཕོག་པ་༡༠༠༠ ལྷག་བྱུང་ཡོད་པ་རེད། དེ་བཞིན་གསང་བ་དང་གསང་བ་མ་ཡིན་པའི་ཁྲིམས་ཐག་བཅད་པའི་མི་༤༠ ཙམ་བྱུང་ཡོད་པ་རེད་ཅེས་ཞི་རྒོལ་དེའི་བརྒྱུད་རིམ་འཁོད་ཡོད་པ་རེད།།

རྡུང་རྡེག་དང་འཕྲོག་བཅོམ།

འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༣ ཚེས་༡༠ ནས་བོད་ནང་གི་ས་གནས་གང་སར་བོད་མི་ཞི་རྒོལ་བ་རྣམས་ལ་རྒྱ་ནག་གིས་དྲག་གནོན་ཚབས་ཆེན་བཏང་ཡོད་པ་ལྟར། ཕྱི་ཟླ་༣ ཚེས་༡༨ ཉིན་མདོ་སྨད་བླ་བྲང་རྒྱལ་མོ་དགོན་དུ་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། འཕྲལ་མར་ཀན་སུའུ་ལན་ཀྲུའུ་ཕྱོགས་ནས་རྒྱ་དམག་ཕོན་ཆེ་བཏང་སྟེ། རྒྱལ་མོ་དགོན་ས་ཁུལ་དུ་ཡ་ང་བའི་དྲག་གནོན་བྱས་ཡོད་པ་རེད། ཟླ་དེའི་ཚེས་༢༠ ཉིན་རྒྱ་དམག་མང་པོ་རྒྱལ་མོ་ལོ་བ་རུ་ཁག་མྱིང་ཅན་སྡེ་བར་ཡོང་སྟེ་ཁྱིམ་ཚང་ཚང་མ་སྔོག་བཤེར་གྱིས་མཆོད་ཁང་སོགས་གཏོར་བཅོམ་ཚད་མེད་བྱས་པ་མ་ཟད། ད་དུང་ཁྱིམ་མི་རེ་རེའི་སྐྱེས་པར་ཁྲག་གིས་འཛུབ་ཐེལ་རྒྱག་བཅུག་པ་དང༌། ཁྱིམ་ཚང་རེ་རེར་རྒྱ་སྒོར་ལྔ་སྟོང་གི་ཆད་པ་བཅད་ཡོད་པ་རེད། སྐྱེས་པ་མང་པོ་འཛིན་བཟུང་གིས་བཙོན་འཇུག་བྱས་པ་མ་ཟད། ཉེས་རྡུང་ཚབས་ཆེན་བཏང་སྟེ་རྐང་ལག་བཅག་པའི་གནས་ཚུལ་ཡང་བྱུང་འདུག རྒྱལ་མོ་ཁུལ་ནས་སྦག་སྦག་དྲུག་བརྒྱ་ཙམ་གཞུང་གིས་བཙན་འཕྲོག་བྱས་ནས་ད་དུང་བོད་མི་ཚོར་སྦག་སྦག་ཚུར་རག་མེད་པ་རེད།།

རྨ་ཆུ་རྫོང་དུ་ཞི་རྒོལ་བར་དཔལ་འབྱོར་ཉེས་ཆད།

    ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༢ རྒྱ་དམར་གཞུང་གིས་རྨ་ཁུག་རྟ་རའི་སྐལ་བཟང་སྐྱབས་ལོ་༣༣དང༌། ཤ་ཉེ་ཁོ་ལོ༣༧ གསང་བདག་ལོ་༣༥ རིན་བྷེ་ལོ་༤༡ སྨོན་ལམ་ལོ་༢༣ རྟམ་བྷེ་ལོ་༣༦ གདུགས་ཐོ་ལོ་༣༥ ཚེ་བདག་ལོ་༢༢ ཐོས་དགའ་ལོ་༢༧ མཁན་པོ་ལོ་༢༧ བསོད་ནམས་བཀྲིས་ལོ་༢༣ ཚེ་བརྟན་རྡོ་རྗེ་ལོ་༢༣ རྡོ་རྗེ་ཚེ་རིང་ལོ་༡༩ རྟ་མགྲིན་ཚེ་རིང་ལོ་༢༥ བསམ་ཁོ་ལོ་༣༣ ཚེ་བྷེའམ་ཚེ་རིང་དོན་འགྲུབ་ལོ་༢༧ བཅས་འཛིན་བཟུང་གིས་ཉེས་རྡུང་དང་མནར་གཅོད་བཏང་སྟེ་ཚ་འདྲི་བྱས་ཡོད་ལ། དེ་བཞིན་བསོད་ནམས་བཀྲིས་དང༌། སྨོན་ལམ་གཉིས་ལ་དྲག་རྡུང་གིས་དེང་སྐབས་ལུས་བབས་ནད་གཅོང་བཟོས་ཡོད་འདུག
    གློད་གྲོལ་སྐབས་ཤ་ཉེ་ཁོ་དང་གསང་བདག་གཉིས་ལ་རྒྱ་སྒོར་༡༠༠༠༠ རེ་དང༌། དེ་འཕྲོས་ཀྱི་མི་གྲངས་བཅུ་བཞི་ལ་ཉེས་ཆད་རྒྱ་སྒོར་༥༠༠༠ བཙན་འགེལ་བྱས་ཡོད་འདུག ཁོང་ཚོར་གློད་གྲོལ་སྐབས་འབྲེལ་ཡོད་སྤྱི་བདེ་མི་སྣས་བརྗོད་པར། ག་དུས་སྤྱི་བདེ་ལས་ཁུངས་སུ་འབོད་འགུགས་བྱས་ན་དུས་ཐོག་ཡོང་དགོས་པའི་འཇིགས་བསྐུལ་ཡང་བྱས་ཡོད་འདུག། གོང་འཁོད་མི་གྲངས་༡༦ ལ་རྒྱ་སྒོར་ཁྲི་༩ དངུལ་ཆད་བཙན་འགེལ་བྱས་འདུག
    ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༢ ནས་༢༣ བར་འཛིན་བཟུང་བྱས་པའི་སྨད་མ་ཞལ་ཤུལ་དགོན་གྱི་གྲྭ་བསྟན་འཕེལ།ལོ་༣༠ ཚུལ་ཁྲིམས་ལོ་༢༨ མྱི་ཕྱུག་ཚང་གི་བཟོད་པ་རྒྱ་མཚོ། སྨད་མ་མཚན་སྒྲོག་དགོན་པའི་སྤུས་སྦྱིན་ཚང་གི་དཀོན་མཆོག བློ་གྲོས་སོགས་གྲྭ་པ་༡༧ འཛིན་བཟུང་བྱས་པ་ལས་གྲྭ་བཅོ་ལྔ་གློད་གྲོལ་སྐབས་ཉེས་ཆད་མཐོ་ཤོས་ལ་༢༠༠༠༠ འབྲིང་ལ་༡༥༠༠༠ ཆུང་ཤོས་ལ་༥༠༠༠ དངུལ་ཆད་བཙན་འགེལ་བྱས་ཡོད་ཅིང༌། སྤུས་སྦྱིན་ཚང་གི་དཀོན་མཆོག་དང༌། བློ་གྲོས་གཉིས་དེང་སྐབས་བཙོན་ཁང་དུ་མུ་མཐུད་བཀག་ཉར་བྱས་ཡོད་འདུག དེ་བཞིན་སྨད་མ་ཤང་མཚན་སྒྲོག་དགོན་གྱི་རང་ལོ་༡༥ ཡིན་པ་མང་ཚེ་ཚང་གི་གྲྭ་འཇམ་དབྱངས་རྒྱ་མཚོར་རྒྱ་དམག་གིས་བཙོན་ཁང་དུ་ཉེས་རྡུང་ཚབས་ཆེན་བཏང་བས་ད་ལྟ་འཆི་གསོན་མ་ངེས་པའི་གནས་སྟངས་འོག་ལན་ཀྲུའུ་དམག་མིའི་སྨན་ཁང་དུ་མུ་མཐུད་སྨན་བཅོས་བྱེད་ཀྱི་ཡོད་འདུག
    བློ་གྲོས་དབང་པོའམ་བོད་ཞི་བདེ་རྒྱ་མཚོ་ལགས་ཕྱི་ལོ་༢༠༠༨ ཟླ༤ ཚེས༡༧ ལ་རྒྱ་ནག་ལན་ཀྲུའུ་གྲོང་ཁྱེར་ནང་ཀན་སུའུ་ཞིང་ཆེན་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་མི་སྣས་འཛིན་བཟུང་བྱས་ཤིང༌། ཟླ་༥ ཚེས་༢༧ ཉིན་རྒྱ་སྒོར་དྲུག་ཁྲིའི་ཉེས་ཆད་འོག་གློད་གྲོལ་བཏང་ཡོད་འདུག་ཀྱང་ཁོང་གི་གློག་ཀླད་དང་མ་གནས་རྒྱ་སྒོར་ལྔ་སྟོང་ཡིན་པའི་པར་ཆས། ཕྱི་བསྐྱོད་ལག་འཁྱེར་བཅས་འཕྲོགས་ཏེ་ལོ་གསུམ་རིང་རྨ་ཆུ་རྫོང་ལས། ས་གནས་གཞན་ལ་འགྲོ་བསྐྱོད་བྱེད་མི་ཆོག་པ་དང༌། དེ་བཞིན་ཕྱི་རྒྱལ་དང་མི་གང་ཡིན་ལ་འབྲེལ་བ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག གལ་སྲིད་ལོ་གཅིག་རིང་ཁ་བྲལ་ཕྱོགས་ཁག་དང་སྲིད་དོན་ལ་འབྲེལ་བ་མ་བྱས་ཚེ་པར་ཆས་ཕྱིར་སྤྲོད་རྒྱུ་ཡིན་ཚུལ་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་བརྗོད་ཡོད་འདུག
    བློ་གྲོས་དབང་པོ་ལན་ཀྲུའུ་རུ་འཛིན་བཟུང་གིས་རྒྱལ་ཁབ་བདེ་འཇགས་མི་སྣ་ཟེར་བས་ཉིན་དགུའི་རིང་མཐེབ་ལྕགས་དང་ལག་ལྕགས་བརྒྱབ་སྟེ་ཚ་འདྲི་དང་ཉེས་རྡུང་བཏང་སྟབས། ཁོང་གི་ལག་པར་རྨས་སྐྱོན་ཕོག་ཡོད་འདུག་ལ་གཟུགས་གཞིའི་གནས་བབས་ཀྱང་ཧ་ཅང་སྐྱོ་བོ་ཆགས་གཤིས་དེང་སྐབས་རྨ་ཆུ་རྫོང་དུ་གཞུང་འབྲེལ་སྨན་བཅོས་བྱེད་བཞིན་ཡོད་འདུག ད་ལོའི་ཕྱི་ཟླ་༤ ནང་ཁོང་གིས་བཙུགས་པའི་ཞི་བདེ་རྒྱ་མཚོའི་ཆེད་གཉེར་སློབ་གྲྭ་སྒོ་བརྒྱབ་སྟེ་སློབ་ཕྲུག་རྣམས་རང་ཁྱིམ་དུ་ཕྱིར་སློག་བྱས་ཡོད་ཀྱང༌། མུ་བྱེ་སྡེ་བའི་ཡུལ་མི་དང་མུ་ར་དགོན་སྡེ་རྨ་ཡུལ་བསམ་གཏན་ཆོས་འཁོར་གླིང་གཉིས་ཐུན་མོང་ནས་རྫོང་རིམ་པར་སློབ་ཕྲུག་ཚོའི་སློབ་སྦྱོང་གི་གོ་སྐབས་སྤྲོད་དགོས་སྐོར་ཡང་ཡང་ཞུ་གཏུག་བྱས་རྐྱེན། དེང་སྐབས་སློབ་མ་ཚོ་རྨ་ཆུ་རྫོང་བོད་སློབ་ཆུང་དང་ཟླ་བསྒྲིལ་བཏང་སྟེ་ཁོང་ལ་སློབ་གྲྭར་ལྟ་རྟོགས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་སྟེ་ཁོང་གི་སློབ་སྤྱི་གཞོན་པའི་གོ་གནས་དེའང་མེད་པ་བཟོས་འདུག གོང་གསལ་རྒྱ་སྒོར་དྲུག་ཁྲི་ལས་སྒོར་ཉིས་ཁྲི་གཏའ་མར་བཞག་ཡོད་པ་དང༌། འཕྲོས་ཀྱི་སྒོར་བཞི་ཁྲི་དེ་ཁོ་པ་གློད་བཀྲོལ་ཆེད་ཁུལ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་ལ་ལྐོག་རྔན་དུ་གྲོན་གཏོང་བྱས་པ་ཡིན་འདུག།།
སྒྲོལ་དཀར་སྐྱབས་ཀྱིས།

ཞི་རྒོལ་བྱས་པ་དེ་ཆོས་དང་རང་དབང་གི་ཆེད་དུ་ཡིན།

    ཟླ་འདིའི་ཚེས་༧ ཉིན་བལ་ཡུལ་རྒྱལ་ས་ཁུལ་བོད་ཐང་ཞེས་འབོད་པའི་ཐང་ཆེན་དེ་ནས་འགོ་འཛུགས་ཀྱིས་བོད་དོན་ཞི་བའི་གོམ་བགྲོད་ཅིག་གནང་ཡོད་པ་དེར་གྲྭ་བཙུན་གཙོས་པས་མི་མང་༥༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང༌། ལས་འགུལ་དེ་ནི་རྒྱ་ནག་གི་སྲིད་བློན་དབུན་ཅཱ་པོ་ལ་ལན་འདེབས་ཀྱི་ལས་འགུལ་ཞིག་ཡིན་པ་རེད། དབུན་ཅཱ་པོ་ཡིས་བོད་དུ་དགེ་འདུན་པ་གཙོས་པའི་མི་མང་གིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་དེ་ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་པ་རེད་ཅེས་དྲང་བདེན་མིན་པའི་འཆལ་གཏམ་ཞིག་སྤེལ་བ་དེར། མི་མང་གིས་ཞི་རྒོལ་བྱས་པ་དེ་རང་ཉིད་ཀྱི་ཆོས་དང་རང་དབང་གི་ཆེད་དུ་ཡིན་པ་ལས་བརྒྱུད་སྐུལ་བྱེད་མཁན་གཞན་མི་དགོས་ཚུལ་བརྗོད་ཡོད་པ་དང༌། ཉིན་དེར་དགེ་འདུན་པ་རྣམས་ཀྱིས་ཆོས་གོས་ཕྲག་པ་གཡོན་མར་གཟར་ཞིང་དུང་རྒྱ་རོལ་དབྱངས་དང་བཅས་སྟོན་པ་ཐུབ་པའི་དབང་པོའི་སྐུ་ཐང་དང་ྋགོང་ས་མཆོག་གི་སྐུ་པར་གདན་ཞུ་ཐོག་མི་མང་བྱིངས་ནས་བོད་ཆས་སྤྲས་ཤིང་བང་ཉིས་བསྒྲིགས་ཀྱིས་ཐཱ་མིན་བར་ཆར་ཞོད་ཧ་ཅང་ཆེ་ཡང་བར་མཚམས་མེད་པར་མཚམས་རེར་སྐད་འབོད་དང༌། མཚམས་རེར་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་ཞི་བའི་གོམ་འགྲོད་གནང་ཡོད་པ་རེད།     དེ་ནས་སླར་ཡང་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་བྱེད་སྐབས་ཉེན་རྟོག་པས་ལམ་ཁ་བཀག་སྟབས་མི་མང་ཡོངས་རྫོགས་སར་བསྡད་ནས་སྐད་འབོད་བྱས་པ་དང༌། དེར་ཉེན་རྟོག་པས་འཛིན་བཟུང་བྱེད་ཞོར་རྡུང་རྡེག་དྲག་པོར་བཏང་ཡོད་པ་མ་ཟད། ཉིན་དེར་མི་སུམ་བརྒྱ་ལྷག་འཛིན་བཟུང་དང་མི་ལྔ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་རེད། བལ་ཡུལ་གྱི་ཡུལ་མི་གཉིས་ཀྱིས་ཞི་རྒོལ་བྱེད་མཁན་ལ་རྡུང་རྡེག་བཏང་བ་སེམས་ཀྱིས་མ་བཟོད་ནས་བར་འདུམ་བྱས་ཀྱང་ཁོང་གཉིས་པོ་ལ་ཡང་རྡུང་རྡེག་བཏང་ཡོད་པ་རེད།
    ཚེས་༨ ཉིན་སླར་ཡང་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་མི་༢༥༠ ཙམ་གྱིས་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང༌། དེར་ལྒང་བུ་ཧ་ཅང་མང་པོ་མཉམ་བསྡམས་བྱས་པའི་མཐར་བོད་ཀྱི་རྒྱལ་དར་གཉིས་དང་འཕྲེད་དར་གཅིག་བཏགས་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ནས་ནམ་མཁར་བཏང་སོང༌། ཉེ་ཆར་བལ་གཞུང་གིས་སྐད་འབོད་བྱེད་མི་ཆོག་པའི་ས་ཁུལ་མང་པོ་ཞིག་གཏན་འབེབས་བྱས་པའི་ཁྲོད་དུ་རྒྱ་ནག་གཞུང་ཚབ་ཁང་ཡོད་པའི་ས་ཁུལ་འདི་ཡང་ཚུད་ཡོད་སྟབས། ཁུལ་དེར་བོད་པའི་ཞི་རྒོལ་བྱེད་མཁན་ལ་ཉེན་རྟོག་པས་རྡུང་རྡེག་དྲག་པོར་བཏང་ནས་མི་༡༥ སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད། སྐད་འབོད་བྱེད་མི་ཆོག་པའི་ས་ཁུལ་ནི། བལ་གཞུང་གི་ཚོགས་ཁང་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང༌། རྒྱ་ནག་གཞུང་ཚབ་ཁང་ཡོད་ས་བཅས་ཡིན། དེ་དག་ལས་རྒྱ་ནག་གཞུང་ཚབ་ཁང་ལས་གཞན་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་ཡོད་པའི་ས་ཁུལ་གཅིག་ཀྱང་མེད་པས། མི་མང་གིས་རྒྱ་གཞུང་གིས་གནོན་ཤུགས་འོག་ཏུ་བཟོས་པའི་སྒྲིག་གཞི་ཞིག་ཡིན་པ་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

དབུ་མའི་ལམ་གྱི་སྲིད་ཇུས་འགྱུར་བ་གཏོང་དགོས་པ་ཞིག་མཐོང་གི་མེད།

    ཟླ་འདིའི་ཚེས་༡༣ ཉིན་དྷ་སར་འཚོགས་པའི་བོད་རིགས་མཐོ་རིམ་སློབ་མའི་ཟབ་སྦྱོང་ཞིག་གི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ང་ཚོའི་ད་ལྟའི་འབྲེལ་མོལ་གྱི་བརྒྱུད་རིམ་འདིའི་ཐོག་ནས་ཏན་ཏན་བོད་ཀྱི་བདེན་འཐའ་གསལ་ཐུབ་པའི་རེ་བ་རྒྱག་ཆོག་གི་རེད་བསམ་གྱི་འདུག ད་རེས་རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཆར་དམིགས་བསལ་ཅན་གྱི་ཁོར་ཡུག་ཅིག་ཡོད་པ་ཡིན་ཙང༌། འབྲེལ་མོལ་ཐེངས་བདུན་པའི་ཐོག་མ་འོངས་པར་ང་ཚོས་མུ་མཐུད་རེ་བ་རྒྱག་རྒྱུ་ཡོད་པ་རེད་དམ། རེ་བ་རྒྱག་རྒྱུ་མེད་པ་རེད། གསལ་བོ་ཆགས་ཀྱི་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་རེད།
    སློབ་མ་ཞིག་གིས་འབྲེལ་མོལ་ཐེངས་བདུན་པར་རེ་བ་རྫོགས་པ་ཡིན་ན། བོད་ཀྱི་སྲིད་ཇུས་ལ་འགྱུར་བ་གཏང་དགོས་པ་ཞིག་གཟིགས་ཀྱི་ཡོད་མེད་སྐོར་བཀའ་འདྲི་ཞུས་པར། བཀའ་བློན་ཁྲི་པ་མཆོག་གིས་གསུང་དོན། འབྲེལ་མོལ་ཐེངས་བདུན་པའི་ཐོག་ང་ཚོར་རེ་བ་རྫོགས་པ་ཡིན་ནའང༌། རྩ་བའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོས་ཐབས་ལམ་ལ་ཏན་ཏན་བསྐྱར་ཞིབ་བྱེད་དགོས་པ་ཆགས་ཀྱི་རེད། སྲིད་ཇུས་ལ་འགྱུར་བ་གཏང་དགོས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ྋསྐྱབས་མགོན་རིན་པོ་ཆེས་༢༠༠༥ ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་ཇི་སྲིད་ཀྱི་བར་དུ་ངས་བོད་མིའི་འགོ་ཁྲིད་བྱས་པ་དེ་སྲིད་དུ་དབུ་མའི་ལམ་གྱི་སྲིད་ཇུས་འགྱུར་བ་གཏོང་དགོས་པ་ཞིག་མཐོང་གི་མེད་ཅེས་ཐུགས་ཐག་གཙང་མ་བཅད་ནས་བཀའ་གནང་ཡོད་པ་རེད། ང་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་དང༌། བསྐྱར་ཞིབ་བྱེད་དགོས་པའི་གནས་སྟངས་ཤིག་ད་ལྟ་མཐོང་གི་ཡོད་པ་མ་རེད། མཐོང་གི་ཡོད་པ་མ་རེད་ཟེར་དུས་དེ་ལ་བསྐྱར་ཞིབ་དང་འགྱུར་བ་གཏང་ཆོག་གི་མ་རེད་ཟེར་གྱི་ཡོད་པ་མ་རེད། ྋརྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་གཞུང་གི་ངོས་ནས་དེ་དགོས་མཁོར་མཐོང་གི་ཡོད་པ་མ་རེད། མི་མང་གི་ངོས་ནས་དེ་དགོས་མཁོར་མཐོང་གི་ཡོད་ན། མི་མང་ལ་ག་དུས་ཡིན་ནའང་ལམ་ཁ་དེ་ཡོད་ཡོད་པ་རེད། གྲོས་ཚོགས་བརྒྱུད་ནས་ཡིན་ནའང་རེད། མང་མོས་ཐག་གཅོད་ཀྱི་འོས་བསྡུ་བརྒྱུད་ནས་ཡིན་ནའང་རེད། མང་ཚོགས་ཀྱིས་དེ་དགོས་མཁོར་མཐོང་བ་ཡིན་ན། མང་ཚོགས་ལ་ལམ་ཁ་དེ་བཀག་གི་ཡོད་པ་མ་རེད་མོད། འཛིན་སྐྱོང་དང་གཞུང་གི་ངོས་ནས་ཞི་མོལ་ལམ་ལྷོང་མ་བྱུང་བ་རྒྱུ་མཚན་དུ་བྱས་ནས་ང་ཚོའི་གཞི་རིམ་གྱི་ལྟ་བ་ལ་འགྱུར་བ་གཏོང་དགོས་པ་ཞིག་མཐོང་གི་ཡོད་པ་མ་རེད། ད་ལྟ་ང་ཚོ་འབྲེལ་མོལ་བྱེད་རྒྱུའི་ཐབས་ལམ་ཞིག་གི་ནང་ལ་འགྲོ་བསྡད་ཡོད་པ་རེད། འབྲེལ་མོལ་བྱེད་རྒྱུའི་ཐབས་ལམ་དེ་ལམ་ལ་མ་ཕྱིན་ན། དེ་ལས་ལྷག་གི་ཐབས་ལམ་ག་རེ་བྱེད་རྒྱུ་རེད། ང་ཚོས་འབྲེལ་མོལ་མུ་མཐུད་ནས་བྱེད་ཀྱི་རེད་དམ། འབྲེལ་མོལ་མུ་མཐུད་ནས་བྱེད་ཀྱི་མ་རེད་ཟེར་བ་དེར་ཏན་ཏན་བསྐྱར་ཞིབ་དང༌། དེའི་ཐོག་འགྱུར་བ་གཏོང་དགོས་པ་དེ་འདྲ་ཡོང་སྲིད་ཀྱི་རེད་མ་གཏོགས། སྲིད་ཇུས་ལ་འགྱུར་བ་གཏོང་དགོས་པ་དེ་འདྲ་ཡོང་གི་མ་རེད་ཅེས་གསུངས་ཡོད་པ་རེད།
    འབྲེལ་མོལ་ཐེངས་བདུན་པ་དེ་ཟླ་འདིའི་ཚེས་༡༡ ཉིན་བོད་རྒྱ་འབྲེལ་མོལ་བྱེད་འཆར་ཡོད་ནའང༌། ཕྱིར་འགྱངས་བྱེད་དགོས་དོན་གང་ཡིན་སྐོར་སློབ་མ་ཞིག་གིས་བཀའ་འདྲི་ཞུས་པར། ང་ཚོས་ཐོག་མ་ཕྱི་ཟླ་༧ པའི་ཚེས་༡༡ དེ་ག་འདྲ་ཕར་སྤྲད་པ་རེད་ཟེར་ན། ཕྱི་ཟླ་༦ ཚེས་༩ ཉིན་ྋསྐྱབས་མགོན་རིན་པོ་ཆེ་ལྡི་ལིར་ཆིབས་བསྒྱུར་གནང་གི་ཡོད་པ་རེད། ཕྱི་ཟླ་༦ པའི་ཚེས་༧ དང་༨ ལ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ལྡི་ལི་ནས་འཚོགས། ཚེས་༩ ཉིན་ྋསྐུ་མདུན་ལྡི་ལིར་ཕེབས་པའི་སྐབས་སྐུ་ཚབ་རྣམ་པས་སྙན་སེང་ཞུས། ཚེས་༡༡ ལ་ཕར་འབྱོར་ན་ཏག་ཏག་འགྲིག་གི་འདུག་བསམས་ནས་དུས་ཚོད་དེ་ཕར་བཏོན་པ་རེད། ཁོ་རང་ཚོར་ཁག་ཡོད་པ་མ་རེད། དེའི་སྐབས་ང་ཚོར་བཀའ་མོལ་གནང་མཁན་དེ་ཚོ་སི་ཁྲོན་གྱི་ས་ཡོམ་རྒྱག་སའི་མྱུར་སྐྱོབ་ཀྱི་ལས་དོན་ནང་འགྲོ་བསྡད་ཡོད་པས། ཕར་འགྱངས་རོགས་གནང་ཞུས་པ་རེད། ང་ཚོས་ཐུགས་ཁག་མི་འདུག་ཕར་འགྱངས་རྒྱུ་ཡིན་ལབ་པ་རེད། དེའི་རྗེས་དུས་ཚོད་གཞན་པ་ཞིག་ཡོང་བའི་སྐབས། ྋསྐྱབས་མགོན་རིན་པ་ཆེ་ཨོ་སི་ཊི་ལེ་ཡ་དང༌། ཇོར་ཌན་གྱི་ཆིབས་བསྒྱུར་ནས་ཚུར་འཁོར་ཡོད་པ་མ་རེད། ྋརྒྱལ་བ་རིན་པོ་ཆེ་ཚུར་མ་འཁོར་གོང་ལ་ཞི་མོལ་ལས་དོན་ཚོགས་ཆུང་འཚོགས་ནས་སྙན་སེང་ཞུ་རྒྱུ་དེ་ཚོ་སྟབས་འགྲིག་གི་མེད་པ་ཡིན་ཙང༌། ཉི་མ་ཁ་ཤས་འགྱངས་རོགས་བྱས་ཞེས་ཕར་ལབ་དགོས་པའི་གནས་སྟངས་ཤིག་རེད་མ་གཏོགས། བསམ་ཚུལ་མ་མཐུན་པ་དང༌། འབྲེལ་མོལ་ལ་བར་ཆད་ཡོང་བའི་གནས་སྟངས་ཤིག་མ་རེད། དེ་ཡིན་ཙང་ང་ཚོས་རྗེས་མ་ཕར་ལབ་པ་དེ་ཏན་ཏན་ངོས་ལེན་བྱེད་ཀྱི་རེད་བསམས་ནས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
    ད་ཐེངས་བོད་རྒྱ་འབྲེལ་མོལ་ཐེངས་བདུན་པ་དེ་རྒྱ་ནག་གིས་ས་ཡོམ་མྱུར་སྐྱོབ་ལ་བརྟེན་ནས་ཕྱིར་འགྱངས་དགོས་སྐོར་བརྗོད་པ་དེར་བོད་གཞུང་གིས་ངོས་ལེན་གནང་ཡོད་པ་དང༌། བོད་པའི་ཆབ་སྲིད་དབྱེ་ཞིབ་པའི་ནང་རྒྱ་ནག་ལ་ཞི་མོལ་བྱེད་འདོད་མེད་པར་ས་ཡོམ་སྐོར་ལ་ཁ་གཡར་བ་ཙམ་ལས་དོན་དངོས་ཐོག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་དོན་ནི་མི་རིགས་མཐུན་སྒྲིལ་གྱི་སྐོར་ཡིན་པས། ཁོང་ཚོར་ས་ཡོམ་མྱུར་སྐྱོབ་ནང་དུ་ལས་དོན་དེ་ཙམ་ཡོད་པ་མ་རེད་ཅེས་བརྗོད་མཁན་བྱུང་ཡོད་ལ། ཡང་བོད་ཀྱི་སྐུ་ཚབ་ཐུག་འཕྲད་བྱེད་ས་ཚོས་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཚབ་བྱས་ཏེ་ང་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་དབུས་གཞུང་གི་ཚབ་བྱས་ཏེ་བོད་ཀྱི་སྐུ་ཚབ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པ་རེད། གལ་སྲིད་འབྲེལ་མོལ་དེ་སྤྱིའི་རྣམ་པ་སྟོན་ཆེད་ཙམ་དུ་ཡིན་ན། ཁོང་ཚོ་ང་ཚོའི་སྐུ་ཚབ་དང་ཐུག་ནས་འབྲེལ་མོལ་བྱེད་ཀྱི་ཡོད་པའི་རྣམ་པ་སྟོན་གྱི་རེད། ཕྱི་ཕྱོགས་སུ་འབྲེལ་མོལ་གྱི་རྣམ་པ་བསྟན་ན། རྒྱལ་སྤྱིའི་ཐོག་ནས་གླེང་ཕྱོགས་ཆུང་དུ་འགྲོ་ཡི་རེད་མོད། ད་ཐེངས་མ་ཐུག་པ་དེ་རྒྱ་ནག་དབུས་གཞུང་ལ་འབྲེལ་མོལ་བྱེད་འདོད་ཡོད་པ་དང༌། དབུས་གཞུང་གི་མཛད་གཙོ་རྣམ་པ་ད་ཐེངས་ལས་བྲེལ་ཆེ་བས་ཡིན་པ་རེད། འཐབ་ཕྱོགས་གཅིག་གྱུར་ཁང་གིས་ལས་བྱེད་ཚོའི་ཐག་ཆོད་བྱུང་གི་མེད་པས། འབྲེལ་མོལ་དེ་ཕྱིར་འཐེན་བྱས་པ་ཡིན་ཚུལ་བརྗོད་མཁན་ཡང་བྱུང་ཡོད་པ་རེད།།

བོད་མི་རྣམས་ལ་དངུལ་ཆད་དང་གཅར་རྡུང༌།

    བོད་མདོ་སྨད་བླ་བྲང་ཨ་མཆོག་སྨད་མའམ་ཀླུ་ཤོད་ཚོ་བ་བརྒྱད་ཀྱི་ཡུལ་དུ་ད་ལོའི་གསུམ་བཅུའི་དུས་དྲན་གྱི་རྗེས་ཏེ། ཕྱི་ཟླ་༣ ཚེས་༡༦ ཉིན་ཀླུ་ཤོད་དགོན་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་རང་བཙན་ཡིན་པ་དང༌། ྋརྒྱལ་བ་རིན་ཆེ་བོད་ལ་ཕེབས་སུ་འཇུག་དགོས་པ་སོགས་ཀྱི་སྐད་འབོད་བྱེད་བཞིན་རྒྱལ་གཅེས་འོས་ལངས་བྱས་པ་དང༌། དེར་སྐྱིད་ནང་དང༌། མུ་ཏོ། སྐད། རྔ་རྒོད། གདུང་བཞུགས་མགོ་སོགས་ཀྱི་སྡེ་མི་རྣམས་དང་བཅས་སྐྱ་སེར་མཉམ་འབྲེལ་གྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག ཡང་ཕྱི་ཚེས་༢༠ ཉིན་རེབ་ཚའི་སྡེ་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང༌། ཕྱི་ཟླ་༣ ཚེས་༡༦ ཉིན་ནས་རྒྱ་དམག་མང་དུ་བཏང་སྟེ་དྲག་པོའི་འཇིགས་སྐུལ་བྱེད་མགོ་བརྩམས་ཏེ། ཕྱི་ཟླ་༣ ཚེས་༢༩ ཉིན་མི་མང་བཙོན་འཇུག་དང་མནར་གཅོད་ཆེན་པོ་མཐར་ཁག་ཅིག་གློད་གྲོལ་བཏང་ཡོད་འདུག ཡང་ཕྱི་ཟླ་༤ ཚེས་༡༧ ཉིན་སྐད་སྡེ་བའི་མི་བརྒྱད་འཛིན་བཟུང་བྱས་པ་རྣམས་ལ་གཅར་རྡུང་ཚད་ལས་བརྒལ་བ་བྱས་རྐྱེན་འབྲུག་ཐར་གྱི་མགོ་སྲུབས་གཏོར་བ་དང༌། འཁལ་མར་སྐྱོན་ཞུགས་ཏེ་སྲོག་ཉེན་ལ་གཏད་ཡོད་འདུག དེ་ལྟར་འཇིགས་སྐུལ་དང་གཅར་རྡུང༌། འཛིན་བཟུང༌། བཙོན་འཇུག་སོགས་བྱས་པས་མ་ཚད་དཔལ་འབྱོར་གྱི་ཉེས་ཆད་ཀྱང་བཀལ་འདུག མུ་ཏོ་སྡེ་བར་ཁྱིམ་གྲངས་༢༣ ཡོད་པ་ལ་ཁྱིམ་རེར་རྒྱ་སྒོར་༥༠༠༠ རེའི་ཉེས་ཆད་བཅད་ཅིང༌། ཉེས་ཆད་སྤྲོད་རྒྱུ་མེད་མཁན་ཚོའི་ནང་གི་རྐང་གསུམ་འཁོར་ལོ་དང༌། སྦག་སྦག་ཚུན་ཆད་བཙན་འཁྱེར་འཕྲོག་ལེན་བྱས་འདུག དེ་བཞིན་དུ་སྡེ་མི་ཡོངས་ཀྱི་འགན་བླངས་པའི་རྔ་རྒོད་སྡེ་བའི་ཁྱིམ་ཚང་༡༡ ལ་ཁྱིམ་རེར་རྒྱ་སྒོར་༣༠༠༠ རེའི་ཉེས་ཆད་བཀལ། ཐེམ་པ་སྡེ་བའི་མི་གཅིག་ལ་སྡེ་དོན་དུ་རྒྱ་སྒོར་༥༠༠༠ ཉེས་ཆད་བཅད། སྐད་སྡེ་བར་ཁྱིམ་གྲངས་༢༨ ཡོད་པ་ལས་ཁྱིམ་ཚང་གཉིས་ཀྱི་སྤུན་མཆེད་གཉིས་རེ་འོས་ལངས་ནང་ཞུགས་པས་ཁྱིམ་ཚང་གཉིས་ལ་རྒྱ་སྒོར་༡༠༠༠༠ དང༌། གཞན་ཁྱིམ་ཚང་༢༦ ལ་རྒྱ་སྒོར་༥༠༠༠ རེའི་ཆད་པ་བཅད། གདུང་བཞུགས་མགོ་སྡེ་བར་ཁྱིམ་གྲངས་༢༠ ཡོད་པ་ཚང་མར་རྒྱ་སྒོར་༢༠༠༠ རེའི་ཉེས་ཆད་བཀལ། ཡང་སྐབས་དེ་དག་ཏུ་དམག་མི་རླངས་འཁོར་བདུན་ཙམ་སྐོར་སྐྱོད་ཀྱིས་སྐྱིད་ནང་དང༌། གདུང་བཞུགས་མགོ་སོགས་ཀྱི་ཁང་བ་འབུབས་བྱེད་ཀྱི་ཤིང་ཆ་དང༌། ཤིང་ལེབ་སོགས་བཅོམ་འཁྱེར་སྣ་ཚོགས་བྱས་འདུག་པས་ས་གནས་བོད་མི་ཚོར་དཀའ་ངལ་འདྲ་མིན་འཕྲད་ཡོད་ཅིང༌། གོང་གསལ་ཉེས་ཆད་ཁག་བསྡོམ་འབོར་རྒྱ་སྒོར་༣༣༣༠༠༠ ཙམ་ཡུལ་ལུང་ཆུང་ཆུང་འདི་གཅིག་པུ་ནས་ཀྱང་འཕྲོག་ལེན་བྱས་འདུག     ད་ལྟའི་ཆར་ལས་དོན་རུ་ཁག་དགོན་པའི་ནང་བསྡད་དེ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤེལ་བཞིན་པ་དང༌། གྲྭ་བ་རྣམས་སྐོར་ཚན་དྲུག་ཏུ་བགོས་ནས་བཙན་ཐབས་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་སྟེ་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་འདུག
    དེ་བཞིན་བོད་ཀྱི་ས་གནས་གང་སར་རྒྱ་ནག་གཞུང་གིས་དམ་དྲག་ཆེན་པོའི་འོག་བོད་མི་རྣམས་འཇུ་བཟུང་བཙོན་འཇུག་དང༌། དངུལ་ཆད་གཅོད་པ། གཅར་རྡུང་ཚད་མེད་བཏང་མཐར་གློད་གྲོལ་སྐབས་དབང་པོ་སྐྱོན་ཅན་བཟོས་ཡོད་པ་སོགས་གང་མང་བྱུང་བཞིན་ཡོད་ལ། ཁ་ཤས་ཤི་གསོན་གང་ཡིན་ནང་མིའི་ཤེས་རྟོགས་མེད་པའང་གང་མང་བྱུང་བཞིན་ཡོད་པ་རེད།།

གནས་སྐོར་དང་ཞི་བའི་གོམ་བགྲོད།

    ཟླ་འདིའི་ཚེས་༡༣ ཉིན་བལ་ཡུལ་འཇོ་ཁེལ་ནས་དབུ་འཛུགས་ཀྱིས་ལུམྦྷི་ནཱི་བར་ཞི་བའི་གོམ་བགྲོད་ཉིན་བཞིའི་རིང་གནང་ཡོད་པ་རེད། ཉེ་ཆར་བོད་དུ་མི་གསོད་དྲག་སྤྱོད་དང༌། འབར་མ་དང་རྒྱ་ནག་ཁུལ་དུ་འབྱུང་བའི་རང་བཞིན་གྱིས་གནོད་འཚེའི་འོག་འདས་གྲོངས་སུ་ཕྱིན་པ་དག་གི་ཆེད་དུ་གནས་ཁྱད་པར་ཅན་ལུམྦྷི་ནཱི་དང་དུས་ཁྱད་པ་ཅན་སྟོན་པ་སྐུ་འཁྲུངས་པ་དང༌། མངོན་པར་རྫོགས་པ་སངས་རྒྱས་པ། མྱ་ངན་ལས་འདས་པ་དུས་ཆེན་གསུམ་འཛོམས་ས་ག་ཟླ་བའི་ཚེས་༡༥ ཉིན་མཆོད་འབུལ་དང༌། གསོལ་འདེབས་སྨོན་ལམ་རྒྱ་གང་ཆེ་འདེབས་རྒྱུའི་ཆེད་དྭང་བླངས་པ་མི་༢༣ གྱིས་བོད་ཀྱི་རྒྱལ་དར་དང་འཕྲེད་དར། ཡིག་ཆ་འདྲ་མིན་འགྲེམས་བཞིན་གོམ་བགྲོད་གནང་སྟེ་ས་ག་ཟླ་བའི་ཚེས་༡༤ ཉིན་ལུམྦྷི་ནཱི་ཚལ་དུ་སླེབས་ཡོད་པ་རེད།། བལ་ཡུལ་གསར་འགོད་པས།

ལྷ་སའི་ངོ་རྒོལ་དང་འབྲེལ་བའི་གྱོད་གཞི་བཙུགས་པ་དང་ཁྲིམས་ཆད།

བོད་རང་སྐྱོང་ལྗོངས་ཞེས་པའི་གཙོ་འཛིན་གཞོན་པ་པདྨ་འཕྲིན་ལས་ཀྱིས་ཟླ་འདིའི་ཚེས་༢༠ ཉིན་གསར་འགོད་ལྷན་ཚོགས་ཤིག་འཚོགས་ཏེ། ཕྱི་ཟླ་༣ པའི་ནང་བྱུང་བའི་ངོ་རྒོལ་དང་འབྲེལ་ཡོད་ཀྱི་བཙོན་པ་ཉེས་པ་ཆུང་གྲས་༡༡༥༧ གློད་བཀྲོལ་བཏང་བ་དང༌། གཟའ་ཕུར་བུ་དང་པ་སངས་ཉིན་བོད་མི་༡༢ ལ་ཁྲིམས་ཐག་བཅད་ཟིན་པ། ༤༢ ལ་ལྷ་སའི་ངོ་རྒོལ་དང་འབྲེལ་བའི་གྱོད་གཞི་བཙུགས་ཡོད་པ། བོད་མི་༡༡༦ ལ་ད་དུང་ཁྲིམས་ཐག་གཅོད་རྒྱུ་ལྷག་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།
པདྨ་འཕྲིན་ལས་ཀྱིས་ད་དུང་གསར་འགོད་གསལ་བསྒྲགས་དེའི་ཐོག་ྋགོང་ས་མཆོག་བོད་དུ་ཆིབས་བསྒྱུར་གནང་མིན་ཁོང་གི་སྐུ་སྒེར་གྱི་བཞེངས་ཕྱོགས་ལ་རག་ལས་ཀྱི་ཡིན་པ་དང༌། རྒྱ་ནག་དབུས་གཞུང་གི་དཔོན་རིགས་རྣམས་ཀྱིས་ཉེ་ཆར་ྋགོང་ས་མཆོག་གི་སྐུ་ཚབ་དང་འབྲེལ་མོལ་གནང་ཡོད་པ་དང༌། མུ་མཐུད་མཇུག་སྐྱོང་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག ཉིན་དེར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལྟ་གློད་བཀྲོལ་བཏང་བའི་བོད་མི་མང་ཆེ་བ་ནི་ཕྱི་ཟླ་༣ དང་༤ ནང་རྒྱ་གཞུང་གིས་དོན་མེད་གང་བྱུང་དུ་འཛིན་བཟུང་བྱས་པའི་གྲས་ཡིན་པ་དང༌། ཕྱི་ཟླ་གསུམ་པ་ནས་ད་བར་བོད་ས་ཡོངས་ནས་བོད་མི་ཉུང་མཐར་༥༩༧༢ འཛིན་བཟུང་བྱས་ཡོད་ཐོག ཁམས་དཀར་མཛེས་རྫོང་གཅིག་པུ་ནས་བོད་མི་ཉུང་མཐར་༢༠༠ ལྷག་འཛིན་བཟུང་བྱས་ཡོད་པ་རྣམས་ད་ལྟའང་བཙོན་ཁང་ནང་གནས་མུས་རེད། གཞན་ཡང་བོད་མི་༡༢ ལ་ཉེ་ཆར་ཁྲིམས་ཐག་བཅད་པར་བཤད་པ་ཙམ་ལས། ཁྲིམས་ཞིབ་ཇི་ལྟར་བྱས་པ་དང༌། ཁྲིམས་གཅོད་གང་ཞིག་བྱས་མིན་སོགས་གསལ་པོ་མེད་པས། ད་ཐེངས་ཀྱི་ཁྲིམས་གཅོད་དེ་ཡང་དྲང་བདེན་དང་ཕྱི་གསལ་ནང་གསལ་གང་ཡང་བྱུང་མེད་པ་ཧ་ཅང་གསལ་པོ་རེད་ཅེས་འཁོད་ཡོད་པ་རེད།
    རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་སྙན་ཐོ་ཞིག་འདོན་སྤེལ་བྱས་པའི་ནང་བོད་ནང་གི་ཞི་རྒོལ་གྱི་སྔ་གཞུག་ཏུ་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་༤༠༠༠ ཙམ་ཡོད་པའི་ནང་ནས་༡༠༠༠ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང༌། དེའི་ཐོག་རྒྱ་ནག་གིས་དཔལ་འབར་ལྷ་སར་བརྒྱུད་སྤྲོད་བྱེད་པ་དང་སྟབས་བསྟུན་བོད་ནང་གི་གནད་དོན་ཐོག་གསལ་བཤད་དགོས་པ་དང༌། ༡༡༥༠ ལྷག་གློད་བཀྲོལ་བཏང་བར་དགའ་བསུ་དང་སྦྲགས་ད་ལྟ་བཙོན་འཇུག་བཀག་ཉར་འོག་ཏུ་ཡོད་པའི་ཁྲིམས་གཏུག་གི་གནས་སྟངས་མགྱོགས་མྱུར་གསལ་རྟོགས་ཐུབ་པར་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག།

དཀར་མཛེས་རྫོང་དུ་མུ་མཐུད་ཞི་རྒོལ་རྒྱུན་ཆད་མེད་པར་བྱེད་བཞིན་པ།

    ཕྱི་ཟླ་༦ ཚེས་༢༢ རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་༡༡།༠༠ ཡས་མས་སུ་ཏྲེ་ཧོར་དཀར་མཛེས་ཁང་དམར་དགོན་གྱི་གྲྭ་ཚེ་རིང་ཕུན་ཚོགས་ལོ་༢༤ ཅན་དང༌། གཞི་ལི་མདའ་རྟ་དཔོན་ཚང་གི་བཀྲ་ཤིས་ཤེས་རབ་ལོ་༣༦ ཅན། ཡང་གུང་ཡོལ་ཆུ་ཚོད་༡།༠༠ ཡས་མས་སུ་ཁང་དམར་དགོན་གྱི་གྲྭ་གཞི་ལི་གྲོང་ནས་ཡིན་པ་འུ་ལུ་ཚང་གི་གསེར་དགའ་ལོ་༣༧ ཅན། གཞི་ལི་གྲོང་ནས་ཡིན་པ་ཡེ་ཤེས་དར་རྒྱས་ལོ་༢༧ ཡིན་པ་བཅས་ཀྱིས་རིམ་བཞིན་ཞི་རྒོལ་སྐད་འབོད་དང་ཡིག་ཆ་འགྲེམས་གཏོར་བྱས་པར་བརྟེན་རྒྱ་དམག་གིས་དུག་རླངས་གཏོར་ཏེ་གཅར་རྡུང་དང་བཅས་འཛིན་བཟུང་བྱས་ཡོད་འདུག ཡང་ཉིན་གུང་ཡོལ་ཆུ་ཚོད་༢།༣ ཡས་མས་སུ་རྒྱས་བཟང་ནང་གྲོང་ཚོ་ནས་ཡིན་པ་གཞི་ལི་མདའ་ཡི་མི་སྐྱ་ཞིག་གིས་སྣེ་ཁྲིད་དེ་ཁྱོན་བོད་མི་བཅུ་ཕྲག་གཅིག་ཙམ་གྱིས་ཞི་རྒོལ་བྱས་པར་བརྟེན་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག ཁོང་རྣམས་ཀྱིས་སྐད་འབོད་དང་ཡིག་ཆ་འགྲེམས་གཏོར་བྱས་པའི་བརྗོད་དོན་ནི་བོད་རང་བཙན་ཡིན་པ་དང༌། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སོགས་འཁོད་ཡོད་པ་དང༌། ཕྱི་ཟླ་༦ ཚེས་༢༡ རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་རྒྱལ་ས་ལྷ་ས་རུ་ཁུར་ཡོང་བ་དང་སྟབས་བསྟུན་ཏེ་དཀར་མཛེས་སུ་ཡོད་པའི་བོད་མི་མང་པོ་ཞིག་གིས་ཞི་རྒོལ་སྐད་འབོད་བྱས་ཡོད་འདུག དེ་ཡང་དཀར་མཛེས་མདའ་མདོ་ཤང་ཁ་ཤུལ་གྲོང་ཚོ་ནས་ཡིན་པའི་ཕོ་སར་དགྲ་འདུལ་ཞེས་པ་ཞིག་གིས་མགོ་རས་དཀར་པོའི་ཐོག་བོད་རང་བཙན་ཡིན་ཞེས་བྲིས་པ་མ་ཟད། གདོང་གི་མཁུར་ར་གཉིས་སུ་བོད་ཀྱི་དར་ཆ་གཉིས་བྲིས་ཏེ་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་བོད་རང་བཙན་ཡིན་ཞེས་སོགས་ཀྱི་སྐད་འབོད་བྱས་སྐབས་རྒྱ་ནག་ཉེན་རྟོག་དམག་མི་བདུན་ཙམ་ཞིག་གིས་ཁོང་གི་རྐང་ལག་བཞི་བསྡམས་བཀྱིག་གིས་མོ་ཊའི་ནང་བླུགས་ཏེ་ཁུར་ཡོད་འདུག ཁོང་གིས་སྐད་འབོད་དང་ཡིག་ཆ་ཧ་ཅང་མང་པོ་བཀྲམ་ནས་རྒྱ་ནག་གཞུང་ལ་ཆ་རྐྱེན་དོན་ཚན་༩ བཏོན་གནང་ཡོད་འདུག་པ་སྟེ། རྒྱ་ནག་གཞུང་ནས་ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། བོད་ནང་འགྲོ་བ་མི་ཡི་ཐོབ་ཐང་ཚད་ལྡན་སྤྲད་དགོས་པ། བོད་ལ་རང་དབང་དགོས་པ། བོད་ལ་དྲག་གནོན་བྱེད་མི་ཆོག་པ། བོད་ནང་ཡོད་པའི་རྒྱ་མིའི་དམག་མི་ཚང་མ་ཕྱིར་འཐེན་བྱེད་དགོས་པ། དཀར་མཛེས་སུ་ཡོད་པའི་རྒྱ་མིའི་དམག་མི་ཚོས་བོད་མི་ཉེས་རྡུང་གཏོང་བའི་ལག་ཆ་འདྲ་མིན་བེད་སྤྱོད་གཏོང་མི་ཆོག་པ། ཆབ་སྲིད་བཙོན་པ་གྲྭ་པ་དང༌། ཨ་ནེ། བོད་མི་ཚང་མ་གློད་བཀྲོལ་གཏོང་དགོས་པ། དཀར་མཛེས་སུ་ཡོད་པའི་དགོན་པ་ཁག་མང་པོ་ཞིག་ནང་རྒྱ་གཞུང་གི་དམག་མིས་མཐའ་བསྐོར་ཏེ་བསྡད་ཡོད་པ་དེ་ཚོ་ཕྱིར་འཐེན་བྱེད་དགོས་པས་མ་ཚད། ྋགོང་ས་མཆོག་དང་བོད་གཞུང་ལ་སྐྱོན་བརྗོད་བྱེད་མི་ཆོག་པ། བོད་ནང་ཨོ་ལིམ་ཕིག་གི་དཔལ་འབར་སྐོར་སྐྱོད་བྱེད་མི་ཆོག་པ་མ་ཟད། བོད་ཀྱི་བདག་པོ་བོད་མི་ཡིན། ཞེས་སོགས་ཀྱི་དོན་ཚན་དགུ་ཡི་ཆེད་དུ་དཀར་མཛེས་སུ་འཛིན་བཟུང་བྱས་ཟིན་པའི་ཆབ་སྲིད་བཙོན་པ་དང༌། དགྲ་འདུལ་ཁོ་རང་གཙོས་པའི་ད་ལྟ་དང་མ་འོངས་པ་ཡང་ངོ་རྒོལ་བྱ་རྒྱུའི་མཚམས་འཇོག་མི་བྱ་བའི་ཡིད་ཆེས་བརྟན་པོ་ཡོད་ལ། ཁོ་རང་དང་ངོ་རྒོལ་བྱེད་མཁན་ཚང་མས་དོན་ཚན་དགུ་ཡི་ཆེད་དུ་རང་སྲོག་བློས་གཏོང་དགོས་ཀྱང་འགྱོད་པ་མེད་ཅེས་སོགས་ཀྱི་སྦྱར་ཡིག་འགྲེམས་བཀྲམ་བྱས་ཡོད་འདུག ད་དུང་དེ་ཉིན་གཞན་བོད་མི་གཞོན་སྐྱེས་བཞི་ཙམ་ཞིག་གིས་ཀྱང་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་བྱུང་མེད་པ་དང༌། དམག་མི་རླངས་འཁོར་༥༠ ལྷག་ཁ་སྣོན་བྱས་ཡོད་འདུག
    ཕྱི་ཚེས་༡༩ ཉིན་དཀར་མཛེས་བེ་རི་དགོན་དུ་རྒྱ་གཞུང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་དང་ས་རྟགས་བརྡུ་རུབ་ཀྱི་ལས་འགུལ་སྤེལ་ཆེད་ལས་དོན་རུ་ཁག་མོ་ཊ་གཉིས་ཡོང་སྐབས་གྲྭ་མང་གིས་རྡོ་གཞུས་པ་སོགས་ཀྱིས་བཀག་འགོག་གནང་ནས་འགྲོ་ཐུབ་ཡོད་མི་འདུག
    ཕྱི་ཟླ་༦ ཚེས་༡༨ ཉིན་དཀར་མཛེས་བེ་རི་དགོན་གྱི་གྲྭ་པ་གསུམ་གྱིས་དཀར་མཛེས་རྫོང་ཉེན་རྟོག་ལས་ཁུངས་མདུན་ངོ་རྒོལ་སྐད་འབོད་བྱས་ཏེ་རྒྱ་གཞུང་གིས་འཛིན་བཟུང་བྱེད་སྐབས་བེ་རི་མི་ཉན་འདབས་གྲོང་ཚོ་ནས་ཡིན་པའི་ཕ་སྟོབས་རྒྱས་ཀྱི་བུ་མིང་ད་ལྟ་ཤེས་རྟོགས་བྱུང་མེད་ཞིག་གིས་ཀྱང་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་འདུག ཡང་ཉིན་དེའི་ཕྱི་དྲོ་ཆུ་ཚོད་༥།༠༠ ཙམ་ལ་དཀར་མཛེས་སུ་དྲག་ཆར་རླུང་འཚུབ་ལ་མ་ལྟོས་པར་དཀར་མཛེས་མཐའ་སྨད་གྲོང་ཚོ་ནས་ཡིན་པ་བུ་མོ་མཁའ་འགྲོ་རང་ལོ་༢༥ ཡིན་པ་ཞིག་གིས་བོད་རང་བཙན་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་སྐད་གསང་མཐོན་པོས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་རྒྱ་གཞུང་ཉེན་རྟོག་དམག་མིས་ཉེས་རྡུང་ཚད་མེད་བཏང་སྟེ་འཛིན་བཟུང་བྱས་པ་དང༌། ད་དུང་དེ་ཡི་ཉིན་མོ་དགོན་པ་དང་སྡེ་བ་གང་ནས་ཡིན་མ་ཤེས་པའི་ཕོ་སར་གཉིས་དང༌། གྲྭ་པ་གཅིག་སོགས་ཁྱོན་མི་གྲངས་བཅུ་ཙམ་ཞིག་འཛིན་བཟུང་བྱས་ཡོད་འདུག གཞན་ཡང་དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན་ཉིན་དེར་དཀར་མཛེས་རྫོང་ཐོག་ཏུ་དཀར་མཛེས་རྫོང་དགེ་བ་བྲག་བཙུན་དགོན་གྱི་བཙུན་མ་བཀྲ་ཤིས་མཚོ་ལོ་༢༦ ཅན་དང༌། ལྷོ་པ་ཆུས་ཐིང་ཁ་ཤང་ལམ་གང་གྲོང་ནས་ཡིན་པ་དུང་མཚོ་ལོ་༢༠ མ་ཟིན་ཙམ་ཡིན་པ་གཉིས་སྨན་ཁང་དུ་འགྲོ་རྒྱུ་བྱས་ནས་རྫོང་ཐོག་ཏུ་འབྱོར་སྐབས་སྐད་འབོད་བྱས་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག བཙུན་དགོན་དེར་ཁྱོན་བཙུན་མ་༡༢༠ ལྷག་ཙམ་ཡོད་ཅིང༌། ཕྱི་ཟླ་༤ པའི་ནང་དུའང་དགོན་པ་དེ་ནས་བཙུན་མ་གཉིས་ལ་དོགས་གཞི་བྱས་ནས་འཛིན་བཟུང་བྱས་ཡོད་འདུག ཉིན་དེར་བེ་རི་དགོན་གྱི་དབུ་མཛད་བློ་བཟང་དགེ་ལེགས་དང༌། དབུ་ཟུར་ཐང་རྙེད། བློ་བཟང་དཔལ་ལྡན་གསུམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པས་དྲག་ཆས་དམག་མིས་ཉེས་རྡུང་དང་འཛིན་བཟུང་བྱས་ཡོད་འདུག ཁོང་རྣམ་པའི་ཁ་གཅིག་གྲག་གིས་ྋགོང་ས་མཆོག་བོད་དུ་གདན་ཞུ་དགོས་པ་དང༌། རྒྱ་དམར་ནས་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ། བོད་ཀྱི་བདག་པོ་བོད་མི་ཡིན་པ་དང་རྒྱ་དམར་བོད་ནས་ཕར་འགྲོ་དགོས་པ་བཅས་ཡིན་འདུག
    ཕྱི་ཟླ་༦ ཚེས་༡༥ ཉིན་དཀར་མཛེས་རབ་དཀར་གྲོང་ཚོ་ནས་ཡིན་པ་བསོད་ནམས་དབང་རྒྱལ་ལོ་༣༡ ཅན་དང༌། རིན་ཆེན་དོན་གྲུབ་ལོ་༢༤ ཅན། རྡོ་རྗེ་བློ་རིག་ལོ་༢༣ ཅན་བཅས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་ས་ནས་རྫོང་ཐོག་ཏུ་སོང་ཞིང༌། ང་ཚོའི་ཕ་མ་ལྟ་བུའི་ྋགོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་དང༌། ྋཔཎ་ཆེན་རིན་པོ་ཆེ་མཆོག་རྒྱ་དམར་གྱི་བཙོན་ཁང་དུ་བཅུག་ཡོད་པ་སོགས་ལ་བརྟེན་ང་ཚོར་མཇལ་བཅར་གྱི་སྐལ་བ་མ་བྱུང་བ་མ་ཟད། བོད་མི་མང་པོ་འཛིན་བཟུང་སྲོག་ཐོག་ཏུ་བཏང་བ་སོགས་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བ་རྣམས་ང་ཚོས་དུས་ནམ་ཡང་བཟོད་ཐབས་མེད་མི་འདུག ཅེས་ཁ་གཅིག་གྲག་གིས་ཁོང་གསུམ་ནས་ྋགོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་ཁྱེར་ནས་ཡིག་ཆ་འབོར་ཆེན་བཀྲམ་པ་དང༌། ྋགོང་ས་མཆོག་བོད་དུ་གདན་ཞུ་དགོས་པ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་དབུས་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པ། བོད་ལ་རང་དབང་དགོས་པ། རྒྱ་དམར་བོད་ནས་ཕར་འགྲོ་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེ་བྱས་རྐྱེན་དྲག་ཆས་དམག་དཔུང་གིས་ཉེས་རྡུང་ཚད་མེད་བཏང་ནས་ས་དེར་ཁྲག་གིས་ཁེངས་ཡོད་པ་དང༌། ཁོང་གསུམ་ཤི་གསོན་གང་ཡིན་མ་ཤེས་པ་ཆགས་ཡོད་ཀྱང་རླངས་འཁོར་དུ་བླུགས་ནས་ཁྱེར་ཡོད་འདུག
    ཕྱི་ཟླ་༦ པའི་ཚེས་༡༡ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༢ ཐོག་དཀར་མཛེས་ལྷོ་པ་ནས་ཡིན་པའི་མི་སྐྱ་གཅིག་དང༌། དེ་མིན་དགེ་འདུན་པ་གཅིག་བཅས་མི་གཉིས་ནས་དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱེད་སྐབས་དྲག་དམག་ནས་ཉེས་རྡུང་ཚད་མེད་འོག་འཇུ་བཟུང་བྱས་འདུག ཉིན་དེར་འོ་བཟང་གྲོང་ཚོ་ནས་ཡིན་པ་རང་ལོ་༢༠ ཅན་དཔལ་ལྡན་དབང་རྒྱལ་གྱིས་ལག་ཏུ་བོད་ཀྱི་རྒྱལ་དར་ཁྱེར་ནས་གོམ་བགྲོད་ཀྱིས་ཞི་རྒོལ་བྱས་རྐྱེན་འཛིན་བཟུང་བྱས་འདུག
    ཕྱི་ཟླ་༦ ཚེས་༩ ཉིན་མཁའ་ནང་དགོན་གྱི་གྲྭ་བྱམས་དགའ་ཕུན་ཚོགས་ལོ་༡༨ ཅན་དང༌། ཡེ་ཤེས་རྡོ་རྗེ་ལོ་༣༢ ཅན། བྱམས་པ་རྡོ་རྗེ་ལོ་༡༨ ཅན། བསོད་ལུ་བཅས་བཞི་ཡིས་བོད་ཀྱི་རྒྱལ་དར་དང་ཡིག་ཆ་མང་པོ་ཁྱེར་ནས་དཀར་མཛེས་རྫོང་ཐོག་ཏུ་ཕྱིན་ནས་རྒྱ་གཞུང་ལ་ཞི་རྒོལ་དང་སྐད་འབོད་ཤུགས་ཆེ་བྱས་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག ཡང་ཉིན་དེར་རྫོང་པ་གྲོང་ཚོ་ནས་ཡིན་པ་ལོ་༣༤ ཅན་དབྱངས་ཅན་མཁའ་འགྲོ་ལ་རྒྱ་གཞུང་གིས་ཕྱི་རྒྱལ་དུ་གནས་ཚུལ་འདྲ་མིན་མཁོ་སྤྲོད་བྱེད་མཁན་ཡིན་པའི་ཉེས་འཛུགས་འདྲ་མིན་འོག་འཛིན་བཟུང་བྱས་ཡོད། ད་དུང་ཉིན་དེར་དཀར་མཛེས་དགོན་གྱི་གྲྭ་ངག་དབང་ལྷུན་གྲུབ་དང༌། སྐལ་བཟང་ཉི་མ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་རྒོལ་བྱས་ནས་འཛིན་བཟུང་བཙོན་འཇུག་བྱས་འདུག གཞན་ཡང་ཕྱི་ཚེས་༡༤ ཉིན་གྲྭ་ཡེ་ཤེས་དཔལ་ལྡན་དང༌། ཕྱི་ཚེས་༡༡ ཉིན་རྣམ་སྲས་ལྷ་མོ་དང༌། བསྟན་འཛིན་དར་རྒྱས་བཅས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ནས་འཛིན་བཟུང་བྱས་སྐོར་བོད་ཀྱི་བང་ཆེན་འདོན་ཐེངས་སྔོན་མར་གསལ།།

དྷ་སའི་ཟས་བཅད་ངོ་རྒོལ།

ཟླ་འདིའི་ཚེས་༢༤ ཉིན་ས་གནས་གཞོན་ནུ་དང་ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་བྱས་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འགོ་གཙུགས་ནས་ཉིན་བརྒྱ་དང་ཞག་གཅིག་འཁོར་བའི་ཉིན་མོ་ཡིན་པ་དང༌། དགོང་མོ་དེར་མར་མེ་ཁྲོམ་སྐོར་ཞིག་བྱས་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་རྒྱ་གཞུང་གིས་བོད་མི་དམར་གསོད་དང༌། དྲག་གནོན་མཚམས་འཇོག་དགོས་པ། འཛིན་བཟུང་བྱས་པ་རྣམས་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། ཟས་བཅད་ངོ་རྒོལ་དེ་བོད་ནང་དུ་ཞི་རྒོལ་བྱེད་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དུ་དྷ་སའི་དགོན་སྡེ་ཁག་དང༌། སློབ་གྲ་ཁག མི་མང་སོགས་ཆུ་ཚོད་༢༤ རིང་རེས་མོས་ཀྱིས་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང༌། ཉེ་བའི་ཆར་ནས་དྷ་སའི་ཚོགས་པ་སྐྱིད་སྡུག་ཁག་རེས་མོས་ཀྱིས་མཉམ་ཞུགས་བྱས་ཡོད་པ་དང༌། ཉིན་དེར་སྦྲ་སོག་འབྲི་གསུམ་མཉམ་འབྲེལ་སྐྱིད་སྡུག་གི་མི་༢༧ ཙམ་གྱིས་ཟས་བཅད་ངོ་རྒོལ་བྱས་འདུག།

བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་འོག་ནས་དཔལ་འབར་བརྒྱུད་སྤྲོད།

ཟླ་འདིའི་ཚེས་༢༡ ཉིན་པེ་ཅིང་ཨོ་ལིམ་ཕིག་དཔལ་འབར་དེ་བོད་ཀྱི་རྒྱལ་ས་ལྷ་སར་བརྒྱུད་སྤྲོད་བྱས་ཡོད་པ་དང༌། གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གཞུང་གིས་མི་མང་ལ་ཧ་ཅང་དམ་དྲག་དང༌། དོགས་ཟོན་གྱིས་དྲག་དམག་དང་ཉེན་རྟོག་པ་འབོར་ཆེན་གང་སར་བཀྲམ་ཡོད་པ་མ་ཟད། རང་དབང་གང་ཡང་མེད་པའི་ཐོག་ནས་དཔལ་འབར་བརྒྱུད་སྤྲོད་བྱས་སོང་ཞེས་བརྗོད་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཞེས་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆི་ལི་ཡིས་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་ངོ་རྒོལ་བྱེད་མཁན་བྱུང་ན་རྩ་མེད་བཟོ་རྒྱུ་ཡིན་ལ། ཏཱ་ལའི་རུ་ཚོགས་རྩ་མེད་གཏོང་རྒྱུ་ཡིན་ཞེས་བསྒྲགས་གཏམ་སྤེལ་ཡོད་འདུག
    བཙན་བྱོལ་བོད་གཞུང་གི་ངོས་ནས་པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་འགྲན་ལ་དགག་བྱ་མེད་ཀྱང༌། ལྷ་སར་དཔལ་འབར་བརྒྱུད་སྤྲོད་མ་བྱེད་རོགས་ཞེས་གསུངས་ཡོད་པ་དང༌། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ཡང་ཤུགས་ཆེན་བྱས་ཡོད་ནའང༌། རྒྱ་ནག་གཞུང་གིས་ཉན་འཇོག་གང་ཡང་བྱས་མེད་པ་རེད། དང་ཐོག་དཔལ་འབར་དེ་ལྷ་སར་ཉིན་གསུམ་རིང་བརྒྱུད་སྤྲོད་བྱེད་འཆར་ཡོད་འདུག་ཀྱང༌། དངོས་སུ་བརྒྱུད་སྤྲོད་བྱེད་སྐབས་ཕོ་བྲང་ཕོ་ཏཱ་ལ་ནས་ནོར་བུ་གླིང་ཁ་བར་ཆུ་ཚོད་གཉིས་རིང་བརྒྱུད་སྤྲོད་བྱས་ཡོད་པ་དང༌། བརྒྱུད་སྤྲོད་བྱེད་མཁན་ནང་བོད་རིགས་དང་རྒྱ་རིགས་༡༥༨ ཡོད་ནའང༌། བརྒྱུད་སྤྲོད་བྱེད་མཁན་བོད་རིགས་ཚོ་དང༌། ལྟད་མོ་བ་ཚང་མ་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་ཡོད་པ་ལས། སེར་མོ་བས་གཙོས་རང་དབང་གིས་ལྟད་མོ་བལྟ་མཁན་གྱི་མི་མང་ཚོ་བཀག་འགོག་བྱས་ཡོད་འདུག དྲག་དམག་གིས་མཐའ་བསྐོར་བའི་དཔལ་འབར་བརྒྱུད་སྤྲོད་ཐ་མ་དེ་གཞས་མ་ཚེ་བརྟན་སྒྲོལ་མས་མོའི་གླུ་དབྱངས་དང་སྦྲགས་བརྒྱུད་སྤྲོད་བྱས་པ་དང༌། བོད་རང་སྐྱོང་ཞེས་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆི་ལི་དང༌། གཙོ་འཛིན་བྱམས་པ་ཕུན་ཚོགས་ཀྱིས་བོད་མི་མང་གིས་དཔལ་འབར་ལ་དགའ་བསུ་བྱེད་ཀྱི་ཡོད་ཚུལ་གྱིས་གཏམ་བཤད་བྱས་ཏེ་མཇུག་བསྡོམས་བྱས་ཡོད་པ་རེད། ཚེས་༢༢ ཉིན་རྒྱལ་སྤྱིའི་གསར་འགོད་པ་རྣམས་དང་ཐོག་ཇོ་ཁང་ནང་བསྐྱོད་འཆར་ཡོད་ནའང༌། རྗེས་སུ་རྒྱ་ནག་གཞུང་གིས་ཆོག་མཆན་མ་སྤྲད་པར་ཇོ་ཁང་ནང་དུ་འགྲོ་ཐུབ་མེད་འདུག དེ་བཞིན་རྒྱལ་སྤྱིའི་གསར་འགོད་པ་རྣམས་ཀྱིས་སེ་ར་དགོན་པའི་གྲྭ་པ་དང༌། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་སོགས་ལ་བཅར་འདྲི་བྱེད་སྐབས་དོགས་ཟོན་གྱིས་ལན་འདེབས་ཁ་གསལ་གང་ཡང་བྱས་མེད་འདུག
    བཙན་བྱོལ་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ས་གནས་གང་སར་ལྷ་སར་དཔལ་འབར་བརྒྱུད་སྤྲོད་བྱས་པ་དེར་རྣམ་པ་འདྲ་མིན་གྱི་སྒོ་ནས་ངོ་རྒོལ་ཁྲོམ་སྐོར་ཐེངས་མང་བྱས་ཡོད་པ་རེད།།
    བལ་ཡུལ་དུ་འདི་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་དོན་ལས་འགུལ་ཆད་མེད་སྤེལ་ཡོད་པ་དང༌། ཟླ་འདིའི་ཚེས་༡༩ ཉིན་བལ་ཡུལ་བོད་གཞུང་སྣེ་ལེན་ཁང་གི་འགན་འཛིན་དང༌། ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་དང༌། ཚོགས་གཞོན་བཅས་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་གིས་ཟླ་གསུམ་རིང་ལ་བཀག་ཉར་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མའི་མཚན་ཐོག་ནས། བལ་ཡུལ་གཞུང་ལ་བོད་མི་ལས་འགུལ་བ་རྣམས་ལ་གཅར་རྡུང་དྲག་པོ་མི་བྱེད་པ་དང༌། ད་ལྟ་འཛིན་བཟུང་བྱས་པ་རྣམས་མྱུར་དུ་གློད་གྲོལ་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
    ཟླ་འདིའི་ཚེ་༡༩ ཉིན་གྱི་ཞོགས་པར་གློ་བུར་དུ་བུད་མེད་ཚོགས་པའི་ཚོགས་གཙོ་ངག་དབང་བཟང་མོ་དང་ཚོགས་གཞོན་བཀྲ་ཤིས་སྒྲོལ་མ། དེ་བཞིན་སྣེ་ལེན་ཁང་གི་སྐུ་ངོ་སྐལ་བཟང་ཅུང་བཅས་བལ་ཡུལ་གྱི་ཉེན་རྟོག་པས་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང༌། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་འཕྲིན་ལས་རྒྱ་མཚོ་ཡང་དོན་གཅོད་ཁང་དུ་འཛིན་བཟུང་བྱེད་དུ་ཡོང་ཡོད་མོད། ཁོང་ས་ཁུལ་གཞན་དུ་ཕེབས་ཚར་བའི་སྟབས་དང་ཁེལ་ཡོད་འདུག ད་དུང་ཡང་ཉེན་རྟོག་པས་པར་ཁྱེར་ནས་ས་ཁུལ་གང་སར་མྱུལ་བཞིན་བོད་མི་༢༨ ཙམ་འཛིན་བཟུང་བྱེད་རྒྱུ་དང༌། དེ་དག་ལས་གཞོན་ནུ་ཚོགས་པའི་རྒྱུན་ལས་རྣམས་དང༌། དྭང་བླངས་ཐོག་རྒྱུན་དུ་སྐད་འབོད་བྱེད་མཁན་གཞོན་སྐྱེས་ཁག་གཅིག བོད་པའི་གསར་འགོད་པ་བཅས་ཡིན་པ་རེད། རྒྱ་ནག་གཞུང་ཚབ་ཁང་གིས་སྟངས་འཛིན་འོག་འཛིན་བཟུང་བྱེད་དུ་བཅུག་པ་ཞིག་ཡིན་ཚོད་འདུག བོད་མི་འཛིན་བཟུང་བྱས་པ་དེ་དག་གི་སྡོད་ཁང་དང་ཁྱིམ་ཚང་སོགས་གང་དུ་ཡོད་མེད་ཐོག་མར་འདྲི་རྩད་བྱེད་མཁན་བོད་པའི་སོ་པ་དེ་དག་གིས་ཐོ་འགོད་བྱས་རྗེས་རྒྱ་ནག་གཞུང་ཚབ་ཁང་དུ་སྤྲད་པས། གཞུང་ཚབ་ཁང་ནས་ཉེན་རྟོག་པར་བཀའ་བཏང་བ་ཡིན་པ་རེད། བོད་པ་སོ་པ་དེ་དག་གིས་བོད་པའི་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཀྱི་ལས་ཀ་བྱེད་མཁན་ཚོ་རྩིས་སྤྲོད་བྱས་པ་ལས་ཆབ་སྲིད་དང་འབྲེལ་བ་ཡོད་མེད་གང་ལའང་མ་ལྟོས་པར། དཔེར་ན་སྣེ་ལེན་ཁང་གི་འགན་འཛིན་ལྟ་བུ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་ལ། སྣེ་ལེན་ཁང་ནི་ཡེ་ཤུ་ཆོས་ཚོགས་ཤིག་གི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟིགས་རྟོགས་འོག་ལ་ཡོད་པའི་བོད་པའི་སྤྱི་ཚོགས་ཁྲོད་ཐུན་མིན་གྱི་སྡེ་ཚན་ཞིག་ཡིན། དེའི་ལས་བྱེད་པ་དེ་དག་ཆབ་སྲིད་ཀྱི་ལས་འགུལ་སོགས་གང་དུ་ཞུགས་མི་ཆོག་པའི་སྒྲིག་གཞི་དམ་པོ་ཡོད་མོད། རྒྱ་ནག་གཞུང་ཚབ་ཁང་གིས་དེ་དག་རྩིས་མེད་དུ་བཏང་ནས་འགན་འཛིན་འཛིན་བཟུང་བྱེད་དུ་བཅུག་པ་དང༌། སྤྱིར་བཏང་བོད་པའི་སྤྱི་ཚོགས་ཁྲོད་ཤེས་རྟོགས་མེད་པའི་སོ་མྱུལ་བ་དེ་དག་གིས་གང་ཐོ་འགོད་བྱས་པ་དེ་འཛིན་བཟུང་བྱེད་དུ་བཅུག་ཡོད། དཔེར་ན་ཟླ་བ་གཅིག་ཙམ་གྱི་གོང་དུ་ཉེན་རྟོག་པས་བོད་མི་༡༡ ལ་ཉེན་བརྡ་བཏང་བའི་ཁྲོད་དུ་སྐུ་ངོ་འཇིགས་མེད་ཀྱི་མིང་ཡོད་འདུག སྐུ་ངོ་འཇིགས་མེད་ནི་སྔ་ས་ནས་རྩ་དགོངས་ཞུས་རྗེས་ཕྱི་རྒྱལ་ལ་ཕེབས་ཚར་ཡོད། དེ་དག་ལ་གཞིགས་ན་བོད་པ་སོ་མྱུལ་བས་གང་ཐོ་འགོད་བྱས་པ་དེ་དག་རྒྱ་ནག་གཞུང་ཚབ་ཁང་ནས་འཛིན་བཟུང་བྱེད་དུ་བཅུག་ཡོད།།

གསེར་རྟ་རྫོང་དུ་མུ་མཐུད་ངོ་རྒོལ་དང་འཛིན་བཟུང༌།

    ཕྱི་ཚེས་༡༩ ཉིན་གྱི་ཕྱི་དྲོ་འདི་གར་བོད་ནས་ཁ་པར་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་༢༠༠༨ ཟླ་༦ ཚེས་༡༩ ཉིན་གྱི་ཕྱི་དྲོ་རྒྱ་ནག་གི་ཆུ་ཚོད་༢ པའི་ཐོག་གསེར་རྟ་རྫོང་དུ་གསེར་རྟ་ཀོས་ཚ་སྡེ་བ་ནས་ཡིན་པའི་གྲྭ་པ་གཡུ་་ཟེར་བ་ཞིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས། བོད་རང་བཙན་དང༌། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ྋགོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་པ་སོགས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། མཚམས་དེར་མི་མང་ཕོན་ཆེ་འདུ་འཛོམས་ཀྱིས་ཁོང་གི་ཉེ་འགྲམ་དུ་སླེབས་སྐབས་ཉེན་རྟོག་པས་བཀག་འགོག་དང་ཁོང་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག
    དེ་བཞིན་ཉིན་ཤས་སྔོན་རྒྱ་གཞུང་གིས་གསེར་རྟ་མཆོག་ཚང་སྟོད་མ་སྡེ་བ་རུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་སྤེལ་བའི་སྐབས། སྡེ་བ་དེའི་གྲྭ་པ་དབང་ལོ་ཟེར་བས་པར་བརྒྱབ་པར་བརྟེན། ཁོང་འཛིན་བཟུང་བྱས་ཡོད་པ་དང༌། ད་ལྟའི་ཆར་ཉེས་རྡུང་ཚབས་ཆེན་གཏོང་བཞིན་ཡོད་འདུག་པ་དང༌། ཁོང་གི་འབྲེལ་ཡོད་རྣམས་ཀྱིས་གློད་གྲོལ་དགོས་པའི་འབོད་སྐུལ་ཞུས་ཀྱང༌། གལ་སྲིད་གློད་དགོས་ན་རྒྱ་སྒོར་ཁྲི་གཉིས་ཀྱི་དངུལ་ཆད་མ་སྤྲད་ན་གློད་རྒྱུ་མིན་ཞེས་བཤད་ཡོད་པ་རེད།
    ཡང་སྙི་སྟོད་ཕུ་གུ་ཤང་དུ་ཕྱི་ཟླ་གསུམ་པ་ནས་ད་བར་ཡར་ལངས་གང་མང་བྱས་པར་བརྟེན་ས་ཁུལ་དེར་རྒྱ་གཞུང་གིས་དམག་མི་ཕོན་ཆེ་བཀྲམ་ནས་དམ་དྲག་བྱེད་བཞིན་ཡོད་ཀྱང༌། མི་མང་གི་ངོས་ནས་རི་མགོ་རུ་ས་བརྐོས་ནས་བོད་རང་བཙན་ཞེས་བྲིས་པ་དང༌། དེའི་ནང་དུ་རྡོ་དཀར་བླུགས་ཏེ་ཐག་རིང་ནས་བལྟས་ན་གསལ་པོ་མཐོང་ཐུབ་པ་བཟོས་ཡོད་འདུག ཤང་དེའི་ཁོངས་ནས་ཡིན་པ་ཚབ་ཚའི་རིག་བདག་དང༌། སྨན་སྐྱབས། གོས་བསོ་བཅས་དེ་སྔོན་འཛིན་བྱས་ཡོད་པ་ལྟར་དེང་སྐབས་གསེར་རྟ་རྫོང་གི་བཙོན་ཁང་དུ་ཡོད་པ་དང༌། སྤུན་མཆེད་གཉེན་ཉེ་སུ་གཅིག་ལའང་ཐུག་འཕྲད་བྱེད་མི་ཆོག་པ་མ་ཟད། ཉེས་རྡུང་ཚབས་ཆེན་གཏོང་བཞིན་ཡོད་པའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།།

གོམ་བགྲོད་པ་དང་གོ་སྒྲིག་པ་རྣམས་འཛིན་བཟུང༌།

    བོད་བར་དུ་ཞི་བའི་གོམ་བགྲོད་པ་རྣམས་རྒྱ་གར་གཞུང་གིས་གཅིག་མཇུག་གཉིས་མཐུད་ཀྱིས་འཇུ་བཟུང་དང་བཀག་ཉར་བྱས་ཡོད་པ་དང༌། གོམ་བགྲོད་གོ་སྒྲིག་ཚོགས་པའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང་དང༌། འབྲེལ་མཐུད་པ་བློ་བཟང་ཡེ་ཤེས། རང་དབང་སློབ་ཕྲུག་ཚོགས་པའི་བསྟན་འཛིན་ཆོས་དབྱངས་བཅས་དང་གོམ་བགྲོད་པ་ལྔ་བཅུ་ཙམ་འཛིན་བཟུང་དང༌། བརྒྱ་ལྷག་ཧི་མ་ཅལ་མངའ་སྡེའི་ནང་ཚུལ་སློག་རྗེས། སླར་ཡང་གོ་སྒྲིག་བྱེད་མཁན་ནང་ནས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་དང༌། དབུས་གཞོན་ལྷན་གྱི་དཀོན་མཆོག་ཡར་འཕེལ་གཉིས་བོད་ལ་སླེབས་རྒྱུར་སྤྱི་ལེ་༡༢ ཙམ་ལས་མེད་པའི་སར་འབྱོར་སྐབས། རྒྱ་གར་ཉེན་རྟོག་པས་ཁོང་གཉིས་དང༌། གོམ་བགྲོད་པ་ཁག་ཅིག་བཅས་འཛིན་བཟུང་གིས་ཟླ་འདིའི་ཚེས་༢༤ བར་བཀག་ཉར་བྱེད་འཆར་ཡོད་འདུག།

Share this:
༡༧༢ ཀློག་གྲངས།