ཕྱི་ཟླ་ལྔ་པ།

 

    སྐབས་དེར་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་ཕྱག་རོགས་དྲུག་མཉམ་ཞུགས་ཀྱིས་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་ཚོགས་འདུའི་དགོས་དམིགས་དང་འབྲེལ་བའི་གསུང་བཤད་སྒྲོགས་སྦྱང་གནང་བ་དང༌། བཀའ་བློན་ཁྲི་པ་མཆོག་གིས་བརྗོད་གཞི་དེ་ཚོ་དང་འབྲེལ་བའི་བཀའ་ཤག་གི་གསུང་བཤད་གནང་རྗེས། ྋགོང་ས་མཆོག་གི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། ལྷན་ཚོགས་དེའི་ཐོག་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་དང༌། རྒྱལ་དབང་ཀརྨ་པ་རིན་པོ་ཆེ། སྨན་རི་ཁྲི་འཛིན་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ། ཤར་པ་ཆོས་རྗེ་རིན་པོ་ཆེ། བྱང་རྩེ་ཆོས་རྗེ་རིན་པོ་ཆེ། འབྲི་གུང་སྐྱབས་མགོན་ཆེ་ཚང་རིན་པོ་ཆེ། གྲུབ་དབང་པད་ནོར་རིན་པོ་ཆེའི་སྐུ་ཚབ་མཆོག་སྤྲུལ་གྱང་ཁང་རིན་པོ་ཆེ།

ངོར་ཀླུ་ལྡིང་མཁན་རིན་པོ་ཆེའི་སྐུ་ཚབ་རྒན་འཇམ་དབྱངས་ཡེ་ཤེས། རྫོང་གསར་མཁན་པོ་ཀུན་དགའ་དབང་ཕྱུག་གི་སྐུ་ཚབ་མཁན་པོ་ཆོས་དབྱིངས་རྡོ་རྗེ། སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་སྐུ་ཚབ་དགེ་བཤེས་བཤད་གྲུབ་རྒྱ་མཚོ། འཁྲུལ་ཞིག་རིན་པོ་ཆེའི་སྐུ་ཚབ་སྤྱི་ཟུར་བསྟན་སྐྱབས། འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་འཇིགས་མེད་རྡོ་རྗེ་བཅས་ཕེབས་བཞུགས་གནང་ཡོད་པ་རེད།

    ྋགོང་ས་མཆོག་གི་བཀའ་དགོངས་བཞིན་ཟླ་འདིའི་ཚེས་༣ ཉིན་གྱི་ཞོགས་པའི་ཆུ་ཚོད་གཅིག་ལྷག་གི་རིང་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ྋགོང་ས་མཆོག་དབུ་བཞུགས་ཐོག་བླ་ཆེན་རྣམ་པས་དབུས་དགེ་བཙུན་རྣམས་དང༌། བཙན་བྱོལ་བོད་གཞུང་གི་བཀའ་བློན་རྣམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་རྣམ་པས་དབུས་མི་མང་མཉམ་འཛོམས་ཀྱིས་བོད་ཀྱི་བསྟན་པ་ཆབ་སྲིད་སྤྱི་དང༌། སྒོས་སུ་ཉེ་ཆར་བོད་མིའི་རང་དབང་ཆེད་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་སྨོན་ལམ་གསུངས་ཡོད་པ་རེད།།

སྐུ་ཚབ་ཐུག་འཕྲད།

ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་ བློ་གྲོས་རྒྱལ་མཚན་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་རྒྱ་ནག་ཏུ་ཕེབས་ནས། ཚེས་༤ ཉིན་རྒྱ་ནག་གི་ཧྲིན་ཀྲིན་གྲོང་ཁྱེར་དུ་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་ གྱུར་ཁང་གི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆོན་དང༌། བློན་ཆེན་གཞོན་པ་བོད་རིགས་སྲི་ཐར་གཉིས་དང་ཐུག་འཕྲད་ཀྱིས་ཉིན་གཅིག་རིང་བོད་ ནང་གི་ཛ་དྲག་གི་གནས་སྟངས་སྐོར་ལ་གྲོས་བསྡུར་གནང་ཡོད་ཅིང༌། བསྐྱར་དུ་ཐུག་རྒྱུའི་ཐག་གཅོད་བྱུང་ཡོད་ཚུལ་འདུག དེ་རིང་སྐུ་ཚབ་རྣམ་གཉིས་ཀྱིས་ྋགོང་ས་མཆོག་དང༌། བོད་གཞུང་གི་མཛད་གཙོ་རྣམ་པར་གནས་ཚུལ་སྙན་སེང་ཞུས་ཏེ། སང་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་པ་རེད།།

མགོ་ལོག་གི་གྲྭ་པ་ཞིག་དམར་གསོད།

ཕྱི་ཟླ་༤ ཚེས་༢༨ ཉིན་མགོ་ལོག་དར་ལག་རྫོང་དཔོན་སྐོར་སྟོད་མ་ཤང་གི་རི་མགོར་བྲོས་པའི་བོད་མི་རྣམས་རྒྱ་ནག་གི་ཉེན་རྟོག་པས་མཐའ་བསྐོར་ཏེ་དྲག་གནོན་བྱས་ཡོད་ཅིང༌། དྲག་གནོན་དེའི་ཁྲོད་བོད་མི་གཅིག་དམར་བསད་བཏང་བའི་གནས་ཚུལ་རྒྱ་ནག་གཞུང་གི་གསར་ལམ་དུ་བཀོད་པ་དང་མཉམ་དུ་བོད་རིགས་ཉེན་རྟོག་པ་ཞིག་ཀྱང་རྐྱེན་འདས་ཕྱིན་ཡོད་ལུགས་བཀོད་འདུག འདས་གྲོངས་སོང་བའི་བོད་མི་དེའི་མིང་ལ་ཆོས་སྟོབས་ཟེར་བ་དང༌། ད་ལོ་རང་ལོ་༢༢ རེད། ཁོང་དམར་བསད་བཏང་རྗེས་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པའི་ཐོག ཁོང་གི་ཕ་སངས་སངས་ལེ་ལེ་དང་ཕ་མ་གཅིག་པའི་སྤུན་མཆེད་གཅིག་བཅས་ཀྱང་འཛིན་བཟུང་གིས་དར་ལག་རྫོང་ལ་ཁྲིད་འདུག ཕྱི་ཟླ་༣ ཚེས་༢༡ ཉིན་དཔོན་སྐོར་སྟོད་སྨད་གཉིས་ཀྱི་བོད་མི་ཚོས་ཞི་རྒོལ་བྱས་རྗེས། རྒྱ་གཞུང་གི་དྲག་གནོན་ལ་གཡོལ་ཆེད་བོད་མི་༥༠༠ སྐོར་རི་མགོར་གབ་བྱོལ་བྱས་ཡོད་ཅིང༌། ད་ཐེངས་རྒྱ་དམག་གིས་དྲག་གནོན་བྱེད་སྐབས་ཆོས་སྟོབས་དང་མཉམ་དུ་ཡང་སྙིང་བོད་མི་ག་ཚོད་ཡོད་པ་དང༌། དེ་དག་ལས་ག་ཚོད་རྨས་པ་དང་འཛིན་བཟུང་བྱས་པ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་རེད།།

བོད་མི་བཙོན་འཇུག་དང་རྐྱེན་འདས།

འཕན་པོ་ལྷུན་གྲུབ་རྫོང་ཁོངས་ནས་ཕྱི་ཟླ་༣ པའི་ནང་འཛིན་བཟུང་བྱས་པའི་དགའ་ལྡན་ཆོས་འཁོར་ས་ཁུལ་གྱི་མི་གྲངས་༢༠ ཞིག་ཕྱི་ཟླ་༤ ཚེས་༢༥ ཉིན་ལྷ་སའི་བཙོན་ཁང་དུ་སྤོ་སྐྱེལ་བྱས་ཡོད་པ་དང༌། ཕྱི་ཟླ་༣ པའི་ནང་འཕན་པོར་ཞི་རྒོལ་བྱུང་སྐབས་བྱང་ཁ་ཤང་བདེ་གྲོང་གྲོང་ཚོའི་ཞིང་པ་ལོ་ན་༣༡ སོན་པ་ཟླ་བ་ཞེས་པ་ཞིག བཙོན་ཁང་ནང་མནར་གཅོད་ཚད་མེད་བཏང་སྟེ་འཆི་གྲབས་བྱས་སྟབས་ཟླ་༣ ཚེས་༢༧ ཉིན་གློད་གྲོལ་བཏང་ཡང༌། ཟླ་༤ ཚེས་༡ ཉིན་འདས་གྲོངས་སོང་འདུག དེ་བཞིན་འཕན་པོ་ཤར་འབུམ་པ་དགོན་པའི་བཙུན་མ་ཞིག་ལ་ཉེས་རྡུང་ཚབས་ཆེ་བཏང་སྟེ་རྫོང་སྨན་ཁང་དུ་ལུས་ཡོད་པའི་གནས་ཚུལ་འདུག།

བོད་དོན་རྒྱབ་སྐྱོར་བའི་ལས་འགུལ།

ཟླ་འདིའི་ཚེས་༤ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་དོན་ཆེད་ཞི་བའི་ཁྲོམ་སྐོར་ལས་འགུལ་ཞིག་སྤེལ་ཡོད་པ་དང༌། ལས་འགུལ་དེའི་ནང་གྲགས་ཅན་གསར་འགོད་པ་དང༌། མཁས་དབང༌། སློབ་དཔོན་ཆེན་མོ་སོགས་ཀྱིས་གཙོས་གནད་ཡོད་མི་སྣ་མང་པོ་ཕེབས་ཡོད་པ་རེད། ཁོང་ཚོས་རྒྱ་གར་དང་བོད་པ་གཉིས་ཀྱི་ཆེད་དུ་བོད་མི་ཚོར་རྒྱབ་སྐྱོར་ཡོད་ལ། བོད་མི་ཚོ་ལོ་ངོ་ལྔ་བཅུ་ལྷག་གི་རིང་བཙན་གནོན་འོག་ཏུ་གནས་དགོས་བྱུང་ནའང༌། ད་དུང་ཞུམ་པ་མེད་པར་བོད་དོན་འཐབ་རྩོད་བྱས་པ་ནི་གཟི་བརྗིད་ཆེན་པོ་ཡིན་པའི་སྐོར་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཆེད་ལས་དོན་གང་ཡང་བྱེད་ཐུབ་མེད་པ་ལ་བློ་ཕམ་ཡོད་སྐོར་ལས་འགུལ་བས་གསུངས་ཡོད་པ་རེད། བོད་དོན་ནི་ཞི་བའི་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཅིག་ཡིན་པས། བོད་མི་ཚོ་ཨུ་ཐུག་གིས་ཐབས་ལམ་གཞན་ཐོག་མ་བསྐྱོད་གོང་དྲག་གནོན་མ་བྱས་པར། བོད་རྒྱའི་བར་ཞི་མོལ་ཡོང་ཐབས་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་གྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།།

མནར་གཅོད་ཀྱིས་གྲོངས་པའི་བུད་མེད།

ཨ་མདོ་རྔ་པ་རྫོང་ཁོངས་གཅའ་རུ་བའི་བུད་མེད་ལོ་ན་༣༨ ལ་སོན་པ་ནེ་ཆུང་ཟེར་བ་ཞིག་ཟླ་༣ ཚེས་༡༦།༡༧ ཉིན་གྱི་ཞི་རྒོལ་ཁྲོད་ཉེན་རྟོག་ལས་ཁུངས་ཀྱི་སྒོ་བྱང་ཐོག་མར་ཕབ་མཁན་ཡིན་ལུགས་སྐྱོན་འཛུགས་བྱས་ཏེ་ཟླ་༣ ཚེས་༡༨ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས། བཙོན་ཁང་ནང་མནར་གཅོད་དང་ཉེས་རྡུང་ཚད་མེད་བཏང་སྟེ་ཟླ་༣ ཚེས་༢༦ ཉིན་གློད་དཀྲོལ་བཏང་ཡོད་ཀྱང༌། སྐབས་དེར་ཁོང་མོ་ཁ་གྲགས་མི་ཐུབ་པའི་གཅོང་ཅན་དུ་གྱུར་ཡོད་འདུག ནེ་ཆུང་གི་དགའ་ཉེ་ཚོས་ཁོང་སྨན་ཁང་དུ་སྐྱེལ་ཐབས་བྱས་ཀྱང་ཁོང་མོ་ས་གནས་གཞན་དུ་འགྲོ་བར་རྒྱ་གཞུང་གི་ཆོག་མཆན་དགོས་ཚུལ་བཤད་དེ་འགྲོ་མ་བཅུག་མཐར་སྨན་བཅོས་གང་ཡང་མ་རག་པར་ཕྱི་ཟླ་༤ ཚེས་༡༧ ཉིན་འདས་གྲོངས་ཕྱིན་འདུག ནེ་ཆུང་གི་ཁྱོ་ག་རི་ལ་བྲོས་ཡོད་པ་དང་ཤུལ་དུ་ཕྲུ་གུ་ཆུང་ཆུ་༤ ཡོད་འདུག ཁོང་འདས་རྗེས་སུ་རྒྱ་ནག་གཞུང་གིས་གྲྭ་བཙུན་གཅིག་ཀྱང་བསྔོ་སྨོན་གསུངས་སར་ཕེབས་བཅུག་མེད་པ་རེད།།

བླ་བྲང་དུ་གྲྭ་མང་འཛིན་བཟུང་དང་དངུལ་དངོས་རྐུ་འཕྲོག

རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༨ ཟླ་༤ ཚེས་༡༥ མཚན་གུང་རྒྱ་དམག་གིས་བླ་བྲང་བཀྲིས་འཁྱིལ་དགོན་པའི་གྲྭ་ཤག་ཁག་རེ་རེ་བཞིན་སྔོག་བཤེར་གྱིས་གྲྭ་༡༦༠ འཛིན་བཟུང་བཙན་ཁྲིད་བྱས་ཡོད་ལ། དེ་བཞིན་ཁག་ནས་རྒྱ་དམག་གིས་གྲྭ་ཤག་ཁག་ནས་རྒྱ་ནག་དངུལ་རོབ་རྩིས་ལ་ཁྲི་ཉིས་བརྒྱ་ཙམ་དང་རྩ་ཆེའི་སྐུ་རྟེན་རིགས་རྐུ་འཕྲོག་བྱས་ཡོད་འདུག

    གོ་ཐོས་སུ་འདིའི་ཐད་བླ་བྲང་བཀྲིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་ནས་རྒྱ་ནག་དབུས་གཞུང་ལ་ཞལ་པར་ཐོག་ང་བརྒྱད་ལོ་ལྟ་བུའི་བཅོམ་འཕྲོག་དང་རྐུ་འཁྱེར་གྱི་བྱ་སྤྱོད་ལ་སྐྱོན་བརྗོད་གནང་བར། རྒྱ་ནག་དབུས་གཞུང་ནས་གནད་དོན་དེ་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་ལས་བྱེད་རེ་ཟུང་གི་ནོར་འཁྲུལ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་འདུག གོང་འཁོད་ཟླ་ཚེས་ཉིན་འཛིན་བཟུང་བྱས་པའི་ནང་ནས་ཐོས་བསམ་གླིང་གྲྭ་ཚང་གི་ཉིན་མའི་དཀོན་མཆོག་ནག་རྡོ། དངུལ་རྭའི་བསམ་འགྲུབ་ཡ་ལོ། རྒན་རྒྱཱའི་བརྩོན་འགྲུས། རྒྱུད་སྟོད་གྲྭ་ཚང་གི་ཛམ་བྷ་ལ། ཀྱེ་རྡོར་གྲྭ་ཚང་གི་གཟའ་དགེ། དུས་འཁོར་གྲྭ་ཚང་གི་དཔལ་ལྡན། རྒྱུད་སྨད་གྲྭ་ཚང་གི་ཀླུ་ཤོད་པ་བསྟན་འཛིན། དེ་བཞིན་རེབ་ཚ་དགེ་འདུན་ནག་རྡང༌། བསང་ཁོག་འཇམ་དབྱངས་སྦྱིན་པ་སོགས་གཙོས་གོང་འཁོད་གྲྭ་༡༣༦ འཛིན་བཟུང་བྱས་ཡོད་པ་ལས། གོང་གསལ་གྲྭ་པ་དགུ་དེ་ཞི་བའི་ལས་འགུལ་གྱི་གཙོ་བོའི་འགོ་ཁྲིད་པའི་ཉེས་མིང་འོག་དྲག་རྡུང་ཚབས་ཆེན་བཏང་སྟེ་ཀླུ་ཤོད་པ་བསྟན་འཛིན། རེབ་ཚ་དགེ་འདུན་ནག་རྡང༌། བསང་ཁོག་འཇམ་དབྱངས་སྦྱིན་གསུམ་དེང་སྨན་ཁང་དུ་བསྐྱལ་ཡོད་ཚུལ་ལས་ད་ལྟའི་ཆར་ཁོང་ཚོ་གར་ཡོད་དང་དངོས་ཡོད་གནས་ཚུལ་ཇི་ཡིན་ཤེས་རྟོགས་ཐུབ་མེད།།

རྫ་དགོན་གསར་དགོན་དུ་དམ་དྲག

ཕྱི་ཟླ་༣ ཚེས་༡༤ ནས་སྡེ་དགེ་རྫོང་ཁོངས་རྫ་དགོན་གསར་དགོན་དུ་རྒྱ་གཞུང་གིས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་ལ་ངོ་རྒོལ་གྱི་ས་རྟགས་རྒྱག་དགོས་པ། འདུ་ཁང་སྟེང་རྒྱ་ནག་གི་རྒྱལ་དར་འཛུགས་དགོས་པ་སོགས་ཚོགས་འདུ་ཐེངས་གསུམ་འཚོགས་ནས་བཀའ་བཏང་ཡང་ཁས་ལེན་བྱས་མེད་པ་དང༌། བསམ་ཚུལ་བསྡུ་རུབ་བྱེད་སྐབས་དགོན་པའི་མཁན་པོ་ལས་ཐོག་བསོད་ནམས་དབང་འདུས་ཀྱིས་ཆོས་སྲིད་གང་ཐད་ནས་ཤེས་མཁན་ཞིག་མིན་ཡང༌། ད་ལྟ་བོད་ཡུལ་སྟོད་སྨད་བར་གསུམ་དུ་མི་གསོད་ཁྲག་སྦྱོར་གྱི་བྱེད་སྟངས་འདི་ལ་མོས་མཐུན་མེད་ཅེས་སོགས་བཤད་པ་དང༌། གྲྭ་མང་གིས་ཀྱང་དེ་ལས་གཞན་ཤོད་རྒྱུ་མེད་ཅེས་བཤད་འདུག རྗེས་སུ་རྒྱ་ཡིག་དང་དབྱིན་ཡིག་བྲིས་པའི་ཤོག་ལྷེ་རེ་བསྟན་ནས་ཁྱེད་རྣམས་ཀྱིས་མགོ་པར་ཁུར་ཤོག ཁྱེད་རྣམས་ལ་ལག་ཁྱེར་བཟོ་རྒྱུ་ཡིན་ཞེས་བཤད་ཀྱང་ས་རྟགས་བརྒྱབ་མི་འདུག ཚོགས་འདུ་མཐའ་མ་དེ་འཚོགས་སྐབས་ད་རེས་ས་རྟགས་ངེས་པར་དུ་རྒྱག་དགོས། མ་བརྒྱབ་ན་དགོན་པ་ཆོས་སྒོ་རྒྱག་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱས་ཀྱང་ས་རྟགས་བརྒྱབ་མེད་པ་རེད། དེར་བརྟེན་དགོན་པ་དེ་སྡེ་དགེ་རྫོང་ཁོངས་དགོན་པ་༥༤ ཡོད་པའི་ནང་ནས་ནག་ཉེས་ཆེ་ཤོས་སུ་ངོས་འཛིན་ཐོག ཕྱི་ཟླ་༤ ཚེས་༢༧ ཉིན་དགོན་པའི་མཁན་ཟུར་བླ་མ་བཀྲ་རྒྱལ། དགོན་པའི་ལས་ཐོག་དབུ་མཛད་བླ་མ་བསམ་འཕེལ། རྒན་ཨ་དོན་འོད། གྲྭ་ཕུར་བུ་བཀྲ་ཤིས་བཞི་འཛིན་བཟུང་བྱས། གྲྭ་ཕུར་བུ་བཀྲ་ཤིས་གློད་ཡོད་ཀྱང༌། རྒན་ཨ་དོན་འོད་ཀྱིས་རང་བཙན་སྦྱར་ཡིག་བཀྲམ་མཁན་སོགས་ནག་ཉེས་ཚང་མ་ཁོང་ལ་ཡོད་པས་ཡུལ་མི་རྣམས་ལ་སུན་གཙེར་མ་བཟོ་རོགས་ཞེས་ཁས་ལེན་བྱས་ནས་ཁོང་སྡེ་དགེ་རྫོང་དུ་ཁྲིད། གཞན་གཉིས་དང་མི་སྐྱ་རྟ་ནོར་དང༌། ལྷག་པ་ཚེ་རིང་བཅས་བཞི་ནི་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དམག་མི་ཆིག་སྟོང་ཙམ་སླེབས་ནས་དམ་དྲག་བྱེད་བཞིན་ཡོད་པ་དང༌། ཕྱི་ཚེས་༢༨ ཉིན་མི་མང་སྟོང་ལ་ཉེ་བ་ཡར་ལངས་བྱས་ནས་ཤང་སྲིད་གཞུང་གི་ཕྱོགས་སུ་སོང་ཡོད་ནའང༌། དམག་གིས་ས་མདོ་གསུམ་ནས་བཀག་འགོག་གིས་ལམ་ཐིག་དམར་པོ་འཐེན་ནས་དེ་ལས་བརྒལ་ན་དམར་གསོད་གཏོང་ཆོག་པའི་ཁྱབ་བསྒྲགས་བྱས་ནས་མི་མང་རྣམས་ཤང་དུ་འགྲོ་ཐུབ་མེད་ཀྱང༌། གྲྭ་པ་འཇུ་བཟུང་བྱས་པ་རྣམས་གློད་གྲོལ་དགོས་པའི་སྐད་འབོད་བྱས་ཀྱང་ཕན་ཐོགས་གང་ཡང་བྱུང་མེད་པར། ད་ཆ་དོགས་འཚབ་ཀྱི་ངང་དུ་གནས་ཡོད་པ་རེད། གནས་ཚུལ་མཁོ་གཏོང་བ་རྫོང་སར་གྲྭ་ཚེ་རིང་ཡེ་ཤེས།

ཁྲིམས་ཆད་ལ་ངོས་ལེན་མེད་པའི་གསལ་བསྒྲགས།

ཟླ་འདིའི་ཚེས་༡ ཉིན་རྒྱ་གཞུང་གིས་བོད་མིར་ཁྲིམས་ཐག་བཅད་པ་ལ་ངོས་ལེན་གཏན་ནས་མེད་པའི་གསལ་འགོད་གསལ་བསྒྲགས་ཤིག་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་སྤེལ་ཡོད་པ་རེད། གསལ་བསྒྲགས་དེའི་ནང་དུ་ཕྱི་ཟླ་༤ ཚེས་༢༩ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཞེས་པས་བོད་མི་ཁག་ཅིག་ལ་ཁྲིམས་ཐག་བཅད་པའི་སྐོར་རྒྱ་ནག་གཞུང་གི་གཞུང་འབྲེལ་ཤིན་ཧྭ་གསར་ཁང་གིས་གནས་ཚུལ་མི་མཐུན་པ་གཉིས་སྤེལ་ཡོད། གནས་ཚུལ་དང་པོ་དེ་ཚེས་༢༩ ཉིན་སྤེལ་ཏེ་བོད་མི་༡༧ ལ་ཁྲིམས་ཐག་བཅད་ཚུལ་བཤད་པ་དང༌། གནས་ཚུལ་གཉིས་པ་དེར་ཚེས་༣༠ ཉིན་སྤེལ་ཏེ་བོད་མི་༣༠ ལ་ཁྲིམས་ཐག་བཅད་ཚུལ་བཤད་ཡོད།

    གནས་ཚུལ་སྤེལ་བའི་ནང་བོད་མི་པ་སངས་སོགས་སུམ་ཅུས་ཁག་སོ་སོར་མེ་བརྒྱབ་པ་དང་འཕྲོག་བཅོམ་བྱས་པ། བརྙས་བསྐོ་བ་དང་ཟིང་སློང་བ། མི་མང་པོ་འདུ་འཛོམས་བྱས་ནས་རྒྱལ་ཁབ་ཀྱི་ལས་ཁུངས་ནང་ཤོར་བ། གཞུང་དོན་སྒྲུབ་རྒྱུར་འགོག་རྐྱེན་བཟོ་བ། རྐུ་རྒྱག་པ་བཅས་ཀྱི་ཉེས་པ་བསགས་ཡོད་པར་ངོས་འཛིན་བྱས་ཏེ་ཉུང་མཐའ་ལོ་གསུམ་ནས་མང་མཐའ་ཚེ་བཙོན་བར་གྱི་ཉེས་ཆད་ཤིན་ཏུ་ལྕི་བོ་ཉེས་འཛོལ་དང་རྩ་བ་ནས་མ་མཐུན་པ་བཏང་འདུག དོན་དངོས་སུ་ཉེ་ཆར་བོད་ནང་བོད་མི་ཚོས་ངོ་རྒོལ་བྱས་པ་དེ། བོད་མིར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང༌། ཆོས་དད་རང་མོས། དེ་བཞིན་རང་ཡུལ་དུ་རང་ཐག་རང་གཅོད་ཀྱི་དབང་ཆ་མེད་པ་སོགས་ལ་བརྟེན། འ་ཆད་འུ་ཐུག་གིས་ཞི་བའི་ངོ་རྒོལ་བྱས་པ་ལས། མི་བསད་ཁྲག་སྦྱོར་དང་རྐུ་རྒྱག་ལྟ་བུའི་ནག་ཉེས་བསགས་པ་གཏན་ནས་མ་རེད། ཁྲིམས་གཅོད་འདི་ལྟར་བཏང་བ་དྲང་བདེན་རྩ་བ་ནས་མིན། ད་ཐེངས་ཀྱི་ཁྲིམས་གཅོད་དེ་ལྷ་སའི་གསུམ་གཅིག་བཞིའི་དོན་རྐྱེན་དང་འབྲེལ་བ་ཡིན་ལུགས་བཤད་ཀྱང༌། དོན་དངོས་སུ་ལྷ་སའི་གསུམ་གཅིག་བཞིའི་དོན་རྐྱེན་དང་འབྲེལ་མེད་ཀྱི་སྟོད་ལུང་དང་འཕན་པོ་ལྷུན་གྲུབ་རྫོང་དུ་བྱུང་བའི་ཞི་རྒོལ་ནང་ཞུགས་མཁན་བོད་མི་ལ་ཡང་ཁྲིམས་ཐག་བཅད་འདུག    ཁྲིམས་རར་ལྷ་ས་ཁུལ་གྱི་ལས་རིགས་མི་འདྲ་བའི་མི་སྣ་༢༠༠ དང་༣༠༠ འཛོམས་ཡོད་ཅེས་སྔ་ཕྱི་མི་མཐུན་པ་གཉིས་བཤད་ཀྱང༌། ཁྲིམས་རའི་པར་རིགས་ལ་བལྟས་པ་ཙམ་གྱིས་བཅོས་མའི་རྣམ་པ་ཡིན་པ་གསལ་པོར་མངོན་པ་མ་ཟད། ཁྲིམས་རའི་ནང་རྩོད་བཤད་དང་དག་འབུད་བྱེད་པའི་རིམ་པ་གང་ཡང་མེད་པར་ཉིན་གཅིག་ལ་བོད་མི་སུམ་ཅུར་དུས་གཅིག་ལ་ཁྲིམས་ཐག་བཅད་པ་རེད། འདིར་དམིགས་བསལ་གྱིས་དོ་སྣང་བྱ་དགོས་པ་ཞིག་ལ། རྒྱ་ནག་གཞུང་གིས་བོད་མི་ཞི་རྒོལ་བ་ཚོར་དྲི་གཅོད་ཐེངས་གཅིག་ཀྱང་མ་བྱས་གོང་ནས་བོད་མིའི་ཞི་བའི་ལས་འགུལ་དེ་བྱབྱཏཱ་ལའི་རུ་ཚོགས་ཀྱིས་སྒྲིག་འཛུགས་ལྡན་པ་དང་ལྐོག་གཡོ་ལྡན་པ། བྱུས་འགོད་ཞིབ་ཚགས་བྱས་ཏེ་བརྒྱུད་བསྐུལ་བྱས་པའི་ངོ་བོ་ཞིག་ཏུ་གཏན་འབེབས་བྱས་བྱབྱཐོགབྱབྱཏང་ཡོན་ལས་བྱེད་ཚང་མས་དོན་རྐྱེན་གྱི་ངོ་བོ་ངོས་འཛིན་གཏིང་ཟབ་བྱས་ཏེ་བསམ་བློ་གཅིག་གྱུར་ཡོང་བ་བྱེད་དགོས་པའི་བཀའ་རྒྱ་བཏང་བྱབྱཡོད་པ་རེད།

    ལྷག་པར་ཕྱི་ཟླ་༣ ཚེས་༡༥ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཀྲང་ཆིང་ལིང་གིས་བྱབྱདགྲ་བོའི་སྨྱོ་ཧམ་ཆེན་པོའི་བྱ་སྤྱོད་ཚར་གཅོད་བྱེད་དགོས་པ་དང༌། ཐེངས་འདིའི་དོན་རྐྱེན་རྩ་འཛུགས་དང་བཀོད་འདོམས་བྱེད་མཁན་གྱི་ལྐོག་གཡོ་ཅན། རྡུང་གཅོག་འཕྲོག་སྲེག་བྱེད་མཁན་གྱི་དྲག་དཔྱོད་པ། ལོག་སྤྱོད་པའི་དར་ཆ་སྒྲེང་འཛུགས་དང་ལོག་སྤྱོད་འབོད་ཚིག་བསྒྲགས་ཏེ་ཁ་བྲལ་དང་གཏོར་བཤིག་གཏོང་མཁན་གྱི་རྐང་འཛིན་མི་སྣ་བཅས་ངེས་པར་དུ་གང་མགྱོགས་འཛིན་བཟུང་དང༌། ཞིབ་དཔྱད། ཁྲིམས་ཐག་བཅད་དེ་རྡུང་རྡེག་ཚ་པོ་དང་ཁྲིམས་ཐག་ནན་པོ། སྙིང་རྗེ་སྤུ་ཙམ་མེད་པ་བྱེད་དགོས་བྱབྱཞེས་བཤད་པ་གཞིར་བཟུང་དུས་ཐུང་ཟླ་བ་གཅིག་དང་ཕྱེད་ཀའི་ནང་བྲེལ་འཚབ་ཆེན་པོས་ཁྲིམས་ཐག་བཅད་པ་ཞིག་རེད།

    ཁྲིམས་བཤེར་གྱི་བརྒྱུད་རིམ་ཧྲིལ་པོ་ཕྱི་གསལ་ནང་གསལ་མེད་པ་དང༌། རང་དབང་གི་སྒོ་ནས་ཁྲིམས་རྩོད་པ་གླ་གཡར་གྱི་གོ་སྐབས་མེད་པ། བོད་མིར་ཁྲིམས་དོན་གྱི་རོགས་རམ་བྱ་འདོད་ཡོད་པའི་རྒྱ་རིགས་ཁྲིམས་རྩོད་པ་རྣམས་ལ་ཐེ་བྱུས་བྱེད་དུ་མ་བཅུག་པ། ཁྲིམས་བཤེར་གྱི་དུས་ཡུན་ཧ་ཅང་ཐུང་བ། ཁྲིམས་གཅོད་གཏོང་ཚབས་ཧ་ཅང་ཆེ་བ། གནད་དོན་རྩད་གཅོད་མ་བྱས་གོང་ནས་གནད་དོན་གྱི་ངོ་བོ་དང་ཉེས་པ་གཏོང་ཕྱོགས་གཏན་འབེབས་བྱས་ཟིན་པ་བཅས་མདོར་ན། ཁྲིམས་བཤེར་གྱི་བརྒྱུད་རིམ་ཆ་ཚང་དྲང་པོ་རྩ་བ་ནས་བྱུང་མེད་པས་བོད་གཞུང་མང་ཡོངས་ཀྱིས་ཁྲིམས་གཅོད་འདི་ལ་ངོས་ལེན་བྱ་ཐབས་རྩ་བ་ནས་མེད།

    གོང་གསལ་གྱི་ཁྲིམས་གཅོད་བྱེད་སྟངས་ནི་རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ལུགས་དང་འགལ་ཡོད་པ་སྟེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་གཏུགས་བཤེར་གྱི་ཁྲིམས་ཡིག་ལེའུ་བཞི་པ་དོན་ཚན་༣༢ ནང་བྱབྱདོགས་ཡོད་ཉེས་ཅན་པ་དང་གྱོད་ཡ་སོ་སོས་སོ་སོར་དག་འབུད་བྱེད་པ་ཕུད། ཁྲིམས་རྩོད་པ་གཅིག་གམ་གཉིས་གླ་ཆོགབྱབྱཅེས་འཁོད་ཀྱང༌། བོད་མི་སུམ་ཅུ་དེར་རང་དབང་གི་སྒོ་ནས་ཁྲིམས་རྩོད་པ་གླ་གཡར་གྱི་གོ་སྐབས་སྤྲད་མེད།

    དེ་བཞིན་ཁྲིམས་ཡིག་དེའི་ལེའུ་དང་པོ་དོན་ཚན་༡༢ པར་བྱབྱམི་དམངས་ཁྲིམས་ཁང་གིས་ཁྲིམས་ཐག་མ་བཅད་གོང་སྐྱེ་བོ་སུ་འདྲ་ཞིག་ལའང་ནག་ཉེས་ཡོད་པ་གཏན་འབེབས་མི་ཆོག་བྱབྱཅེས་གསལ་བ་དང༌། ཡང་ལེའུ་གཉིས་པའི་དོན་ཚན་༡༦༣ པར་བྱབྱཁྲིམས་གཅོད་ཐ་དག་ཡོངས་གྲགས་ཐོག་བྱ་དགོས་བྱབྱཞེས་གསལ་ཡང༌། བོད་མི་ཞི་རྒོལ་བ་ཚོའི་ནག་ཉེས་ཀྱི་ངོ་བོ་སྔོན་ཚུད་ནས་གཏན་འབེབས་ཐོག མཐའ་མའི་བཅད་ཁྲ་གསལ་བསྒྲགས་བྱེད་སྐབས་གཞུང་ཕྱོགས་ཀྱི་མི་སྣ་འགའ་ཞིག་བསྐོང་པ་ལས། དེ་མིན་གྱི་བརྒྱུད་རིམ་རྩ་བ་ནས་མ་འགྲིམས་པའམ། འགྲིམས་ཀྱང་བརྒྱུད་རིམ་ཆ་ཚང་ཡོངས་གྲགས་དང་ཕྱི་གསལ་ནང་གསལ་བྱུང་མེད། དེར་བརྟེན་ང་ཚོས་རྒྱ་ནག་གཞུང་ལ། ད་ཐེངས་ཀྱི་ཁྲིམས་གཅོད་ལ་བསྐྱར་ཞིབ་ཀྱིས་ཕྱི་གསལ་ནང་གསལ་གི་སྒོ་ནས་ཁྲིམས་བཤེར་བྱ་དགོས་པའི་དགོས་འདུན་འདོན་རྒྱུ་མ་ཟད། བཙོན་དུ་ཚུད་པའི་བོད་མི་ཞི་རྒོལ་བ་གཞན་དག་ལའང་རང་དབང་གི་སྒོ་ནས་ཁྲིམས་རྩོད་པ་གླ་གཡར་གྱི་ཐོབ་ཐང་སྤྲད་དེ་ཁྲིམས་གཏུགས་ཕྱི་གསལ་ནང་གསལ་བྱ་རྒྱུའི་མཐུན་རྐྱེན་སྤྲོད་དགོས་པའི་སྐུལ་མ་ནན་པོ་བྱ་རྒྱུ་ཡིན། གོང་གསལ་ཁྲིམས་གཅོད་དེ་རྒྱ་ནག་གཞུང་གིས་ཉེ་ཆར་ྋགོང་ས་མཆོག་གི་སྐུ་ཚབ་དང་ཞི་མོལ་ཞུ་འདོད་ཡོད་པའི་གསལ་བསྒྲགས་བྱས་རྗེས་བྱུང་བ་ཞིག་ཡིན་པས། དེའི་ཐོག་ནས་ཡང་སྙིང་རྒྱ་ནག་གཞུང་ལ་དོན་དམ་གྱི་ཞི་མོལ་ཞུ་འདོད་ཀྱི་ལྷག་བསམ་ཡོད་མེད་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཐེ་ཚོམ་ཆེན་པོ་ཞིག་སྐྱེ་རུ་བཅུག་པ་རེད།

    ཐེངས་འདིའི་ཁྲིམས་གཅོད་བྱེད་སྟངས་ལ་གཞིགས་ན། འབྱུང་འགྱུར་བོད་མི་དེ་བས་མང་བར་དྲང་བདེན་མ་ཡིན་པའི་ཁྲིམས་གཅོད་དེ་བས་ཚབས་ཆེ་བ་བྱ་རྒྱུའི་ཉེན་ཁ་ཡོད་པར་མ་ཟད། བོད་མི་ཁག་ཅིག་ལ་སྲོག་ཁྲིམས་ཀྱང་གཅོད་རྒྱུའི་ཉེན་ཁ་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག  རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ། ཁྲིམས་དོན་ཚོགས་པ་ཁག་བཅས་ཀྱི་ངོས་ནས། ད་ཐེངས་བོད་མི་མང་པོར་དྲང་བདེན་མ་ཡིན་པའི་ཁྲིམས་གཅོད་དང༌། འགའ་ཞིག་ལ་སྲོག་ཁྲིམས་ཀྱི་ཉེས་པ་ཕོག་ཉེན་ཡོད་པ་ལས་སྐྱོབས་ཐབས་ཀྱི་རོགས་རམ་འཕྲལ་དུ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན་ཞེས་འཁོད་པ་ཡོད་པ་རེད།།

    བལ་ཡུལ་དུ་ལས་འགུལ་བའི་དཀའ་ངལ།

ཟླ་༤ ཚེས་༣༠ ཉིན་ལས་འགུལ་བ་མི་བརྒྱ་ལྷག་བཙོན་ཁང་ནས་གློད་མཚམས་སུ་བལ་ཡུལ་རྒྱལ་ས་ནས་མཆོད་རྟེན་བར་ཞི་བའི་གོམ་འགྲོད་བྱས་ཡོད། སྐབས་དེ་དུས་ས་གནས་འགོ་འཛིན་བུ་དོན་འགྲུབ་ཀྱིས་ཐུགས་རྗེ་ཆེའི་གསུང་བཤད་དང་སྦྲགས་ཉིན་ལྟར་ལས་འགུལ་སྤེལ་སར་མ་ཕེབས་པ། ཟླ་བ་གཅིག་གི་ནང་ཐེངས་རེ་གཉིས་ཙམ་ལ་ཕེབས་རོགས་གསུངས་ཡོད་པ་རེད། དེ་ནི་ལས་འགུལ་བ་དེ་དག་གི་སྙིང་ལ་ཧ་ཅང་ཕོག་སྟབས་ལས་འགུལ་བ་གཅིག་སྒོའི་ཕྱི་ལོགས་སུ་སླེབས་སྐབས་སུ་ངུས་སོང༌། སྒོའི་ཕྱི་ལོགས་སུ་ལས་འགུལ་བ་ཚོས་བོད་དུ་ཟླ་རེར་མི་རེ་ཙམ་གསོད་ཀྱི་ཡོད་པ་མ་རེད། ཉིན་ལྟར་མི་གསོད་ཀྱི་ཡོད་རེད། ང་ཚོས་ལས་འགུལ་སྤེལ་བ་ལ་རྒྱབ་སྐྱོར་མ་བྱས་རུང་མི་མང་གི་སེམས་ཤུགས་མ་བཅག་ན་འགྲིག་པ་ཞེས་གསུངས་སོང༌། དྭང་བླངས་ལས་འགུལ་བ་དེ་དག་ལས་ཕལ་མོ་ཆེ་ནི་གྲྭ་བཙུན་ཡིན་པ་དང༌། དེ་དག་གི་འགོ་བྱེད་ལྟ་བུ་མི་སྐྱ་ཁ་ཤས་ཤིག་ཡོད། གསུམ་བཅུའི་དུས་དྲན་ནས་ད་ལྟའི་བར་བལ་ཡུལ་གྱི་རྒྱལ་ཡོངས་འོས་ཤོག་སྐབས་ཉིན་ཤས་ཕུད་པའི་ཉིན་ལྟར་ངོ་རྒོལ་སྐད་འབོད་དང་ཟས་གཅོད་ལས་འགུལ། ཞི་བའི་གོམ་འགྲོད་སོགས་གནང་གི་ཡོད་པ་རེད།

    ཚང་མར་ཉེན་རྟོག་པས་རྡུང་རྡེག་མ་བྱས་པ་གཅིག་ཀྱང་མེད་ལ། ཉིན་ལྟར་སྨན་ཁང་དུ་མི་རེ་ཟུང་སྐྱེལ་དགོས་བྱུང་ཡོད་མ་ཟད། རྨས་སྐྱོན་ཚབས་ཆེན་ཕོག་མཁན་མང་པོ་བྱུང་ཡོད། ཉེ་ཆར་བུད་མེད་ཞིག་ལ་རྡུང་རྡེག་དྲག་པོ་བཏང་ནས་སྨན་ཁང་དུ་སྐྱེལ་སྐབས། མཚན་མ་ནས་ཁྲག་རྒྱུན་མ་ཆད་རུང་ན་ཚ་རྙིང་པ་འདུག་ཟེར་བས་སྨན་ཁང་ནས་ཕྱིར་ནང་ལ་འཁྱེར་ཡོད་འདུག བུད་མེད་དེ་བཙུན་དགོན་ཞིག་གི་མ་བྱན་ཡིན་པ་དང༌། བཙུན་མ་དེ་དག་གིས་ང་ཚོའི་མ་བྱན་ལ་ན་ཚ་རྙིང་པ་གང་ཡང་མེད། སྐད་འབོད་བྱེད་པར་མ་སོང་སྔོན་དུ་བདེ་ཐང་ཡིན། ཛ་དྲག་ལས་འགུལ་ཚོགས་པ་ནས་ལྟ་རྟོགས་བྱེད་མ་ཐུབ་ན། ཐུབ་ཀྱི་མི་འདུག་གསུངས་དང་ང་ཚོས་ཐབས་ཤེས་བྱེད་ཀྱི་ཡིན་བརྗོད་སྟབས། ཛ་དྲག་ལས་འགུལ་ཚོགས་པས་སླར་ཡང་སྨན་ཁང་དུ་སྐྱེལ་བ་སོགས་རྨས་སྐྱོན་ཕོག་པ་དག་ལའང་ཆ་མི་སྙོམས་པའི་གཟིགས་ཚུལ་འཁྱོག་པོ་ཞིག་འདུག རྐང་པ་དང་ལག་པ་ཆགས་མཁན་གཉིས་དང་ལུས་ཟུངས་ལ་སྐྱོན་ཕོག་པ་མི་བཞི་བྱུང་ཡོད། རྨས་སྐྱོན་ཚབས་ཆེན་ཕོག་པ་ལ་སྨན་རིན་ཛ་དྲག་ལས་འགུལ་ཚོགས་པ་ནས་གནང་སོང་ལ། ལས་འགུལ་བའི་རླངས་འཁོར་གླ་ཆ་དང༌། འགྲོ་གྲོན་མང་པོ་ཞིག་དྭང་བླངས་ལས་འགུལ་བ་ཉི་མ་སྒྲོལ་དཀར་ལགས་སྒེར་ངོས་ནས་བཏང་ཡོད་པ་དང༌། དེ་མིན་སྒེར་གྱི་ཞལ་འདེབས་བྱུང་བ་ཁ་ཤས་ལས་འགྲོ་གྲོན་བྱིངས་ལས་འགུལ་བ་རང་ངོས་ནས་གཏོང་གི་ཡོད་པ་རེད། གྲྭ་བཙུན་རེ་ཟུང་གིས་ཆུ་ཚོད་དང་ལག་ཐོགས་ཁ་པར་སོགས་རིན་གོང་ཁེ་པོར་བཙོང་ནས་ལས་འགུལ་ཆེད་འགྲོ་གྲོན་བཏང་འདུག རྒྱལ་དར་དང་འཕྲེད་དར་སོགས་ཉིན་ལྟར་ཉེན་རྟོག་པས་འཕྲོག་གི་ཡོད་སྟབས་རྒྱལ་དར་ཉོ་ཐུབ་པའང་ཁག་པོ་ཆགས་ཡོད་པ་རེད་ལ། ཉིན་ཤས་གོང་དྭང་བླངས་ལས་འགུལ་བ་ཚོས་མར་མེའི་ཁྲོམ་སྐོར་ཞིག་བྱས་ཡོད་པ་དེར་མི་མང་འདུ་འཛོམས་ཆེན་པོ་བྱུང་ཡོད་ཀྱང་ཡང་ལྭ་ཉོ་བྱེད་མེད་ནས་མི་མང་སྒེར་སོ་སོས་ཉོས་པ་རེད་ཟེར།། བལ་ཡུལ་གསར་འགོད་པས།

    རྨ་ལྷོ་སོག་རྫོང་དུ་བོད་མི་འཇུ་བཟུང༌།

ཕྱི་ཟླ་༣ ཚེས་༡༦ དང་༡༧ ཡས་མས་བོད་ཀྱི་ས་གནས་གང་བོད་མི་ཡར་ལངས་བྱེད་སྐབས། རྨ་ལྷོ་སོག་རྫོང་དུ་ཟི་ལིང་ནས་ལས་བྱེད་མང་པོ་ཡོང་སྟེ་ཚོགས་འདུ་ཆེན་པོ་ཞིག་འཚོགས་འདུག ཁྱེད་རང་ཚོ་སོག་པོའི་རྫོང་ཞིག་རེད། བོད་ཀྱི་གནད་དོན་ལ་འབྲེལ་བ་ཡོད་པ་མ་རེད། ས་གནས་སོ་སོ་ནས་ཡར་ལངས་བྱེད་ཀྱི་ཡོད་པ་རེད། འབྲེལ་ཡོད་ཀྱི་སྡེ་དཔོན་དང༌། དགོན་པའི་ཕྱག་མཛོད་ཚོས་རྙོག་གྲ་མི་ཡོང་བའི་འགན་ཁུར་དགོས་ཞེས་འཚོག་ཐོག་ནས་བཤད་འདུག

    ཕྱི་ཟླ་༣ ཚེས་༢༤ ཉིན་རྨ་ལྷོ་སོག་རྫོང་ཁོངས་གཏོགས་ནས་ཤིང་ཟ་དགོན་པའི་གྲྭ་མང་གིས་ངོ་རྒོལ་བྱས་ཏེ། ཁེ་སིན་ཤང་ཐོག་ཏུ་སོང་ཡོད་པ་རེད། དེར་རྒྱ་གཞུང་གིས་ལས་བྱེད་ཀྱིས་ཁྱེད་རང་ཚོས་འདིར་སྐད་བརྒྱབ་ནས་སུས་ཀྱང་གོ་ཡི་མ་རེད། སྐད་འབོད་མ་བྱེད། རྗེས་སུ་འཇུ་བཟུང་བྱེད་རྒྱུ་མ་རེད་ཅེས་བཤད་འདུག དེའི་སྐབས་ཁ་པར་བརྒྱུད་ལས་འགུལ་བའི་ནང་རྒྱ་གར་ནས་ངོ་རྒོལ་མ་བྱེད་ཟེར་གྱི་ཡོད་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་ངོ་རྒོལ་མ་བྱེད་གསུང་གི་ཡོད་པ་རེད་ཅེས་སྐད་ཆ་རྫུན་མ་འདྲ་མིན་བཤད་མཁན་བྱུང་འདུག གཙང་དགོན་པར་ཡང་དེ་འདྲའི་ཁ་པར་ཡོང་འདུག ཤང་གི་ནང་དང་རྫོང་ཐོག་ནས་རྒྱ་རིགས་མང་པོ་དེའི་སྐབས་ཕྱིར་འཐེན་བྱས་འདུག

    དེ་རྗེས་གཙང་དགོན་པའི་གྲྭ་བ་ཞིག་འཇུ་བཟུང་བྱས་པ་དང༌། དེ་བཞིན་བོད་མི་མེན་ཆུ་གཟའ་མི་གཉིས་ཟི་ལིང་ནས་ཚུར་ཡོང་གི་ཡོད་སྐབས་འཇུ་བཟུང་བྱས་འདུག རྫོང་ཐོག་ནས་ཧོང་ཆུ་གཟའ་མི་གཉིས་དང༌། ཐུབ་བསྟན་བཅས་འཇུ་བཟུང་བྱས་འདུག ཧོང་ཆུ་ཡི་སྐྱེ་དམན་གློད་ཡོད་འདུག་ཀྱང་གཞན་རྣམས་གང་ཞིག་ཏུ་ཁྲིད་ཡོད་ཀྱང་ད་དུང་ཤེས་རྟོགས་གང་ཡང་མི་འདུག་ཅེས་ས་གནས་དེའི་འབྲེལ་ཡོད་ཅིག་གིས་འདི་གར་འགྲེལ་བརྗོད་གནང་སོང༌།།

ཧུའུ་ཅིན་ཐའོ་ལ་ངོ་རྒོལ་ཁྲོམ་སྐོར།

ཟླ་འདིའི་ཚེས་༦ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཉི་ཧོང་དུ་རྒྱལ་དོན་མཚམས་གཟིགས་སུ་ཕེབས་ཡོད་པ་དང༌། དེའི་སྐབས་ཉི་ཧོང་དུ་བོད་པ་དང༌། ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་སོགས་བཞི་སྟོང་ཙམ་འདུ་འཛོམས་ཀྱིས་བོད་དོན་ལས་འགུལ་སྤེལ་ཡོད་པ་རེད། སྐབས་དེར་ཉི་ཧོང་གི་གྲོས་ཚོགས་འཐུས་མི་ཞིག་གིས་ད་ཐེངས་སྲིད་འཛིན་གཉིས་ཀྱིས་བོད་དོན་སྐོར་གླེང་སློང་དགོས་སྐོར་གསུངས་ཡོད་པ་རེད། བོད་དོན་ལས་འགུལ་བ་རྣམས་ཀྱི་བོད་མི་མ་གསོད་ཅེས་པའི་སྦྱར་ཡིག་འདྲ་མེན་ཁྱེར་ཏེ་ངོ་རྒོལ་ཁྲོམ་སྐོར་བྱས་ཡོད་པ་རེད། ཚེས་༥ ཉིན་ཉི་ཧོང་མང་གཙོ་ཚོགས་པའི་དྲུང་ཆེས་ད་ཐེངས་སྲིད་འཛིན་གཉིས་མཇལ་འཕྲད་སྐབས་བོད་དོན་གླེང་སློང་དགོས་སྐོར་ཤུགས་ཆེན་བྱས་ཡོད་པ་རེད།

ཆབ་མདོའི་ཕོ་རྒོད་ཅིག་དམར་གསོད།

འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ཟླ་༥ ཚེས་༤ གཟའ་ཉི་མའི་ཉིན་གྱི་སྔ་དྲོ་ཆབ་མདོ་ལྷ་ཐོག་ནས་ཡིན་པ་ཨ་དཀར་བཀྲ་ཤིས་རྒྱ་གཞུང་གིས་དམར་གསོད་བཏང་ཡོད་པ་རེད། ཨ་དཀར་བཀྲ་ཤིས་ཀྱིས་ལོ་སྔོན་མའི་ནང་ཡུལ་དེའི་དུས་ཆེན་སྐབས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་བརྟེན་རྒྱ་གཞུང་གིས་འཛིན་བཟུང་བྱེད་རྒྱུའི་བཀའ་རྒྱ་བཀྲམ་ཡང་ཁོང་འཛིན་བཟུང་བྱེད་ཐུབ་མེད་པ་དང༌། ད་ལོ་ཕྱི་ཟླ་༣ པའི་ནང་ལྷ་སའི་ཡར་ལངས་ཀྱི་ལས་འགུལ་ནང་ཞུགས་ཡོད་ཀྱང་འཛིན་བཟུང་བྱེད་མ་ཐུབ་པར་རང་ཡུལ་དུ་སླེབས་ཡོད་པ་རེད། གོང་ཚེས་ཉིན་གྱི་ཞོགས་པ་རྒྱ་ནག་གི་ཆུ་ཚོད་དགུ་པ་ཙམ་གྱི་དུས་སུ་ཆབ་མདོ་རྫོང་གི་ཉེན་རྟོག་པ་ལྔ་ཁོང་གི་ནང་དུ་ཡོང་ནས། ཁོ་ཚོ་དང་མཉམ་དུ་འགྲོ་དགོས་ཚུལ་བརྗོད་པ་དང༌། ཁོང་གིས་ང་འགྲོ་རྒྱུ་མིན་ཁྱེད་རང་ཚོས་ག་རེ་བྱེད་དགོས་ཀྱང་གྱིས་ཞེས་བརྗོད་པ་དང༌། ཉེན་རྟོག་པས་ཁྱོད་ཀྱི་ལོ་སྔོན་མའི་དོན་རྐྱེན་དང་ལོ་འདིར་ཡང་ལྷ་སའི་རྡུང་གཅོག་འཕྲོག་བཅོམ་གྱི་ལས་འགུལ་ནང་ཞུགས་པས་ཁྱེད་རང་འཇུ་བཟུང་བྱེད་དགོས་པ་རེད། འགྲོ་ཡི་མིན་ལབ་ས་མེད་པར་ང་ཚོ་དང་མཉམ་དུ་འགྲོ་དགོས་པ་རེད་ཅེས་བཤད་སྐབས། ཁོང་གིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཚད་དུ་འཛུགས་ང་གཏན་ནས་མི་འགྲོ་ཞེས་བརྗོད་པར། ཉེན་རྟོག་པས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཟེར་བ་སུ་རེད། ཅེས་མཐོང་ཆུང་གི་ཚུལ་གྱིས་དྲིས་པར་ཁོང་གིས་ཁྱེད་ཚོས་མ་ཤེས་ན། ཁོང་ནི་ང་ཚོ་བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་རེད། ཤེས་སོང་ངམ། ཞེས་བཤད་པ་མ་ཟད། ཕན་ཚུན་ཁ་རྩོད་ཤོར་བའི་ཚེ་ཨ་དཀར་བཀྲ་ཤིས་ཀྱིས་ཉེན་རྟོག་པའི་འགོ་པ་དེ་ལ་གྲིས་ཁ་ཤས་བརྒྱབ་པ་དང༌། ཉེན་རྟོག་པ་གཞན་རྣམས་ཀྱིས་ཁོང་ལ་མེ་མདའ་བརྒྱབ་ནས་ཁོང་གི་ནང་རང་དུ་བསད་པ་དང༌། ཉེན་རྟོག་དཔོན་པོ་དེ་ཡང་ནང་དེ་རང་དུ་ཤི་ཡོད་པ་རེད། གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བརྗོད་གསལ་ལྟར་ན། དུས་རྒྱུན་ས་ཁུལ་དེས་མི་མང་གི་ཨ་དཀར་བཀྲ་ཤིས་དཔའ་བློ་ཁོག་ཆེ་བའི་ཕོ་རྒོད་ཅིག་ཡིན་པར་བརྟེན་དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་ཞེས་འབོད་སྲོལ་ཡོད་འདུག།    

མི་བདུན་ལ་བཙོན་འཇུག་ཁྲིམས་ཆད།

ཕྱི་ལོ་༢༠༠༨ ཟླ་༥ ཚེས་༣ ཉིན་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་སྔོན་ཕྱི་ཟླ་༣ ཚེས་༢༤ ཉིན་ཞི་རྒོལ་གནང་མཁན་དཀར་མཛེས་བྲག་འགོ་རྫོང་ངང་སྒོང་བཙུན་དགོན་གྱི་བཙུན་མའི་ཁོངས་ནས་མཁའ་འགྲོ་ལྷ་མོ་དང༌། ཝ་མོ། སྒྲོལ་མ་གཡང་མཚོ། ཡེ་སྤུག བསོད་ནམས་ཆོས་སྒྲོན། བདེ་གཡང་བཅས་དྲུག་དང༌། དེ་མིན་མི་སྐྱ་ཀུན་བཟང་རྡོ་རྗེ་བཅས་ལ་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་གོ་རྒྱུ་འདུག་ཅིང༌། དེ་ཡང་དང་པོ་གསུམ་ལ་དུས་བཀག་བཙོན་འཇུག་ལོ་བདུན་དང༌། ཕྱི་མ་བཞི་ལ་དུས་བཀག་བཙོན་འཇུག་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་འདུག

    རེབ་གོང་མདོ་བ་ཤང་གི་གྲྭ་པ་གསུམ་ལའང་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་པ་དང༌། ཕྱི་ཟླ་༥ ཚེས་ཤར་ནས་མདོ་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་ལྕོག་རི་ཤང་གི་ལས་བྱེད་ཚོས། ད་ལན་བོད་ནང་ངོ་རྒོལ་བྱུང་བའི་རྒྱུ་རྐྱེན་གང་ཡིན་དང་ཞོད་འཇགས་ཡོང་ཐབས་ཇི་ཡོད་ཐད་རྒྱ་ཆེའི་མང་ཚོགས་ལ་བསམ་ཚུལ་ཇི་ཡོད་གོང་རིམ་ནས་ཤེས་པ་བྱ་དགོས་པས། སོ་སོར་བསམ་འཆར་གང་ཡོད་ལྷུག་པོར་བཤད་ཆོག་པ་དང༌། བསམ་འཆར་ག་འདྲ་ཞིག་བཤད་ནའང་བསམ་འཆར་རང་ལས་ནོར་འཁྲུལ་ལ་ངོས་འཛིན་བྱ་རྒྱུ་མིན་སྐོར་སོགས་བཤད་འདུག སྐབས་དེར་མང་ཚོགས་རྣམས་ཡིད་མ་ཆེས་པར་བརྟེན་བཤད་མཁན་གཞན་མ་བྱུང་ཡང༌། ལྕོག་རི་དགོན་གྱི་མཁན་ཟུར་དགེ་བཤེས་རྣམ་རྒྱལ་ཚེ་རིང་མཆོག་གིས། ངས་བལྟས་ན་རྒྱ་གཞུང་གིས་བོད་ལ་འཛིན་པའི་ད་ལྟའི་སྲིད་བྱུས་ལ་བོད་མི་རྣམས་འདོད་པ་མ་ཁེངས་པར་བརྟེན་ད་ལན་གྱི་ཞི་རྒོལ་ཤུགས་ཆེ་འདི་དག་བྱུང་བ་ཡིན་པས། ཞི་རྒོལ་འདི་དག་མཚམས་འཇོག་དང་བོད་ཀྱི་དཀའ་རྙོག་སེལ་ཐབས་ཆེད་ཐབས་ལམ་གཅིག་མ་གཏོགས་མེད་པ་དེ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། ཀྲུའུ་ཞི་ཧུའུ་ཅིན་ཐའོ་གཉིས་ཐད་ཀར་བཀའ་མོལ་གནང་སྟེ། བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དེ་ཡིན། དེ་མིན་དྲག་གནོན་གྱི་ལམ་ནས་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་མུ་མཐུད་བཏང་ན་འབྱུང་འགྱུར་དཀའ་ངལ་འདི་ལས་ཆེ་བ་འཕྲད་རྒྱུ་རེད་ཅེས་གསུངས་འདུག ད་དུང་རྒྱ་ནག་གི་ལས་བྱེད་པས་ས་ཁུལ་དེའི་དགོན་པའི་ནང་ྋགོང་ས་མཆོག་གི་སྐུ་པར་བསྒྲིགས་ནའང་མ་འགྲིགས་པ་མེད་ལུགས་བཤད་ཚུལ་འདུག་པས། གོང་གསལ་གྱི་བྱེད་སྟངས་འདིའི་རྒྱབ་ཀྱི་དམིགས་ཡུལ་ངོ་མ་གང་ཡིན་ཐད་མི་མང་པོས་དོགས་པ་སྣ་ཚོགས་བྱེད་བཞིན་ཡོད་འདུག བཙོན་ཁང་ནང་ཚུད་པའི་བོད་མི་ཚོར་རྒྱ་གཞུང་གིས་ཉེས་རྡུང་དང་མནར་གཅོད་ཚད་མེད་བཏང་སྟེ་དབང་པོ་ཡན་ལག་ལ་སྐྱོན་བཏང་བ་མང་པོ་ཡོད་པ་མ་ཟད། རེ་ཟུང་ལ་ཚབས་ཆེའི་རྨས་སྐྱོན་བཟོས་རྗེས་གློད་བཀྲོལ་བཏང་ཡང༌། ཉིན་ཤས་ལས་མ་སོང་བར་འདས་གྲོངས་སོང་བ་དང༌། འགའ་ཞིག་སྨྱོན་པ་ཆགས་པ། དབང་པོ་སྐྱོན་ཅན་དུ་གྱུར་པ་སོགས་མང་པོ་འབྱུང་བཞིན་ཡོད།།

ཁམས་མི་ཉག་འདྲ་ཁོག་ཏུ་དམ་དྲགཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། རྟའུ་རྫོང་ཁོངས་ཁམས་མི་ཉག་འདྲ་པ་སྔོན་སྡེ་ངོས་སྡེ་ཤང་བོན་པོའི་དགོན་པར་ཕྱི་ཚེས་༣ ཉིན་རྒྱ་གཞུང་གིས་བཙན་དབང་འོག་སྐར་ལྔའི་དར་དམར་བསྒྲེངས་འཛུགས་བྱེད་བཅུག་ཡོད་འདུག་ཀྱང་གྲྭ་པ་རྣམས་ཀྱིས་དགོང་མོ་དར་ཆ་མར་ཕབ་སྟེ་ཕྱི་ཚེས་༤ ཉིན་དགེ་འདུན་པ་རྣམས་ནས་ང་ཚོས་རྒྱ་མིའི་དར་ཆ་མར་ཕབ་པ་རེད། དེ་ལ་རྒྱ་གཞུང་གིས་སྐད་ཆ་དེ་འདྲ་འདྲི་རྒྱུ་ཡིན་ཡིན་པ་རེད། ང་ཚོའི་དགོན་པའི་ལོ་རྒྱུས་དང་བྱུང་རབས་ནང་དར་དམར་དེ་འདྲ་དགོན་པའི་སྟེང་དུ་བསྒྲེངས་མྱོང་མེད་ལ་བསྒྲེང་དགོས་དོན་ཡང་མི་འདུག་པས་ཁྱོད་ཚོས་དར་ཆ་ད་ལྟ་ལྟེབས་ཆག་ཡག་པོ་བརྒྱབ་ནས་བཞག་ཡོད། མེ་སྲེག་བཏང་བ་དང་དབྲལ་བ་སོགས་གང་ཡང་བྱས་མེད་པས་ཕར་ཁུར་འགྲོ་རོགས་ཟེར་རྒྱུ་རེད་ཅེས་གསུང་གི་ཡོད་འདུག ཉིན་ཤས་སྔོན་ནས་བཟུང་ཉག་ཆུ་རྫོང་ཁོངས་ཁམས་མི་ཉག་འདྲ་པ་ཝ་རྡོ་ཤང་སྨིན་གྲོལ་དགོན་རྙིང་མ་པ།དང༌། འདྲ་ཡང་ལྡན་ས་སྐྱ།དགོན་གཉིས་སུའང་རྒྱ་གཞུང་གིས་སྐར་ལྔའི་དར་དམར་བསྒྲེང་དགོས་པ་དང༌། ཏཱ་ལའི་བླ་མས་བོད་ལ་ཨོ་ལིམ་ཕིག་གི་སྒྲོན་མེ་ཁུར་རྒྱུར་ངོ་རྒོལ་རྒྱག་གི་ཡོད་པ་དང༌། བོད་ནང་གི་ཟིང་འཁྲུག་གིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་སྐོར་ལ་མིང་རྟགས་རྒྱག་དགོས་ཚུལ་ཤུགས་ཆེ་བརྗོད་ཡོད་འདུག་ཀྱང་དགོན་པའི་འགན་ཁུར་བ་རྣམས་ཀྱིས་ཞལ་བཞེས་མ་གནང་བར་བརྟེན། སྨིན་གྲོལ་དགོན་པའི་བླ་མ་ཨ་ཁུ་ཨ་ཀོ་དང༌། ཡང་ལྡན་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་གཉིས་ཉག་ཆུ་རྫོང་དུ་ཁྲིད་དེ་བཀག་ཉར་གྱིས་འདྲི་རྩད་སྣ་ཚོགས་བྱེད་བཞིན་ཡོད་འདུག གཞན་ཡང་མི་ཉག་མགར་ཐར་དང༌། པ་སྨད་སོགས་སུ་ཉེ་སྔོན་རྒྱ་མིས་དཀྲུག་ཤིང་བྱས་ནས་རྒྱ་ཁ་ཆེ་དང་བོད་མི་དབར་རྙོག་གྲ་བྱུང་སྟེ་རྒྱ་ཁ་ཆེ་མང་པོ་ཞིག་གནས་སྤོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཡང་འདུག མི་ཉག་མགར་ཐར་ཕྱོགས་སུ་ད་དུང་ཡང་བོད་མི་རྣམས་ཀྱིས་ས་ཞིང་འདེབས་ལས་མ་བྱས་པར་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མུ་མཐུད་སྟོན་བཞིན་ཡོད་འདུག མེ་སོར་གསར་འགོད་པས།

གཉའ་མ་ཞུམ་པར་ཧུར་ཐག་གནང་རོགས།

གཅིག་ཤི་ན་བརྒྱ་ལངས་ཡོང་གི་རེད། བརྒྱ་ཤི་ན་སྟོང་ལངས་ཡོང་གི་རེད།

བོད་དོན་ཆེད་སྔ་ཕྱིར་ལོ་ངོ་༣༢ ལ་རྒྱའི་བཙོན་ཁང་དུ་སྡོད་དགོས་བྱུང་བའི་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་དུ་བོད་མི་མང་དང༌། ཨ་རིའི་སྲིད་འཛིན་མཆོག་ལ་འབོད་སྐུལ་གནང་ཡོད་པ་རེད།

    ཁོང་གིས་གསུང་དོན། རྒྱ་དམར་གུང་ཁྲན་ཏང་གི་དམིགས་ཡུལ་ནི་བོད་མི་རིགས་རྩ་མེད་གཏོང་རྒྱུ་དེ་རེད། དྲག་གནོན་བྱེད་སར་དྲག་གནོན་བྱས། དབང་ཡོད་བྱེད་སར་དབང་ཡོད་བྱས། སླུ་བྲིད་བྱེད་སར་སླུ་བྲིད་བྱེད་ཀྱི་ཡོད་པ་རེད། རྒྱ་མི་ཁོ་རང་ཚོས་བྱི་རིལ་གྱི་མེ་སྒྱོགས་བརྒྱབ་ཟེར་གྱི་ཡོད་པ་རེད། ཏང་ཡོན་དང་ལས་བྱེད་ཚོར་དངུལ་སྤྲད། སྐྱིད་པོ་གཏོང་དགོས་པ་རེད་ཟེར་ནས་སླུ་ཡི་ཡོད་པ་རེད། བོད་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཤིག་ཡོད་པ་རེད། ང་ཚོ་བོད་མིས་ཟ་རྒྱུ་དགོས་ཀྱི་འདུག གནམ་གྲུ་དགོས་ཀྱི་འདུག མེ་འཁོར་དགོས་ཀྱི་ཡོད་ཟེར་གྱི་ཡོད་པ་རེད། བོད་མི་རིགས་ལ་རང་དབང་དགོས་ཀྱི་འདུག་ཟེར་གྱི་ཡོད་པ་རེད། རང་དབང་མེད་ན་ག་འདྲ་ཡོང་གི་འདུག ད་ལྟ་ང་ཚོ་སུད་སུ་རུ་སྐྱབས་བཅོལ་ཞུས་ནས་སྐྱིད་པོ་ཡོད་པ་རེད། ཡིན་ནའང་ལོ་ལྔ་བཅུ་དྲུག་ཅུ་འགྲོ་དུས་མི་རབས་རྗེས་མ་ག་འདྲ་ཞིག་ཆགས་ཀྱི་རེད། བོད་པ་བོད་པ་མིན་པ། སུད་སི་སུད་སི་མིན་པ། རྒྱ་མི་ཚོས་རྒྱ་མི་རྒྱ་མི་འདྲ་བོ་མི་འདུག བོད་པ་བོད་པ་འདྲ་བོ་མི་འདུག ག་རེ་འདྲ་བོ་འདུག་ཟེར་གྱི་ཡོད་པ་རེད། བོད་པ་མ་འོངས་པར་དེ་འདྲ་ཞིག་ཆགས་འགྲོ་ཡི་རེད། འཛམ་གླིང་ཐོག་ནས་ང་ཚོར་རྒྱབ་སྐྱོར་གནང་གི་ཡོད་པ་རེད། ཐུགས་རྗེ་ཆེ། ད་དུང་ཡིན་ནའང་ཨ་རིའི་སྲིད་འཛིན་ཆེན་མོ་ཨོ་ལིམ་ཕིག་གི་མཛད་སྒོར་མ་ཕེབས་རོགས་གནང༌། རྒྱ་ནག་དེ་འཛམ་གླིང་ཐོག་རྙོག་གྲ་སློང་མཁན་ཞིག་རེད། ཨོ་ལིམ་ཕིག་རྩེ་ནའང་ཁོ་རང་ཚོས་ཤེས།

    བོད་མི་རིགས་ཟེར་དུས་ལོ་རྒྱུས་ཀྱི་ཐོག་དཔའ་ངར་དང་ལྡན་པ། ལས་ལ་བརྩོན་པའི་མི་རིགས་ཤིག་རེད། ཡིན་ནའང་རྒྱ་ནག་བཙན་འཛུལ་བས་སྡུག་རྩུབ་འོག་དཀའ་ངལ་ཞེ་དྲག་བྱུང་ཡོད་པ་རེད། དེ་འདྲའི་འོག་ཁྱེད་རང་ཚོས་བོད་མི་རིགས་དེ་བོད་ལུང་པར་འཚོ་བའི་ཆེད་དུ་རྒྱ་མིར་ངོ་རྒོལ་གནང་ཐུབ་པ་དེ་དཔེ་མ་སྲིད་པའི་དཔའ་ངར་ལྡན་པ་རེད། ད་དུང་གནང་རོགས་གནང༌། ང་ཚོ་བོད་མི་རིགས་ལ་བློ་སྟོབས་ཡོད། ང་ཚོས་ཞི་བའི་འཐབ་རྩོད་བྱེད་དགོས་པ་རེད། ང་ཚོར་དབུ་ཁྲིད་བཟང་པོ་ྋསྐྱབས་མགོན་རིན་པོ་ཆེ་ཡོད་པ་རེད། དཔའ་ངར་ལྡན་པའི་བོད་རིགས་སྤུན་ཟླ་ཡོད་པ་རེད། གཉའ་མ་ཞུམ་པ་བྱས་ནས་ཧུར་ཐག་གནང་རོགས། བཙོན་ཁང་ནང་ནས་ཤི་ན་སྐྱོན་ཡོད་པ་མ་རེད། གཅིག་ཤི་ན་བརྒྱ་ལངས་ཡོང་གི་རེད། བརྒྱ་ཤི་ན་སྟོང་ལངས་ཡོང་གི་རེད་ཅེས་རེ་བ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད།

    ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་ལགས་ནི་རྒྱ་ནག་གཞུང་གིས་སྔ་ཕྱིར་བསྡོམས་མི་ལོ་༣༢ རིང་ལ་བཙོན་འཇུག་བྱས་ཡོད་པ་དང༌། ད་ལྟ་དགུང་ལོ་༨༠ ལྷག་ཡིན་ལ། སུད་སི་རྒྱལ་ཁབ་ནང་སྐྱབས་བཅོལ་ཞུས་ནས་བཞུགས་ཡོད་པ་རེད།།

 

ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཕྱི་དྲིལ་བཀའ་བློན་མཇལ་འཕྲད།

ཕྱི་ཟླ་༥ ཚེས་༩ ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༨ ཉིན་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧཱན ས་གྷརཊ་པོ་ཊར་རིང་(Hans-Gert Pottering)མཆོག་དང་བོད་གཞུང་ཕྱི་དྲིལ་བཀའ་བློན་ལྕམ་སྟག་ལྷ་སྐལ་བཟང་གཡང་སྐྱིད་མཆོག་གཉིས་བྷེལ་རྗམ་གྱི་རྒྱལ་ས་བྷ་ར་སེལ་སེ་རུ་མཇལ་འཕྲད་གནང་ཡོད་པ་རེད།

    མཇལ་འཕྲད་དེའི་སྐབས་ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་པོ་ཊར་རིང་མཆོག་གིས་གསུང་དོན། ང་ཚོའི་ཟླ་སྔོན་མར་གྲོས་ཆོད་ནང་ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་གསལ་པོ་བཟོས་ཡོད་པ་དེ་ངས་དེ་རིང་རེ་འདུན་རྣམས་བསྐྱར་བརྗོད་ཞུ་རྒྱུ་ཡིན། རྒྱ་ནག་གི་ངོས་ནས་ྋགོང་ས་མཆོག་གི་སྐུ་ཚབ་རྣམས་དང་ལྷན་དུ་དོན་ཕན་ལྡན་པའི་ཞི་མོལ་ཡོང་ཆེད་གྲོས་བསྡུར་གང་མགྱོགས་འགོ་འཛུགས་དགོས། ང་རང་གིས་ད་ལྟ་བར་དུ་ྋགོང་ས་མཆོག་ཐེངས་མ་གསུམ་བཞི་ལ་མཇལ་རྒྱུའི་གོ་སྐབས་བྱུང་ལ། ད་ཐེངས་ཡང་བཀའ་བློན་མཆོག་གིས་བསྐྱར་དུ་གསུངས་བྱུང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོའི་རང་ཉིད་ཀྱི་ཆོས་དང་རིག་གཞུང༌། སྤྱི་ཚོགས་ཀྱི་མིག་དཔེ་དང་ཁོར་ཡུག་བཅས་ཀྱི་གནད་དོན་ཆ་ཚང་འཛིན་སྐྱོང་ངམ་སྟངས་འཛིན་བྱ་རྒྱུའི་ཆེད་དུ་རྒྱ་གཞུང་གི་རྩ་ཁྲིམས་འོག་ཚད་ལྡན་གྱི་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་མ་གཏོགས་རང་བཙན་གཙང་མ་རྩོད་ཀྱི་མེད་པ་གསལ་པོ་རེད། རྒྱུ་མཚན་འདི་གཞིར་བཟུང་ནས་གྲུབ་འབྲས་ཐོན་པའི་གྲོས་བསྡུར་ངེས་པར་དུ་འགོ་འཛུགས་དགོས། ང་རང་བཀའ་བློན་སྟག་ལྷ་མཆོག་དང་མཉམ་དུ་བསམ་ཚུལ་བརྗེ་ལེན་བྱས་པ་དེས་གཞི་རྩའི་དཀའ་ངལ་གྱི་གནས་སྟངས་རྣམས་ཤེས་རྒྱུའི་གོ་སྐབས་བྱུང༌། བོད་ནང་དུ་གསར་འགྱུར་བརྒྱུད་ལམ་ཁག་ལ་དམ་དྲག་མུ་མཐུད་བྱས་པ་དེར་ངོས་ལེན་བྱེད་མི་འོས་པ་ཞིག་རེད། ངས་ཡོ་རོབ་གྲོས་ཚོགས་ཀྱི་སྐད་འབོད་བསྐྱར་དུ་རྒྱ་ནག་ལ་ནན་བརྗོད་བྱེད་ཀྱི་ཡོད། བོད་ནང་དུ་གང་མགྱོགས་གསར་འགྱུར་བརྒྱུད་ལམ་ཁག་དང་ཕྱི་འབྲེལ་སྐུ་ཚབ་མི་སྣ་ཡོང་བཅུག་རྒྱུ་དང༌། བོད་ནང་དུ་ཉེ་ཆར་བྱུང་བའི་གནད་དོན་དང་དྲག་གནོན་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཟིགས་སྐྱོང་འོག་རང་དབང་གིས་དྲི་བརྩད་ངེས་པར་དུ་དགོས། ཡོ་རོབ་གྲོས་ཚོགས་ཀྱིས་ྋགོང་ས་མཆོག་ཕྱི་ཟླ་༡༢ ཚེས་༣ ཉིན་བྷ་ར་སེལ་སེ་ལ་གསུང་བཤད་ཞིག་གནང་རྒྱུའི་ཆེད་དུ་ཕེབས་ཀྱི་ཡོད་པ་དེར་རེ་སྒུག་བྱས་ཡོད་པས། དེ་ངས་བཀའ་བློན་སྟག་ལྷ་མཆོག་ལ་འགན་ལེན་བསྐྱར་སྣོན་བྱས་པ་ཡིན། གལ་སྲིད་ཁོང་དུས་ཚོད་དེའི་སྔོན་ལ་ཕེབས་ཐུབ་ནའང་དགའ་བསུ་ཡོད་ཅེས་གསུངས་ཡོད་པ་རེད།།

རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་གྱིས་གཟིགས་སྐོར།

ཟླ་འདིའི་ཚེས་༡༡ ཉིན་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་གིས་དབུས་དགོན་པ་དང་ཚོགས་སྡེ་ཁག་ཅིག་གི་སྐུ་ཚབ་བོད་མི་ཚོར་རྒྱབ་སྐྱོར་ཡོད་པ་དང༌། གདུང་སེམས་མཉམ་བསྐྱེད་ཡོད་པ་མཚོན་ཆེད་དུ་དྷ་སར་གཟིགས་སྐོར་གནང་ཡོད་པ་རེད། སྔ་དྲོ་ྋགོང་ས་མཆོག་ལ་མཇལ་ཁ་ཞུས་པ་དང༌། ཉིན་གུང་སྐུ་ཚབ་རྣམ་པར་བོད་གཞུང་གི་གསོལ་སྟོན་ཅིག་གོ་སྒྲིག་ཞུས་ཏེ། བོད་གཞུང་བཀའ་བློན་ཁྲི་པ་དང༌། ཆོས་དོན་བཀའ་བློན། སྤྱི་འཐུས་ཚོགས་གཙོ་སོགས་མཉམ་ཞུགས་གནང་ཡོད་པ་རེད། ྋགོང་ས་མཆོག་མི་འགྱངས་བར་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་དགོས་པའི་གདན་ཞུ་ཕུལ་བ་ལྟར་ྋགོང་ས་མཆོག་གིས་ཞལ་བཞེས་གནང་ཡོད་པ་རེད།

    ཟླ་འདིའི་ཚེས་༡༠ དགོང་མོར་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གི་གོ་སྒྲིག་འོག་བོད་ནང་དུ་ཛ་དྲག་གི་ལས་འགུལ་བྱུང་ནས་ཟླ་གཉིས་འཁོར་བའི་ཉིན་དེར་མི་མང་མཉམ་འཛོམས་ཀྱིས་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང༌། དེའི་ཐོག་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཁག་ཅིག་ཀྱང་ཕེབས་ནས་མོན་རྟ་དབང་ཁུལ་གྱི་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་བླ་མ་བློ་བཟང་ནོར་བུ་ལགས་ཀྱིས་ཨ་རུ་ན་ཅལ་གྱི་མོན་རྟ་དབང་ས་ཁུལ་གྱི་མི་མང་ལ་བོད་ཀྱི་གནས་སྟངས་ཐོག་སེམས་འཚབ་དང་གདུང་སེམས་མཉམ་བསྐྱེད་བོད་པ་དང་གཅིག་མཚུངས་ཡོད་སྐོར་དང༌། ད་སྔོན་བོད་དོན་ལས་འགུལ་སྤེལ་བའི་སྐོར། དེ་བཞིན་ཨ་རུ་ན་ཅལ་གྱི་ནང་པ་དང༌། ལྷག་པར་དུ་རྟ་དབང་འབུམ་སྡེ་ལར་སྡོད་མཁན་གྱི་མི་མང་ཚོའི་ཆོས་དང་རིག་གཞུང་བོད་པ་དང་གཅིག་པ་ཡིན་པ་དང༌། སྔོན་མ་ཁོང་ཚོ་བོད་གཞུང་དགའ་ལྡན་ཕོ་བྲང་འོག་ཏུ་བསྡད་ཡོད་པ་དང༌། རྗེས་སུ་རྒྱ་གར་གྱི་འོག་ཏུ་སོང་བའི་བརྒྱུད་རིམ། བོད་དང་མོན་གྱི་ས་མཚམས་ཤིག་ཡོད་པ་ལས། རྒྱ་ནག་དང་མོན་རྟ་དབང་གི་ས་མཚམས་ཟེར་བ་དུས་ནམ་ཡང་ཡོད་པ་མ་རེད། མ་འོངས་པར་ཡང་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་གསུང་བཤད་གནང་ཡོད་པ་རེད།  དེ་རྗེས་མཚན་ཉིད་རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ་རྣམས་ཀྱིས་གསོལ་འདེབས་སྨོན་ལམ་གྱིས་མཚོན་ཞི་བདེའི་འདོན་དབྱངས་ཁག་ཅིག་གོ་སྒྲིག་གནང་ཡོད་པ་རེད། དེ་བཞིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་ས་གནས་གཞོན་ལྷན་དང༌། ས་གནས་བུད་མེད་གཉིས་ཀྱི་གོ་སྒྲིག་འོག་མི་མང་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཆད་མེད་སྤེལ་བཞིན་ཡོད་པ་རེད།།

རྒྱ་གཞུང་གིས་མི་མང་མགོ་སྐོར།

དར་མདོ་རྫོང་ཁོངས་དར་ལྷག་གྲོང་ཚོར་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་སྐབས་མི་མང་འདུ་འཛོམས་མ་བྱས་སྟབས། ཕྱི་ཟླ་༤ ཚེས་༡༧ དང་༡༨ ཉིན་རྒྱ་ནག་ནས་སྨན་པ་ཞིག་ས་ཁུལ་དེར་ཁྲིད་ནས་མི་མང་ལ་སྨན་པ་མཁས་པ་ཞིག་གིས་རིན་མེད་ཐོག་སྨན་བཅོས་བྱེད་ཚུལ་བཤད་ནས་མི་མང་བསྡུ་བསྐོང་བྱེད་ཐབས་བྱས་འདུག སྨན་པའི་སར་ཁང་ཆུང་ཞིག་ནང་ས་རྟགས་བརྒྱབ་བཅུག་ཡོད་པ་དང༌། མི་མང་གིས་ཧ་མ་གོ་ནས་ཉིན་གཅིག་རིང་སྨན་པ་བསྟེན་ཞོར་དུ་ས་རྟགས་བརྒྱབ་ཡོད་འདུག ཉིན་གཉིས་པར་མི་མང་ལ་སྨན་ཉིན་རེ་ལས་མ་སྤྲད་པ་དང༌། དེ་ཡང་ཚང་མར་གཅིག་པ་སྤྲད་ཡོད་སྟབས་དོ་སྣང་བྱེད་སྐབས། ས་རྟགས་རྒྱག་སའི་ཐོག་པར་ཆས་བཞག་ཡོད་པ་དང༌། ད་དུང་རྒྱ་མིའི་ལས་བྱེད་ཞིག་གིས་ས་རྟགས་རྒྱག་སར་འཚང་ཁ་རྒྱག་དགོས་སྐོར་བཤད་འདུག དེར་མི་མང་གིས་དོགས་པ་ཟོས་ནས་ཤོག་བུ་སྟེང་གི་ཡི་གེར་བལྟ་སྐབས་དེའི་སྟེང་༣།༡༤དོན་རྐྱེན་ལ་ངོ་རྒོལ། བོད་རང་བཙན་མི་དགོས། ཁ་བྲལ་ལ་ངོ་རྒོལ་བཅས་དོན་ཚན་གསུམ་བཀོད་ཡོད་པ་མི་མང་གིས་ཧ་གོ་བས། ངོ་རྒོལ་བྱེད་གྲབས་བྱེད་སྐབས་དར་མདོ་ནས་དམག་མི་མོ་ཊ་གཉིས་སླེབས་ནས་དམ་དྲག་བྱས་ཡོད་འདུག། བལ་ཡུལ་གསར་འགོད་པས།

སྤྱི་འཐུས་ཚོཌ་གཙོ་ཉི་ཧོང་དུ་ཕེབས་པ།

ཉི་ཧོང་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱི་འཐུས་ཚོགས་གཙོ་མཆོག་གདན་འདྲེན་ཞུས་པ་ལྟར། ཟླ་འདིའི་ཚེས་༤ ཉིན་ནས་བར་༨ བར་ཉི་ཧོང་ཕེབས་ཡོད་པ་དང༌། སྐབས་དེར་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་རྒྱུ་དང༌། ཕྱི་ཟླ་༥ ཚེས་༦ ནས་ཉིན་ལྔའི་རིང་དུ་གཟིགས་སྐོར་ལ་ཡོང་རྒྱུ་ཡིན་པར་བརྟེན། སྐབས་དེར་ཉི་ཧོང་མི་མང་གི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཉི་ཧོང་དུ་ཡོང་སྐབས་བོད་དོན་ཆེད་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང༌། ལས་འགུལ་དེའི་ཐོག་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་ཐོག་མ་ཚོགས་ཁང་མི་ཉིས་སྟོང་ཤོང་བ་ཞིག་ཏུ་གསུང་བཤད་གནང་བ་དང༌། ཚོགས་ཁང་ཡོངས་རྫོགས་ཁེངས་པ་མ་ཟད། ཕྱི་ལོགས་སུ་བོད་ཀྱི་རྒྱལ་དར་འཛིན་མཁན་དང༌། བོད་ཀྱི་རྒྱལ་དར་གྱི་རི་མོ་ཡོད་པའི་སྟོད་ཐུང་གྱོན་མཁན་བཅས་མི་སྣ་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད། སྐབས་དེར་གསུང་བཤད་གནང་མཁན་གྱི་གྲས་སུ་ཤིན་ཅང་ཡུ་གུར་གྱི་མི་གཅིག་དང༌། ནང་སོག་གི་མི་གཅིག རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་གཅིག་བཅས་ཀྱང་ཡོད་འདུག ཚོགས་འདུ་དེ་གྲུབ་པའི་རྗེས་སུ་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང༌། སྐབས་དེར་ཉི་ཧོང་གི་མི་མང་༥༠༠༠ ཙམ་འདུ་འཛོམས་བྱུང་ཡོད་པ་རེད། ཉི་ཧོང་མི་མང་གིས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་གཞི་རྒྱ་ཆེ་བ་དེ་ལྟ་བུ་སྤེལ་བ་ཐོག་མ་ཆགས་ཡོད་པ་རེད། དེ་བཞིན་ཉིན་གཅིག་རིང་ཡུལ་དེའི་གསར་འགོད་པ་རྣམས་ལ་བོད་དོན་སྐོར་འགྲེལ་བཤད་གནང་བ་བཅས་ལ་བརྟེན་ནས་བོད་དོན་དྲིལ་བསྒྲགས་སོགས་ལས་དོན་ཧ་ཅང་ལེགས་གྲུབ་བྱུང་ཡོད་པ་རེད།།

སྟག་ཚང་རྭ་སྟོད་དགོན་པའི་གྲྭ་བ་འཇུ་བཟུང༌།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༤ ཚེས་༡༦ ཉིན་ཆུ་ཤུལ་རྫོང་ཁོངས་མཉེས་ཐང་ཤང་གི་སྟག་ཚང་རྭ་སྟོད་དགོན་པར་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཁྱོན་ཆེ་གློ་བུར་དུ་ཡོང་ནས། གྲྭ་པ་ཚང་མ་རྡོ་གཅལ་སྟེང་འདུག་བཅུག་སྟེ་གྲྭ་ཤག་རེ་རེ་བཞིན་སྔོག་བཤེར་བྱས་ཡོད་པ་དང༌། ྋགོང་ས་མཆོག་གི་སྐུ་པར་དང་ཆབ་སྲིད་ཀྱི་ཡིག་རིགས། དགོན་པའི་ཁ་པར། དགེ་འདུན་པ་ཚོའི་ལག་ཐོགས་ཁ་པར་བཅས་གཞུང་བཞེས་བྱས་པ་མ་ཟད། དགེ་འདུན་པ་༥༠ འཛིན་བཟུང་བྱས་ཡོད་འདུག

    རྗེས་སུ་དགེ་འདུན་པ་ཁ་ཤས་གློད་བཀྲོལ་བཏང་ཡོད་ཀྱང་ཆབ་སྲིད་བཙོན་ཟུར་གྲྭ་རྣམ་དཀར་དང༌། ཐུབ་མཆོག་སོགས་དགེ་འདུན་པ་༣༢ ད་ལྟའང་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག གནས་ཚུལ་དེ་དང་ཐོག་རྭ་སྟོད་དགོན་པའི་དགེ་འདུན་པ་༣༠ ཡིས་ཕྱི་ཟླ་༣ ཚེས་༡༤ ཉིན་རྭ་སྟོད་དགོན་པ་ནས་མཉེས་ཐང་ཤང་བར་བོད་མིར་རང་དབང་དགོས་པ་དང་ྋགོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་གནང་བར་བརྟེན། རྒྱ་གཞུང་གིས་འཛིན་རྩིས་བྱས་ཀྱང་དེ་ཁུལ་མང་ཚོགས་ཀྱིས་རྒྱབ་སྐྱོར་ཤུགས་ཆེ་བྱས་པར་བརྟེན་འཛིན་བཟུང་བྱེད་ཐུབ་མེད་འདུག དེ་རྗེས་དགོན་པར་ལས་དོན་རུ་ཁག་འཕར་མ་ཡོང་སྟེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཞེས་པ་སྤེལ་ནས་ྋགོང་ས་མཆོག་ལ་ངོ་རྒོལ་བྱེད་དགོས་སྐོར་བརྗོད་སྐབས། དགེ་འདུན་པ་ཚོས་དྭང་ལེན་མ་བྱས་པར་ངོ་རྒོལ་ཤུགས་ཆེ་བྱས་པར་བརྟེན། ཟླ་༤ ཚེས་༡༦ ཉིན་གློ་བུར་དུ་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་འདུག།

    བལ་ཡུལ་དུ་ཟླ་བ་གཉིས་ལྷག་གི་རིང་ཉིན་ལྟར་དྭང་བླངས་ལས་འགུལ་བས་ཞི་བའི་སྐད་འབོད་དང༌། ཟས་བཅད་ངོ་རྒོལ། ཞི་བའི་གོམ་བགྲོད་སོགས་ལས་འགུལ་སྣ་ཚོགས་སྤེལ་གྱི་ཡོད་པ་རེད། རྒྱ་ནག་གཞུང་ཚབ་ཁང་གིས་མ་ཉེས་ཁ་གཡོག་གིས་གནོན་ཤུགས་ཇེ་ཆེ་དང༌། བལ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་བྱེད་རྒྱུ་ཡང་ཤུགས་ཆེ་རུ་བཏང་ཡོད་པ་རེད་ལ། ལས་འགུལ་བའི་ངོས་ནས་ཀྱང་རླངས་འཁོར་གྱི་གླ་ཆ་རྫོགས་པ་སོགས་དཀའ་ངལ་ཆེ་རུ་ཕྱིན་ཡོད། འོན་ཀྱང་ལས་འགུལ་བའི་སེམས་ཤུགས་སྔར་ལྷག་ཆེར་བསྐྱེད་ཀྱིས་དྭང་བླངས་བ་ཇེ་མང་དུ་འགྲོ་ཡི་ཡོད་པ་མ་ཟད། ཁོ་ཚོའི་སྒྲིག་གཞི་དང་འཆར་གཞི་སྲ་བརྟན་དུ་བཏང་ནས་ལས་འགུལ་གང་སྤེལ་རུང་ཞི་བའི་ཐབས་ལམ་ཁོ་ན་ལས་དྲག་པོའི་ལས་འགུལ་གྱི་རྣམ་པ་ཙམ་ཡང་བསྟན་མེད། ལས་འགུལ་བ་ཕལ་མོ་ཆེ་དགོན་པ་དང་སྒྲིག་གཞིའི་འོག་ན་ཡོད་པ་ཤ་སྟག་ཡིན་མོད། དགོན་པ་དང་ཚོགས་སྡེ་དེ་དག་གིས་ཀྱང་དྭང་བླངས་ལས་འགུལ་བར་བཀག་བསྡོམས་ཅི་ཡང་མི་འདུག་ལ། ལས་འགུལ་བའི་ངོས་ནས་ཀྱང་ཉིན་ལྟར་ཚ་བའི་ཁྲོད་དུ་རྡུང་རྡེག་དང་བཙོན་འཇུག་བྱས་པ་སོགས་ལ་ཡིད་མ་ཞུམ་པར་བོད་ཀྱི་ཛ་དྲག་གནས་སྟངས་ལ་འགྱུར་བ་མ་ཕྱིན་བར་མུ་མཐུད་ལས་འགུལ་རྒྱུན་སྐྱོང་གནང་རྒྱུའི་སེམས་ཐག་གཙང་གཅོད་བྱས་ཡོད་འདུག ཟླ་འདིའི་ཚེས་༨ ཉིན་ལས་འགུལ་བ་མི་ཉིས་བརྒྱ་ལྷག་གིས་ཞི་བའི་སྐད་འབོད་བྱས་པ་དང༌། ཉིན་དེ་ནི་རྒྱ་གཞུང་གིས་ཨོ་ལིམ་ཕིག་གི་དཔལ་འབར་ཇོ་མོ་གླང་མའི་རི་རྩེར་ཁྱེར་བའི་ཉིན་མོ་དེ་ཡིན། བལ་གཞུང་གིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྡར་ལྷག་དམ་དྲག་དང་ཉེན་རྟོག་པ་ཇེ་མང་དུ་བཏང་ཡོད་མོད། ལས་འགུལ་བ་དེ་དག་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་སྒོའི་བར་ཤོར་ནས་ལས་འགུལ་བ་མི་གཉིས་ཀྱིས་ཅི་བྱས་མེད་པ་རང་ཉིད་ཀྱི་མགོ་ལྕགས་སྒོ་ལ་བརྡུང་བ་སོགས་བྱས། སྐད་ཤུགས་མཐོན་པོའི་ཐོག་སྐད་འབོད་བྱས་ཡོད་པ་མ་ཟད་ཉེན་རྟོག་པས་རྡུང་རྡེག་ཀྱང་དྲག་ཏུ་བཏང་ཡོད། ཚེས་༩ ཉིན་དྭང་བླངས་པ་མི་བརྒྱ་སྐོར་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་དུ་ཞི་བའི་སྐད་འབོད་བྱས་ཡོད་པ་རེད།

    ཚེས་༡༠ ཉིན་གཞོན་སྐྱེས་དྭང་བླངས་པ་༢༠༠ ཙམ་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་དུ་ཞི་བའི་སྐད་འབོད་བྱས་ཡོད་པ་དང༌། དེ་དག་ལས་མི་སུམ་ཅུའི་སྐེད་པ་ནས་ཕན་ཚུན་ལྕགས་ཐག་གིས་སྦྲེལ་ཏེ་མི་རེ་རེ་བཞིན་སྒོ་ལྕགས་བརྒྱབ་ཡོད་སྟབས་ཉེན་རྟོག་པས་ལྕགས་ཐག་ཐོ་བས་བརྡུངས་ནས་བཅད་མ་ཚར་བར་ཆུ་ཚོད་གཅིག་དང་ཕྱེད་ལྷག་སྐད་འབོད་བྱས་ཡོད་པ་རེད། འོན་ཀྱང་མི་མང་པོ་ཞིག་ལ་རྡུང་རྡེག་བྱས་པ་དང་མི་༡༥༤ འཛིན་བཟུང་བྱས་ཡོད། ཚེས་༡༢ ཉིན་དྭང་བླངས་པ་ཁག་གཅིག་གིས་རྒྱ་ནག་གཞུང་ཚབ་ཁང་དུ་ཞི་བའི་སྐད་འབོད་བྱས་ཡོད་ཅིང་དེར་མི་༦༠ འཛིན་བཟུང་བྱས་ཡོད་པ་རེད།། བལ་ཡུལ་གསར་འགོད་པས།

མོན་གྷོ་རུ་བོད་དོན་ལས་འགུལ།    

འདི་ག་མོན་གྷོ་བོད་མིའི་གཞིས་ཁོངས་སུ་བོད་བསྟན་སྲིད་ཆེད་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཆོས་སྡེ་ཁག་དང་གྲོང་སྡེ་ཁག་སོགས་ཀྱི་འཐུས་ཚབ་རྣམས་ཀྱིས་རེས་མོས་ལྟར་ཆུ་ཚོད་ཉེར་བཞིའི་རིང་དུ་ཟས་བཅད་ངོ་རྒོལ་བྱས་ཏེ་ཉིན་གྲངས་༡༥ འགྲོ་བཞིན་པའི་སྐབས་དང་བསྟུན་ཟླ་འདིའི་ཚེས་༩ ཉིན་ཆུ་ཚོད་༡༢ རིང་དུ། མོན་གྷོ་རུ་གནས་སྡོད་མཁན་རྒྱ་གར་བ་སྐུ་ཞབས་ཀེའི་རྡོ་ལགས་དང་ས་གནས་འདིར་གནས་སྡོད་མཁན་སྐུ་ཞབས་གུ་རུ་སོམེ་ལགས་རྣམ་གཉིས་དང་དགའ་བྱང་གྲྭ་ཚང་དུ་ཆོས་ཞུགས་མཁན་ཧི་མ་ལ་ཡའི་དགེ་འདུན་པ་༡༡ ཞིག་གིས་ཀྱང་དགའ་བྱང་ཆོས་རར་བཞེངས་པའི་བདག་ཉིད་ཆེན་པོ་གྷན་དྷི་ཡི་འདྲ་སྐུའི་དྲུང་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད། དགོང་མོའི་འཇུག་བསྡོམས་སྐབས་སེར་སྐྱ་མི་མང་གིས་ཁོང་ཚོར་ཐུགས་རྗེ་ལེགས་འབུལ་མཚོན་དོད་ཁ་བཏགས་དང་ཤོག་ཆགས་ཕུལ་ཏེ་ང་ཚོར་གདུང་སེམས་མཉམ་བསྐྱེད་གནང་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ཟས་བཅད་ངོ་རྒོལ་བ་སྐུ་ཞབས་ཀེའི་རྡོ་ལགས་ཀྱིས་གསུང་དོན་སྔར་ཡིན་ན་ངས་བོད་དོན་ཆེད་དུ་ལས་འགུལ་སྤེལ་མྱོང་ཡོད་ལ་ལྷག་པར་གཟུགས་མཐོང་གློག་འཕྲིན་སོགས་ནས་བོད་ནང་གི་གནས་སྟངས་ངོ་མ་དེ་མཐོང་ཡོང་དུས་ང་རང་བོད་པ་མིན་ཀྱང་བོད་པ་དང་སེམས་ཐག་ཉེ་བ་དང་ང་ཚོ་རྒྱ་གར་བ་མི་གཅིག་གི་ངོས་ནས་བོད་པར་ཁེ་ཕན་ཆེན་པོ་ཞིག་སྤྲོད་མི་ཐུབ་རུང་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་ཆུང་ཙག་རིགས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་སྐོར་སོགས་གསུངས་ཡོད་པ་རེད། ཟས་བཅད་ངོ་རྒོལ་ལ་བཞུགས་མཁན་ཚོར་དེང་སྐབས་ལྷོ་ཕྱོགས་ཚ་བ་ཆེ་ཐོག་ཡིན་པས་དཀའ་ངལ་ཡོད་པས་ས་གནས་སུ་ཡོད་པའི་གྲྭ་ཚང་ཁག་གིས་ཆུ་གྲང་མོ་སོགས་ཀྱི་མཐུན་འགྱུར་གནང་བཞིན་ཡོད་པ་རེད།།       

བོད་ནང་གི་སེར་སྐྱ་མི་མང་འཇུ་བཟུང་བཙོན་འཇུག

ཨ་མདོ་གཙང་དགོན་པར་རྒྱ་གཞུང་གིས་དམ་དྲག་དང༌། སེར་སྐྱ་མི་མང་འཇུ་བཟུང་གིས་ཧ་ཅང་ཛ་དྲག་གི་གནས་སུ་གྱུར་ཡོད་པའི་གནས་ཚུལ་རྒྱ་གར་སེར་བྱེས་ཀྱི་གྲྭ་གྲོལ་ལྡན་རྒྱ་མཚོ་ལགས་ནས་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་གཞུང་ལ་བོད་མིས་ངོ་རྒོལ་བྱས་པའི་ཉིན་དེ་ནས་བཟུང་དྲག་ཆས་སྤྲས་པའི་དམག་མི་དང་ཉེན་རྟོག་པ་སྐོར་ཞིག་གིས་དགོན་ནང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་གཏོང་དགོས་ཞེས་བཙན་དབང་གིས་ཚོགས་འདུ་བསྡུས་ཤིང་འདྲི་རྩད་བྱས་ཡོད་པ་དང༌། མི་དཀྱུས་མའི་ལྭ་བ་གྱོན་པའི་དམག་མི་དང་ཉེན་རྟོག་པ་མང་པོས་དགོན་པའི་ཕྱི་ནང་གང་སར་མྱུལ་ཞིབ་དང་རྩད་འཚོལ་རྗེས་འདེད་གཏོང་བ་སོགས་བྱས་འདུག དགོན་པའི་ཉེ་འཁོར་སྤྱི་ལེ་བཅུ་ལྷག་གི་སར་དམག་སྒར་གཅིག་དང། ཡང་སྤྱི་ལེ་སུམ་ཅུ་ལྷག་གི་སར་དམག་སྒར་ཆེན་པོ་གཅིག་བརྒྱབ་ནས་ཉིན་མཚན་མེད་པར་དྲག་གནོན་བྱེད་ཆོག་ཆོག་གིས་བྱ་ར་བྱས་འདུག དེ་ལྟར་ཉིན་རེ་ནས་ཉིན་རེར་གདུག་རྩུབ་ཆེ་རུ་བཏང་ནས། ཏཱ་ལའི་ཁ་བྲལ་ཚོགས་པར་ངོ་རྒོལ་དང༌། འཆམ་མཐུན་སྤྱི་ཚོགས་ལ་རྒྱབ་སྐྱོར་གྱི་མིང་རྟགས་འགོད་དགོས། གལ་ཏེ་ཉིན་ལྔའི་ནང་མ་བྱས་ན། ལྷ་ས་ནང་བཞིན་དགོན་པའི་སྒོ་རྒྱག་རྒྱུ་ཡིན་ལ་མི་སྣ་གཏེ་བོ་ཚོ་གསོད་དགོས་པ་རྣམས་གསོད་རྒྱུ་དང༌། འཛིན་བཟུང་བྱེད་དགོས་པ་ཚོ་འཛིན་བཟུང་བྱེད་རྒྱུ་ཡིན་ཞེས་འཇིགས་སྐུལ་དང་བཙན་བཀའ་བཏང་འདུག

    ཕྱི་ཟླ་༤ ཚེས་༡༥ ཡས་མས་ནས་མི་འཇུ་བཟུང་བྱེད་འགོ་བཙུགས་འདུག དེ་ཡང་ཚོགས་ཐོག་ཏུ་སྡིགས་ར་བསྐུལ་སྐབས་གྲྭ་པ་ཉི་ཤུ་ཙམ་ཡར་ལངས་ནས་དགོན་པ་གྲྭ་ཚང་ལ་བརྡབ་གསིག་མ་གཏོང་རོགས། སྐད་འབོད་བྱེད་མཁན་ང་ཚོ་ཡིན་ལ་རྒྱལ་དར་བསྒྲེངས་མཁན་ཡང་ང་ཚོ་ཡིན། མིང་རྟགས་མི་འགོད་མཁན་ཡང་ང་ཚོ་ཡིན། གསོད་ན་གཏུབ་ན་ཁྱེད་ཚོས་ལྟོས་ཞེས་ངོ་རྒོལ་བྱས་པར་དེ་མ་ཐག་འཇུ་བཟུང་བྱས་པ་དང༌། ཉིན་འགའི་རིང་སྔ་ཕྱི་བསྡོམས་མི་གྲངས་༦༠ ལྷག་འཇུ་བཟུང་གིས་ཐུན་ཏེ་རྫོང་ཐོག་ཏུ་བཀག་ཉར་བྱས་པ་རེད། དེའི་ནང་དུ་བུ་མོ་གཉིས་དང་བཅས་མི་སྐྱ་བདུན་ཡོད་ལ་ལྷག་མ་རྣམས་གྲྭ་པ་རེད། བཀག་ཉར་བྱས་ཡོད་པའི་ནང་གི་གྲྭ་པ་ཚུལ་བཟང་རྒྱ་མཚོ་དང༌། མཚུངས་མེད་རྒྱ་མཚོ། ཚངས་རིས་རྒྱ་མཚོ། རྫོགས་བྱང་རྒྱ་མཚོ། ཕྱག་ཆེན་རྒྱ་མཚོ། བློ་བཀྲ་རྒྱ་མཚོ། མཆོག་སྤྲུལ་རྒྱ་མཚོ། ཁྲིམས་གཙང་རྒྱ་མཚོ་བཅས་གྲྭ་པ་བརྒྱད་ཕྱི་ཚེས་༡༩ ཉིན་ནས་བཟུང་གང་དུ་ཁྱེར་སོང་སུས་ཀྱང་མ་ཤེས་པར་གྱུར་འདུག གྲྭ་པ་བློ་གྲོས་རྒྱ་མཚོ་དང༌། བཟོད་པ་རྒྱ་མཚོ། གསང་ལྡན་རྒྱ་མཚོ། ཚུལ་ཁྲིམས་རྒྱ་མཚོ། ལེགས་གྲུབ་རྒྱ་མཚོ། འོད་ཆེན་རྒྱ་མཚོ། འོད་ཆུང་རྒྱ་མཚོ། ཆོས་མཆོག་རྒྱ་མཚོ། ཤེར་བཟང་རྒྱ་མཚོ། ཤེས་རབ་རྒྱ་མཚོ། དུས་གསུམ་རྒྱ་མཚོ། འཆད་རྩོད་རྒྱ་མཚོ། ནམ་སྙིང་རྒྱ་མཚོ། བསྟན་འཛིན་རྒྱ་མཚོ། སངས་རྒྱས་རྒྱ་མཚོ། ཟླ་མཛེས་རྒྱ་མཚོ། གྲགས་པ་རྒྱ་མཚོ། མཐའ་བྲལ་རྒྱ་མཚོ། དགེ་འདུན་རྒྱ་མཚོ། བློ་ཚུལ་རྒྱ་མཚོ། དབང་གསལ་རྒྱ་མཚོ་སོགས་དང༌། མི་སྐྱ་མཁའ་མཉམ་དང༌། ཚེ་རིང་དབང་བྷ། མགོན་ཚེ། དྲུག་ཆེན། སངས་རྒྱས། ཀུན་དགའ། མཐུ་སྟོབས་སོགས་མི་ལྔ་བཅུ་ལྷག་ཅིག་ཐུན་ཏེ་རྫོང་ཐོག་ཏུ་ཉིན་གྲངས་བཅུ་ལྷག་གི་རིང་གདུག་རྩུབ་མནར་གཅོད་དང༌། ཚ་འདྲི་ཡང་འདྲི་བྱས་ཏེ་རྗེས་ཕྱོགས་སུ་ནོར་འཁྲུལ་ཤོར་ཚེ་འགྲོ་ས་གཅིག་མ་གཏོགས་མེད་པ་སོགས་ཁས་ལེན་བྱེད་བཅུག་རྗེས་རྟོག་ཞིབ་རྗེས་འདེད་པར་ཉེན་རྟོག་དམག་མི་ལྔ་མངགས་ནས་གནས་སྐབས་སུ་གློད་བཀྲོལ་ཙམ་བཏང་འདུག གཞན་གྲྭ་པ་མཁས་གྲུབ་རྒྱ་མཚོ་ཞེས་པས་རྒྱ་མིས་གདུག་རྩུབ་བྱས་པའི་པར་དང་འོད་སྡེར་སོགས་ཉེས་དཔང་འགའ་ཞིག་ཕྱི་ལོག་ཏུ་བསྒྲགས་གཏོང་བྱེད་ཆེད་གསང་སྟབས་ཀྱིས་བྲོས་ཏེ་གཡུ་སྒང་རྫོང་དུ་བསྐྱོད་སྐབས་ཉེན་རྟོག་པས་རྗེས་འདེད་གཏོང་བཞིན་པ་ཤེས་ནས་མི་ཚང་ཞིག་ཏུ་གབ་སྦས་བྱས་སྟབས། ནག་ཉེས་ཅན་འགེབ་སྲུང་བྱས་པའི་ཉེས་འཛུགས་ཀྱིས་མི་ཚང་དེའི་ཁྱིམ་མི་རྣམས་འཛིན་བཟུང་བྱས་ཏེ་ཉེས་ཅན་རྩིས་སྤྲོད་དགོས་པའི་གཡོ་ཐབས་ཀྱི་བཙན་བཀའ་བཏང་པར་བརྟེན་མཁས་གྲུབ་རྒྱ་མཚོ་རང་འགུལ་གྱིས་ཉེན་རྟོག་ཁང་དུ་འགྲོ་དགོས་བྱུང་འདུག་ལ། དེ་མ་ཐག་འཛིན་བཟུང་བྱས་ཏེ་གར་ཁྲིད་ཆ་མེད་གྱུར་འདུག ད་ལྟ་དགོན་ནང་དུ་ཉིན་མཚན་ངེས་མེད་ཀྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ཚོགས་འདུ་བསྡུས་ཏེ་རྒྱུན་ལྡན་གྱི་ཆོས་སྤྱོད་ཀྱི་བྱ་བ་རྣམས་བྱེད་དུ་འཇུག་གི་མེད་པ་མ་ཟད། གར་འགྲོ་གར་སྡོད་ཀྱི་རང་དབང་མེད་པར་ཚ་འདེད་དང་འདྲི་གཅོད་བྱེད་ཀྱིན་ཡོད་འདུག། མེ་སོར་གསར་འགོད་པས།

གནས་སྟངས་དངོས་ཧ་ཅང་ཤེས་དཀའ་བར་གྱུར་ཡོད།

བོད་གཞུང་མང་ཛ་དྲག་ཚོགས་ཆུང་གིས་ཟླ་འདིའི་ཚེས་༡༢ ཉིན་གནས་ཚུལ་སྤེལ་བ་ལྟར་ན། བོད་ཁྱོན་ཡོངས་ཀྱི་གནས་སྟངས་ད་ལྟའང་ཛ་དྲག་དང་ཉེན་ཁའི་འོག་གནས་ཡོད་པ་དང༌། བོད་ས་ཡོངས་ལ་ཕྱི་རྒྱལ་གྱི་གསར་འགོད་པ་དང་ཡུལ་བསྐོར་བ། རང་དབང་ཅན་གྱི་རྟོག་ཞིབ་པ་སོགས་འགྲོ་ཐུབ་མེད་པར་བརྟེན། གནས་ཚུལ་གྱི་ཡོང་ཁུངས་ལ་དམ་དྲག་ཧ་ཅང་ཆེ་བའི་དབང་གིས་ད་ལྟ་བོད་ནང་གི་གནས་སྟངས་དངོས་ཧ་ཅང་ཤེས་དཀའ་བར་གྱུར་ཡོད།

    གནས་ཚུལ་ཐོན་གསལ་ལྟར་ན། ལན་ཀྲུའུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཀན་ལྷོ་ནས་ཡིན་པ་དཀའ་ཐུབ་ཚེ་རིང་དང༌། རྔ་པ་ནས་ཡིན་པ་སྒྲོལ་མ་ཚེ་རིང་གཉིས་དེ་སྔོན་ཞི་རྒོལ་ནང་ཞུགས་པར་བསྙད་དེ་ཞིབ་འཇུག་སློབ་མའི་ཐོབ་ཐང་མེད་པར་བཟོས་ཡོད་འདུག རྒྱ་ནག་གཞུང་གིས་ཆེད་དུ་བོད་རྒྱ་མི་རིགས་གཉིས་དབར་འགལ་ཟླ་བཟོས་པ་དང༌། ལྷག་པར་བོད་ཀྱི་གྲྭ་པས་རྡུང་གཅོག་འཕྲོག་སྲེག་བྱེད་བཞིན་ཡོད་ཚུལ་ཁྱབ་བསྒྲགས་ཤུགས་ཆེ་བྱས་སྟབས། ད་ཆ་རྒྱ་གྲོང་ཁག་ཏུ་བོད་ཆས་གྱོན་པ་དང་ལྷག་པར་གྲྭ་ཆས་གྱོན་ནས་འགྲོ་མཁན་ཚོར་རྒྱ་རིགས་ཀྱིས་རུབ་རྡུང་བྱེད་པར་བརྟེན། བོད་མི་ཚོ་དང་ལྷག་པར་གྲྭ་པ་ཚོ་རྒྱ་གྲོང་ཁག་ནང་ལས་དོན་སྒྲུབ་པར་འགྲོ་སྐབས་རྒྱ་ཆས་མ་གྱོན་ཀ་མེད་ཆགས་ཡོད་འདུག ཕྱི་ཟླ་༣ ཚེས་༣༡ ཉིན་འཛིན་བཟུང་བྱས་པའི་མཚོ་སྔོན་མགོ་ལོག་ཁུལ་གྱི་སྒྱུ་རྩལ་བ་ཟླ་བྷེར་དངུལ་ཆད་རྒྱ་སྒོར་ཆིག་ཁྲིའི་ཉེས་པ་བཅད་དེ་གློད་ཡོད་ཀྱང༌། ཁོང་དང་མཉམ་དུ་འཛིན་བཟུང་བྱས་པའི་གཞས་མ་སྒྲོལ་མ་སྐྱིད་ད་དུང་བཙོན་འཇུག་བྱས་ཡོད་འདུག སྒྲོལ་མ་སྐྱིད་ཀྱི་ནང་དུ་ཕྲུ་གུ་གསུམ་དང་ཨ་མ་རྒས་འཁོག་ཅིག་ལུས་ཡོད་འདུག རྒྱ་ནག་གཞུང་གི་ཁྲིམས་ལུགས་ལྟར་ན། བཀག་ཉར་བྱས་ཏེ་ཉིན་གྲངས་༣༧ འགྱངས་མེད་ནང་མིར་དངོས་སུ་འཛིན་བཟུང་གི་བརྡ་ཁྱབ་གཏོང་དགོས་ཀྱང༌། སྒྲོལ་མ་སྐྱིད་ཀྱི་ནང་མིར་ད་དུང་བརྡ་ཁྱབ་བཏང་མེད་པ་རེད།

དཀར་མཛེས་རྫོང་དུ་ཡང་བསྐྱར་ཞི་རྒོལ།

ཕྱི་ཟླ་༥ ཚེས་༡༣ ཉིན་འབྲེལ་ཡོད་ཅིག་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། ཕྱི་ཟླ་༥ ཚེས་༡༡ ཉིན་དཀར་མཛེས་རྫོང་བྲག་དཀར་བཙུན་དགོན་གྱི་བཙུན་མ་རྒྱ་ཡུལ་ངོ་བཟའ་ཚང་གི་བསོད་ལྷ་མོ་དང༌། འདུ་ར་མ་ཟུར་ཚང་གི་ཐུབ་བསྟན་སྒྲོལ་མ་གཉིས་ཀྱིས་དཀར་མཛེས་རྫོང་དུ་ཞི་རྒོལ་སྐད་འབོད་བྱེད་སྐབས་འཇུ་བཟུང་གིས་བཀག་ཉར་བྱས་ཡོད་འདུག

ཡང་ཕྱི་ཟླ་༥ ཚེས་༡༢ ཉིན་གུང་རྒྱབ་བྲག་དཀར་དགོན་གྱི་བཙུན་མ་ཤོང་མཁར་ཀོང་བཀྲ་ཚང་བཀྲ་དགའ་དང༌། གསེར་ཤུལ་སྟེང་འཛུ་བ་ལྷ་མོ་ཆོས་ཚེ་སྐྱིད་ལོ་༤༡ གསེར་ཤུལ་སྟེང་གཡང་སྐྱིད་ལོ་༢༨ རྒྱ་ཡུལ་བསོད་ནམས་གཡང་མཚོ།  རྒྱ་ཡུལ་འཕྲིན་ལས། རྒྱ་ཡུལ་ཤར་ཕྱོགས་ཚང་བོ་རྫུཟུ། ངོས་ལུང་རྟ་མགྲིན་ཚེ་སྐྱིད། གསེར་ཤུལ་སྟེང་ཡ་རབས་ཁ་བུ་མོ་བདེ་སྐྱིད་ལོ་༢༩ ཁོང་གི་མིང་པོ་བྱང་པ་རྣམ་རྒྱལ་རྒྱ་གཞུང་གིས་ལོ་བཞི་ལྔ་སྔོན་ནས་ཁྲིམས་ཆད་ལོ་༩ བཅད་དེ་ད་ལྟ་བཙོན་འཇུག་བྱེད་བཞིན་པ་ཡིན་འདུག ལ་བོང་སྟེང་ངུ་དགའ། རྫོང་པ་བྱམས་ལྷ་མོ་བཅས་ནས་ཁ་སྔོན་ཕྱི་ཟླ་༤ ཚེས་༢༣ ཉིན་བཙུན་མ་ལྷ་དགའ་དང༌། བསོད་ནམས་བདེ་སྐྱིད་གཉིས་ཀྱིས་ཞི་རྒོལ་སྐད་འབོད་བྱས་ཏེ་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དེར་གདུང་སེམས་མཉམ་བསྐྱེད་དང་ཁོང་གཉིས་ཀྱི་དགོས་འདུན་རྣམས་ལ་རྒྱབ་སྐྱོར་གྱིས་ཁོང་གཉིས་བཟུང་ཚར་དུས་ང་ཚོ་རང་དགར་བསྡད་ན་མི་འགྲིག་པའི་སྐོར་གསུང་བཞིན་དཀར་མཛེས་རྫོང་དུ་དམ་དྲག་ཤུགས་ཆེ་ཡོད་མིན་ལ་མ་ལྟོས་པར་ཁོང་རྣམས་ཀྱིས་བོད་རང་བཙན་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ཞེས་སོགས་ཀྱི་ཞི་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད་འདུག མཐར་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མིས་འཛིན་བཟུང་བྱས་ཡོད་འདུག་པ་དང༌། འཛིན་བཟུང་བྱས་སྐབས་གཅར་རྡུང་ཚད་མེད་བཏང་བར་བརྟེན་བཙུན་མ་བཀྲ་དགའི་མགོ་ལ་རྨས་སྐྱོན་ཤུགས་ཆེ་ཐེབས་ཡོད་འདུག བཙུན་མ་རྣམས་འཛིན་བཟུང་བྱས་སྐབས་བོད་མི་མང་པོ་ཞིག་ནས་གདུང་སེམས་མཉམ་བསྐྱེད་ཀྱི་སྐད་ཅོར་བརྒྱབ་པ་དང་དམིགས་བསལ་བན་དེ་སྒང་ཆོས་རྒྱལ་ཚང་གཡང་སྐྱིད་དང་ལ་བོང་སྟེང་བཀྲ་དགའ་གཉིས་ནས་ངུ་འབོད་ཤུགས་ཆེར་བྱས་པར་བརྟེན་ཁོང་གཉིས་བཙུན་མ་ཚོའི་མཉམ་དུ་འཛིན་བཟུང་གིས་རྗེས་སུ་གློད་བཀྲོལ་བཏང་ཡོད་འདུག ཕྱི་ཚེས་༡༣ སྔ་དྲོ་དཀར་མཛེས་དགོན་གྱི་གྲྭ་པ་ཁ་ཤས་ནས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་གྲྭ་པ་གསུམ་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག།

བོད་མི་འཇུ་བཟུང་དང་བཙན་བཀའ།  

ཟླ་༥ ཚེས་༦ ཉིན་མདོ་སྨད་བསང་ཆུ་རྫོང་གི་ལས་བྱེད་༣༠ ལྷག་འབོ་ར་དགོན་པར་ཡོང་ནས་ཆུ་ཚོད་གསུམ་ཙམ་རིང་ཚོགས་འདུ་འཚོགས་ཏེ། དགོན་པ་དེའི་གྲྭ་པ་ཡོངས་ནས་དོལ་རྒྱལ་བསྟེན་གསོལ་བྱ་རྒྱུའི་ཁས་ལེན་བྱ་དགོས་ལུགས་བཤད་ཀྱང་ཁས་ལེན་བྱེད་མཁན་གཅིག་ཀྱང་བྱུང་མེད་འདུག

    ཕྱི་ཟླ་༤ ཚེས་༢༨ ཉིན་རྒྱ་གཞུང་གིས་མགོ་ལོག་དར་ལག་རྫོང་དུ་བོད་མི་ཆོས་སྟོབས་ཟེར་བར་མེ་མདའ་བརྒྱབ་སྟེ་དམར་གསོད་གཏོང་སྐབས། ཁོང་གི་ཨ་མ་དབང་སྒྲོན་ལའང་མེ་མདའ་གཉིས་ཕོག་སྟེ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ཆོས་སྟོབས་ཀྱི་ནང་མི་སྤྲུལ་སྐུ་ཞིག་དང་ཕ་མ་གཉིས། བུ་མོ་གཅིག བུ་སྤུན་གསུམ་བཅས་ཁྱོན་ནང་མི་༧ འཛིན་བཟུང་བྱས་ཏེ་ད་ལྟ་ཁྱིམ་དུ་ཕྲུ་གུ་ཆུང་ཆུང་གཉིས་ལས་ལྷག་མེད་འདུག  

    ཕྱི་ཟླ་༤ ཚེས་༢༩ ཉིན་མདོ་སྨད་རྔ་པ་རང་སྐྱོང་ཁུལ་འཛམ་ཐང་རྫོང་གི་གསང་ལུང་དགོན་པའི་གྲྭ་དཀོན་མཆོག་ཟེར་བས་ཉེན་རྟོག་ལས་ཁུངས་ཀྱི་མདུན་དུ་ཞི་རྒོལ་གནང་བར་བརྟེན་འཛིན་བཟུང་བྱས་ཤིང༌། ཕྱི་ཟླ་༥ ཚེས་༣ ཉིན་གྲྭ་དཔལ་འབྱོར་དང་རྡོ་རྗེ་གྲགས་པ་གཉིས་ཉེན་རྟོག་ལས་ཁུངས་སུ་བསྐྱོད་དེ། གྲྭ་དཀོན་མཆོག་གློད་བཀྲོལ་དགོས་ལུགས་ཀྱིས་རེ་འདུན་བཏོན་པར་བརྟེན་ཁོང་གཉིས་པོ་ཡང་འཛིན་བཟུང་བྱས་འདུག གསང་ལུང་དགོན་པ་ཕྱི་ཟླ་༣ ཚེས་༡༧ ནས་སྒོ་བརྒྱབ་སྟེ་དམ་དྲག་བྱེད་མུས་ཡིན་པ་རེད།།

    ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཏི་རོལ་གྲོས་ཚོགས་ཀྱི་ཚོགས་གཙོས་དྷ་སར་གཟིགས་སྐོར་གནང་ཡོད་པ་དང༌། ཟླ་འདིའི་ཚེས་༡༡ ཉིན་ཚོགས་གཙོ་མཆོག་གིས་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཏི་རོལ་གྲོས་ཚོགས་ནང་བོད་དོན་ཐོག་སྤྱི་མོས་ཀྱིས་རྒྱབ་སྐྱོར་ཡོད་པའི་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་རེད།

    ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཏི་རོལ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་རྒྱ་ནག་གིས་བོད་དེ་ཁྲིམས་འགལ་ཐོག་ནས་དབང་བསྒྱུར་བྱས་པ་ཡིན་པས། དེར་ངོས་ལེན་མེད་པ་དང༌། རྒྱ་ནག་གཞུང་ལ་ཨོ་ལིམ་ཕིག་རྩེད་འགྲན་གྱི་མགྲོན་བདག་ཐོབ་པ་དེ་ནོར་འཁྲུལ་ཡིན་པ། ྋགོང་ས་མཆོག་དང་བོད་གཞུང་མང་གཉིས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་པ། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ་དང༌། ཨོ་ལིམ་ཕིག་དཔལ་འབར་དེ་བོད་ནང་ཁྱེར་མི་ཉན་པ་སོགས་ཀྱིས་འབོད་སྐུལ་གནང་ཡོད་པ་རེད། དེ་བཞིན་ཨི་ཊ་ལིའི་གཞུང་དང༌། ཡོ་རོབ་གྲོས་ཚོགས་ནས་རྒྱ་གཞུང་ལ་བོད་ནང་དྲག་གནོན་བྱེད་རྒྱུ་མཚམས་འཇོག་ཡོང་ཐབས་དང༌། རྒྱལ་སྤྱིའི་གསར་འགོད་པ་བོད་ནང་དུ་གཏོང་རྒྱུར་ཤུགས་སྣོན་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད། གསར་འགོད་གསལ་བསྒྲགས་དེའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ཕེབས་ནས་ཨི་ཊ་ལིའི་རང་སྐྱོང་མངའ་ཁུལ་ལྷོ་ཏི་རོལ་གྲོས་ཚོགས་ནས་བོད་དོན་རྒྱབ་སྐྱོར་གནང་བ་དང༌། སྒོས་སུ་གྲོས་ཚོགས་ནང་བོད་དོན་ཆེད་སྤྱི་མོས་ཀྱིས་བཞག་གནང་བ་དེར་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཡིག་ཐོག་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད་པ་རེད།།

ཏྲེ་ཧོར་དཀར་མཛེས་སུ་སྔར་བཞིན་མུ་མཐུད་ཞི་རྒོལ་བྱེད་བཞིན་པ།

དཀར་མཛེས་དགོན་པའི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་དང་སེར་སྐྱ་མི་མང་གང་མང་འཛིན་བཟུང་བྱས་པ།

དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ལོ་༢༠༠༨ ཟླ་༥ ཚེས་༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་༤།༣༠ ཙམ་ལ་མདོ་ཁམས་ཏྲེ་ཧོར་དཀར་མཛེས་དགོན་གྱི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་གི་གཟིམ་ཆུང་གློ་བུར་དུ་རྒྱ་དམག་གི་མཐའ་བསྐོར་ནས་འཛིན་བཟུང་བཙན་ཁྲིད་བྱས་འདུག དེ་ཡང་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཁུར་འགན་བཞེས་མཁན་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟ་བུའི་བླ་སྤྲུལ་དགེ་བཤེས་གང་ན་སུ་བཞུགས་པ་རྣམས་རིམ་བཞིན་རྒྱ་གཞུང་ནས་འཛིན་བཟུང་གིས་གཡོ་ཐབས་རབ་དང་རིམ་པ་སྤྱད་དེ་སྐུ་ཚེ་མ་ཟིན་པ་དང༌། སྐུ་ཁམས་མི་བདེ་བ་སོགས་ཆགས་པ་དུ་མ་ཞིག་བྱུང་ཟིན་ཡོད་པ་ཀུན་གྱི་མཁྱེན་གསལ་ལྟར་ལ། ད་ལན་འཛིན་བཟུང་བཙན་ཁྲིད་བྱས་པའི་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ནི་མདོ་ཁམས་ཏྲེ་ཧོར་དཀར་མཛེས་དགོན་གྱི་སྤྲུལ་སྐུ་གྲགས་ཅན་ཞིག་དང༌། ཉེ་ཆར་རྒྱ་དམར་ནས་འཛིན་བཟུང་བྱས་པའི་བཙུན་མ་ཞལ་གྲངས་༥༠ ལྷག་གི་དགོན་པ་སྤང་རི་སྣ་ཟེར་བའི་དགོན་པ་དང༌། གཡའ་བརྩེགས་དབྱར་རྟིསབཙུན་དགོན་གཉིས་ཀྱི་ཐུགས་འགན་བཞེས་པའི་དབུ་བླ་དང༌། ས་གནས་མི་མང་གི་ཕན་བདེའི་ཆེད་རྒས་གསོ་ཁང་ཞིག་གསར་རྒྱག་གནང་བ་མ་ཟད། སྨན་ཚོང་ཁང་གཉིས་ཀྱང་གཉེར་བཞིན་ཡོད་པ་རེད། ཁོང་འཛིན་བཟུང་བྱས་རྗེས་ཞོགས་པ་ཆུ་ཚོད་༥ ཙམ་ལ་སྤང་རི་སྣ་བཙུན་དགོན་གྱི་འགན་འཛིན་གྲོང་ཚོ་རྫོང་མགོ་ནས་ཡིན་པ་རང་ལོ་༣༥ ཅན་བཙུན་མ་མཁའ་འགྲོ་ཆོས་མཚོ་ཡང་དགོན་པའི་ནང་ནས་འཛིན་བཟུང་བྱས་ཡོད་པ་མ་ཟད། རིན་པོ་ཆེ་མཆོག་གིས་གསར་འཛུགས་གནང་བའི་རྒས་གསོ་ཁང་ནས་རྒས་འཁོགས་རྣམས་ཀྱི་གོང་གསལ་གནད་དོན་རྣམས་གོ་རྟོགས་བྱུང་མཚམས་སུ། རྒས་འཁོགས་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་རིན་པོ་ཆེ་མཆོག་མྱུར་དུ་གློད་བཀྲོལ་གཏང་དགོས་པ་སོགས་སྐད་འབོད་ཀྱིས་ཀི་ལོ་མི་ཊར་ཕྱེད་ཙམ་དུ་འབྱོར་སྐབས་རྒྱ་དམག་གིས་ཁོང་རྣམས་བཙན་ཁྲིད་ཀྱིས་རྒས་གསོ་ཁང་གི་ནང་དུ་བཀག་པ་དང་རྒས་གསོ་ཁང་མཐར་སྐོར་གྱི་ཕྱི་མི་རྣམས་ལ་འབྲེལ་གཏུག་བྱེད་ཆོག་གི་མེད་པ་མ་ཟད། སྔར་སྤང་རི་སྣ་བཙུན་དགོན་ནས་འཛིན་བཟུང་བྱས་པའི་བཙུན་མ་༥༠ ཙམ་དང༌། ལྷག་མ་རྣམས་ཀྱང་དགོན་པའི་མཐའ་སྐོར་སྲུང་བས་བསྐོར་ནས་ཡར་མར་འབྲེལ་གཏུག་བྱེད་ཆོག་གི་མེད་པ་དང༌། གཡའ་བརྩེགས་དབྱར་རྟིསདགོན་གྱི་བཙུན་མ་རྣམས་ཀྱང་རྒྱ་དམག་ནས་མཐར་སྐོར་བྱས་ཡོད་འདུག གོང་གསལ་རིན་པོ་ཆེ་མཆོག་ས་གནས་དེ་གའི་རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་སེམས་འཁྲི་ས་ཞིག་དང་ལུང་པ་བདེ་འཇགས་བརྟན་ལྷིང་གི་ཕུགས་རྩ་ཞིག་ཡིན་ནའང་རྒྱ་གཞུང་ནས་ཁུངས་ལྡན་གྱི་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བཙན་ཁྲིད་བྱས་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་ལས་མ་འདས། ཁོང་འཛིན་བཟུང་བཙན་ཁྲིད་བྱས་སྐབས་གཟུགས་ཁམས་གསལ་དྭངས་ཡིན་ཡང༌། ཁོང་འཛིན་བཟུང་བྱས་པ་དེར་ས་གནས་དེ་གའི་མི་མང་ཙམ་མ་ཟད། རྒྱ་ཆེའི་བོད་རིགས་ཡོངས་ལ་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་བྱུང་བ་ཡིན་པས་གཟུ་བོར་གནས་པའི་འཛམ་གླིང་གཞུང་མང་ཡོངས་ནས་མགོན་སྐྱབས་དཔུང་རོགས་ཐབས་ཤེས་ཅི་ཡོད་ཀྱི་སྐྱབས་འཇུག་ངེས་པར་དུ་གནང་རོགས་ཞེས་སྙིང་ཐག་པ་ནས་ཞུ་བཞིན་ཡོད་འདུག    ཕྱི་ལོ་༢༠༠༨ ཟླ་༥ ཚེས་༡༧ ནས་༡༩ བར་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་བཅུ་དྲུག་ཡས་མས་ཡིན་པའི་ན་གཞོན་ཁག་ཅིག་གིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་རྐྱེན་རྒྱ་དམར་ནས་འཛིན་བཟུང་བྱས་ཡོད་པ་རེད། དེ་ཡང་ཕྱི་ཟླ་༥ ཚེས་༡༧ ཉིན་མཐར་མེད་གྲོང་ཚོ་ནས་ཡིན་པ་ཐུབ་བསྟན་དང༌། ལུང་ལུང་བསོད་ནམས། ཡེ་ཤེས་འཇིགས་མེད། ཆོས་འཕེལ་བཅས་དང༌། ཡང་གྲོང་པ་དེ་རང་ནས་ཡིན་པ་བུ་མོ་བཅོ་ལྔ་ཞེས་པ་དང༌། པདྨ་དབྱངས་ཅན། དགེ་ཆུང་གྲོང་ཚོ་ནས་ཡིན་པའི་བུ་མོ་གཅིག་བཅས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ངོ་རྒོལ་བྱས་རྐྱེན་རྒྱ་དམར་ནས་འཛིན་བཟུང་བྱས་ཡོད་པ་རེད། ཡང་ཕྱི་ཚེས་༡༨ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠ པ་ཙམ་ལ་དཀར་མཛེས་དགོན་གྱི་གྲྭ་གྲོང་ཚོ་འང་བཟང་ནས་ཡིན་པ་བྱམས་པ་རྡོ་རྗེ་དང༌། དཔལ་ལྡན་འཕྲིན་ལས། གྲོང་ཚོ་གསེར་ཆུ་སྟེང་ནས་ཡིན་པ་ཀུན་དགའ་འཕྲིན་ལས། རྫ་པ་ནས་ཡིན་པ་གྲྭ་ཚེ་འོག་དང༌། འཇམ་དབྱངས་ཚེ་རིང་བཅས་སྔར་བཞིན་སྐད་འབོད་བྱས་རྐྱེན་འཛིན་བཟུང་བྱས་འདུག ཡང་ཕྱི་ཚེས་༡༩ ཉིན། མཐར་མེད་གྲོང་ཚོ་ནས་ཡིན་པའི་མི་སྐྱ་རྡོ་རྗེ་རྒྱལ་མཚན་དང༌། བཀྲིས་དབང་རྒྱལ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་སྔར་བཞིན་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་ལ་བརྟེན་ནས་འཛིན་བཟུང་བྱས་ཡོད་འདུག གོང་གསལ་ངོ་རྒོལ་པ་རྣམས་ཀྱི་འབོད་ཚིག་ནི་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པ་དང༌། རང་ཡུལ་དུ་མྱུར་དུ་གདན་འདྲེན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། བོད་ཀྱི་བདེ་མཐའ་མྱུར་དུ་གསལ་དགོས་པ། རྒྱ་དམག་ནས་འཛིན་བཟུང་བྱས་པའི་བོད་མི་རྣམས་མྱུར་དུ་གློད་བཀྲོལ་གཏོང་དགོས་པ་སོགས་ཀྱི་སྐད་འབོད་ཤུགས་ཆེན་བྱས་ཡོད་འདུག།

སོག་རྫོང་གི་མི་གཉིས་འཛིན་བཟུང༌།ཕྱི་ཟླ་༤ པའི་ཚེས་ཤར་ནས་སོག་རྫོང་ཐོག་ཏུ་སྦྱར་ཡིག་མང་པོ་ཐོན་ཡོད་པ་དང༌། དེའི་རྗེས་ནག་ཆུ་ཁུལ་དུའང་ཡིག་ཆ་དེ་རང་གང་མང་གཏོར་འགྲེམས་བྱས་ཡོད་འདུག་པས། ཟླ་༤ ཚེས་༢༠ ཉིན་སོག་རྫོང་ཙན་དན་དགོན་པའི་གྲྭ་མཆོག་ལྡན་ཚུལ་ཁྲིམས་རང་ལོ་༡༩ ལ་སོན་པ་ཞིག་ལ་ཡི་གེ་དེ་དག་གཏོར་མཁན་ཡིན་ཚུལ་བརྗོད་དེ་ནག་ཆུ་ནས་འཛིན་བཟུང་བྱས་ཏེ་ད་ལྟ་སོག་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

    ཟླ་༥ ཚེས་༩ ཉིན་བསོད་ནམས་རྒྱལ་པོ་ཟེར་བའི་བོད་མི་རང་ལོ་༡༥ ཡིན་པ་ཁོང་གིས་སོག་རྫོང་གི་ཁྲོམ་རའི་བཞི་མདོ་རུ་ལངས་ཏེ་ང་ཚོར་རང་དབང་དགོས། བོད་རང་བཙན་ཡིན། རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་ངར་ཤུགས་ཆེན་པོས་སྐད་འབོད་ཐེངས་བཅོ་ལྔ་བྱས་པར་བརྟེན་ཉེན་རྟོག་པས་འཛིན་བཟུང་བྱས་ནས། ད་ལྟ་གང་དུ་ཁྲིད་ཡོད་པའང་གསལ་ཁ་མེད་འདུག སྐད་འབོད་ག་ཚོད་མང་པོ་བརྒྱབ་པ་ཡིན་ནའང་ཉེས་པ་དེ་ཚོད་ཀྱིས་ལྕི་གི་རེད་ཅེས་ཉེན་རྟོག་པས་བཤད་ཡོད་འདུག།

གསེར་རྟ་རྫོང་དུ་ཡང་བསྐྱར་རྒྱ་གཞུང་ལ་ངོ་རྒོལ་དང་བོད་མི་འཇུ་བཟུང༌།ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་ཉིན་གུང་ཆུ་ཚོད་༢ པའི་ཐོག་ཕ་ཡུལ་ཁམས་གོ་འཇོ་ནས་ཡིན་པའི་གྲྭ་པ་འབུམ་དགའ་རང་ལོ་༢༢ ལ་སོན་པ་ཞིག་གིས། གསེར་རྟ་རྫོང་གི་སྲང་ལམ་ནས་ྋགོང་ས་མཆོག་བོད་ལ་ཆིབས་བསྒྱུར་དགོས་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་དགོས་པ། འགྲོ་བ་མིའི་ཐོབ་ཐང་དགོས་པ་སོགས་སྐད་འབོད་ཤུགས་ཆེ་བརྒྱབ་ཡོད་པ་རེད། སྐབས་དེར་ཁོང་གིས་གྲྭ་ཆས་ཕུད་ནས་སྐྱ་ཆས་དཀར་པོ་ཞིག་གྱོན་ཡོད་པ་དང༌། བོད་ལ་རང་དབང་དགོས་པ་དང་ྋགོང་ས་མཆོག་བོད་ལ་ཆིབས་བསྒྱུར་དགོས་པ་སོགས་འཁོད་པའི་ཡིག་ཆ་ཞིག་དང༌། བོད་ཀྱི་རྒྱལ་དར་སྟོང་ཕྲག་ཁ་ཤས་པར་སློག་བརྒྱབ་ནས་ཕོན་ཆེ་འགྲེམས་བཀྲམ་བྱས་ཡོད་པ་རེད། ཁོང་ཉེན་རྟོག་པས་འཇུ་བཟུང་བྱས་པའི་རྗེས། ཉེན་རྟོག་པས་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བཞུགས་མཁན་ཡིན་ཚུལ་བརྗོད་བཞིན་ཡོད་ཀྱང༌། ཁོང་གིས་གཏན་ནས་ངོས་ལེན་བྱས་མེད་པ་མ་ཟད། སྔོན་མ་གྲྭ་པ་ཡིན་པ་ལས། ད་ལྟ་གྲྭ་པའང་མིན་ཚུལ་བརྗོད་ནས་ཁས་ལེན་བྱས་མེད་པའི་གནས་ཚུལ་འདུག

དེ་བཞིན་ཕྱི་ཚེས་༡༥ ཉིན་ཡང་གྲྭ་པ་ཞིག་འཇུ་བཟུང་བྱས་ཡོད་འདུག་ཀྱང་ཁོང་གི་མིང་དང་ཕ་ཡུལ་གང་ནས་ཡིན་ད་དུང་གསལ་རྟོགས་བྱུང་མ་སོང༌། གཞན་ཡང་སྔར་ཡོད་དམག་མི་བཞི་སྟོང་ཙམ་ཡོད་པ་ནས། སླར་ཡང་ཆིག་སྟོང་སྤར་སྣོན་བྱས་ནས་དམ་དྲག་བྱེད་བཞིན་ཡོད་པ་དང༌། གྲྭ་པ་འབུམ་དགའ་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བྱས་རྗེས་སུ་བོད་མི་མང་པོ་འཇུ་བཟུང་བྱས་པའི་གནས་ཚུལ་འདུག་ཀྱང༌། ཁ་པར་བརྒྱུད་ལམ་བཀག་ཡོད་པར་བརྟེན་འབྲེལ་བ་ཞུ་མ་ཐུབ་པར་གནས་ཚུལ་ཞིབ་ཕྲ་རྒྱུས་ལོན་བྱེད་ཐུབ་མ་སོང༌།།

ལས་མཚམས་བཞག་སྟེ་རྒྱ་གཞུང་ལ་ངོ་རྒོལ།

ཟླ་འདིའི་ཚེས་༡༦ ཉིན་བོད་ནས་ཁུང་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། འདས་པའི་བདུན་ཕྲག་གཉིས་གསུམ་གྱི་སྔོན་ཙམ་ནས་ཁམས་རྟའུ་ཁོག་ཏུ་མི་མང་གིས་བཅའ་དངོས་དང་འགྲུལ་བ་སྐྱེལ་འགྲེན་བྱེད་མཁན་ཚོས་མོ་ཏྲ་སྐོར་མཚམས་བཞག་དང༌། མི་ཉག་ཁོག་ན་ཞིང་ལས་མཚམས་འཇོག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག

    གནས་ཚུལ་མཁོ་སྤྲོད་པས་གསུང་དོན་ལ། ད་ལྟ་རྟའུ་ཁོག་ནས་མོ་ཏྲ་ལྡ་སྟོང་ཡས་མས་ཞིག་གི་ལས་མཚམས་བཞག་ཡོད་པ་དང༌། དེ་ནི་ཉེ་ཆར་རྟའུ་རུ་བཙུན་དགོན་གྱིས་གཙོས་སློབ་གྲྭ་དང་མི་མང་གིས་རྒྱ་གཞུང་ལ་རང་རེ་བོད་མི་རྣམས་ཀྱི་སེམས་ཁུངས་ཀྱི་དཀའ་སྡུག་ཕྱིར་མངོན་ཆེད་ཞི་བའི་ལས་འགུལ་སྤེལ་བར། རྒྱ་གཞུང་གིས་ཚད་ལས་བརྒལ་བའི་དྲག་གནོན་དང་སྡུག་སྤྱོང་མནར་གཅོད་བཏང་བ་དང༌། ད་དུང་བོད་ས་གང་སར་དེ་ལྟར་བྱས་དང་བྱེད་བཞིན་པ་རེད། བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་ཡིན་པ་དང་གདུང་སེམས་མཉམས་བསྐྱེད་ཡིན་པ་མཚོན་བྱེད་དུ་ལས་འགུལ་དེ་བསམ་པ་གཅིག་མཐུན་གྱིས་སྤེལ་བ་ཞིག་རེད་ཅེས་དང༌། མི་ཉག་ཁོག་ན་ཞིང་ལས་མཚམས་འཇོག་ཀྱང་བྱས་པ་རེད། གཟའ་འཁོར་སྔོན་མའི་ནང་རྫོང་སྲིད་གཞུང་གིས་མོ་ཏྲ་སྐོར་མཁན་ཚོར་མོ་ཏྲ་སྔོན་ལྟར་སྐོར་སར་སོང་དང༌། མི་རེར་རྒྱ་སྒོར་ཁྲི་༢ རེ་སྤྲོད་རྒྱུ་ཡིན་ལ། ལམ་གླ་ཡང་སྔོན་ལས་ཆུང་དུ་བཏང་ཆོག རྒྱ་ནག་གཞུང་ལ་ངོ་རྒོལ་མི་བྱེད་རྒྱུའི་ས་ཡིག་རྒྱག་དགོས་ཞེས་བརྗོད་ཡོད་ནའང༌། ད་དུང་མི་མང་གིས་ཁས་ལེན་མ་བྱས་པར་མུ་མཐུད་དུ་ལས་མཚམས་བཞག་ཡོད་པ་རེད། རང་རང་གི་མི་ཚང་དང་ལུང་པའི་དེའི་འཚོ་རྟེན་གཙོ་བོ་མོ་ཏྲའི་བཅའ་དངོས་སོགས་སྐྱེལ་འགྲེན་བྱེད་རྒྱུ་དང་ཞིང་ལས་བྱེད་རྒྱུ་དེ་རེད་མོད། རང་ཉིད་ཀྱི་འཚོ་བ་བློས་གཏོང་བྱས་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།  མེ་སོར་གསར་འགོད་པས།

བོད་དོན་ལས་འགུལ་བའི་ཞི་བའི་གོམ་བགྲོད་ཆེན་མོ།

བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་བོད་བར་གྱི་ཞི་བའི་གོམ་བགྲོད་དེ་རྒྱ་གར་ཨུ་ཏུ་རན་ཅལ་མངའ་སྡེ་ནང་དུ་འབྱོར་ཡོད་པ་དང༌། རྒྱ་གར་ས་གནས་གཞུང་གིས་གོམ་བགྲོད་པའི་བདེ་འཇགས་ཆེད་དུ་ལས་འགུལ་དེ་མཚམས་དགོས་དགོས་སྐོར་བརྗོད་ཡོད་ནའང༌། གོམ་བགྲོད་པ་དང་གོ་སྒྲིག་པའི་ངོས་ནས་མུ་མཐུད་བསྐྱོད་འཆར་གྱིས་རྒྱ་གར་གཞུང་ལ་བཀག་འགོག་མི་གནང་བའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

    ཟླ་འདིའི་ཚེས་༢༠ ཉིན་གོམ་བགྲོད་པའི་ད་ལྟའི་གནས་སྟངས་སྐོར་གོམ་བགྲོད་ལས་འགུལ་གོ་སྒྲིག་པའི་ཚོགས་མི། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་སུ་ཁ་པར་བརྒྱུད་གནས་འདྲི་ཞུས་པར། ཁོང་གིས་གསུང་དོན། རྒྱ་གར་ས་གནས་ནས་ཁྱེད་རིང་ཚོའི་བདེ་འཇགས་ཀྱི་ཆེད་དུ་གོམ་བགྲོད་མཚམས་འཇོག་དགོས་སྐོར་པ་བརྗོད་པ་ལས་རྒྱ་གར་གཞུང་རང་གིས་ བཀག་འགོག་བྱེད་རྒྱུའི་སྐད་ཆ་གང་ཡང་མི་འདུག སྤྱིར་བཏང་མངའ་སྡེ་གང་གི་ནང་དུའང་ང་ཚོ་འབྱོར་ནའང༌། སྐད་ཆ་དེ་འདྲ་སླེབས་བསྡད་ཡོད་པ་རེད། ད་ལྟ་ལས་འགུལ་བ་ས་གནས་དེར་བསྡད་ནས་ཁོང་ཚོར་སྐད་ཆ་བཤད་རྒྱུ་དང༌། ཉེ་ཆར་ལས་འགུལ་བའི་ནང་འདས་གྲོངས་སོང་བ་པདྨ་མ་བཀྲ་ཤིས་ལགས་ལ་དགོངས་རྫོགས་བསྡོ་སྨོན་བྱེད་བཞིན་ཡོད་པ་རེད་ཅེས་དང༌། པདྨ་བཀྲ་ཤིས་ལགས་ནི་ལྷོ་ཕྱོགས་སེ་ར་དགོན་པའི་གྲྭ་བ་ཡིན་པ་དང༌། ཁོང་མི་རིགས་མོན་པ་ཡིན་པ་རེད།རྒྱ་གར་གཞུང་གིས་བཀག་འགོག་བྱས་ན་གོ་སྒྲིག་པའི་ངོས་ནས་ག་རེ་གནང་རྩིས་ཡོད་མེད་དྲིས་པར། རྒྱ་གར་གྱིས་བཀག་ནའང༌། མུ་མཐུད་འགྲོ་རྒྱུར་འབོད་སྐུལ་བྱེད་རྒྱུ་དང༌། ང་རང་ཚོའི་ངོས་ནས་གང་ཐུབ་འབད་བརྩོན་བྱེད་རྒྱུ་ཡིན། ང་ཚོའི་ལས་འགུལ་དྲག་པོ་ནི་མ་རེད། རྒྱ་གར་ལ་ཕོག་ཐུག་འགྲོ་རྒྱུ་དེ་འདྲ་ང་ཚོས་བྱེད་ཀྱི་མ་རེད། འཚེ་མེད་ཞི་བ་རང་གི་ཐོག་ནས་འགྲོ་ཡི་ཡོད་པས། རྒྱ་གར་དབུས་གཞུང་དང་ས་གནས་ཚང་མར་ང་ཚོས་དེ་འདྲའི་འབྲེལ་བ་བྱས་བསྡད་ཡོད་ཅེས་དང༌། གོ་སྒྲིག་པ་དང་གོམ་བགྲོད་པའི་ངོས་ནས་འབོད་སྐུལ་གནང་རྒྱུ་ཡོད་མེད་དང༌། ལས་འགུལ་བའི་འགྲོ་སོང་གི་གནས་སྟངས་ག་འདྲ་ཡིན་མིན་སྐོར་དྲིས་པར། གོ་སྒྲིག་བྱེད་མཁན་རེད། གོམ་བགྲོད་པ་ཚང་མ་བོད་ནང་དུ་སླེབས་ཐུབ་པ་བྱེད་རྒྱུ་དེ་ཐོག་མིའི་དམིགས་ཡུལ་རེད། གོམ་བགྲོད་པའི་ངོས་ནས་ཚང་མ་བློས་བཏང་ནས་ཡོང་བ་རེད། རྒྱ་ནག་ཞུང་གི་དྲག་གནོན་འོག་བོད་ནང་དུ་རང་སྲོག་བློས་བཏང་གིས་བོད་རང་ཆེད་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཕྱི་ལོགས་སུ་ཡོད་མཁན་ཚང་མས་ག་ཚོད་བློས་གཏོང་ཐུབ་ཐུབ་ཀྱིས་འབད་བརྩོན་དགོས་པ་རེད། བོད་དོན་དེ་ད་ལྟ་མེ་འདྲ་འབར་བསྡད་ཡོད་པ་རེད། དེ་མུ་མཐུད་གནས་ཐུབ་པ་སོ་སོས་གང་ཐུབ་ལ་འབད་བརྩོན་དང་དོ་སྣང་བྱེད་དགོས་པ་གལ་ཆེན་པོ་རེད། བོད་ནང་གི་གནས་སྟངས་ཁྱབ་བསྒྲགས་དང༌། འབོད་སྐུལ་བྱེད་རྒྱུ་སོགས་མུ་མཐུད་ནས་ཧུར་ཐག་བྱེད་རྒྱུ་གལ་ཆེན་པོ་རེད། གོམ་བགྲོད་པའི་འགྲོ་སོང་དེ་སྔོན་དཔལ་འབྱོར་འདུ་འགོད་ཤུགས་ཆེན་པོ་བྱས་ཡོད་པ་མ་རེད། ཡིན་ནའང་གོམ་བགྲོད་མུ་མཐུད་དུ་འགྲོ་ཡི་རེད། ཚོགས་པ་ཆེ་ཁག་གི་ངོས་ནས་མ་དངུལ་ཞིག་བསྡུས་ཡོད་པ་རེད། དེ་བཞིན་ཞལ་འདེབས་གནང་མཁན་བྱུང་ཡོད་པ་རེད་མོད། འགྲོ་སོང་ཆེ་རུ་འགྲོ་ཡི་ཡོད་པས་དཔལ་འབྱོར་གྱི་ཆ་ནས་དཀའ་ངལ་འཕྲད་རྒྱུའི་ཉེན་ཁ་ཡོད་ཙང་དཔལ་འབྱོར་འདུ་འགོད་ཞིག་ཀྱང་འགོ་འཛུགས་དགོས་པ་རེད་བསམ་གྱི་ཡོད་ཅེས་འགྲེལ་བརྗོད་གནང་སོང༌།།

དམེ་ཤུལ་ཐང་སར་དུ་དམ་དྲག་དང་འཇུ་བཟུང༌།

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། མདོ་སྨད་ཀན་སུའུ་ཞིང་ཆེན། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། བསང་ཆུ་རྫོང༌། དམེ་ཤུལ་ཤང༌། ཐང་སར་དགོན་གྱི་དགེ་འདུན་པས་གཙོས་སྒྱི་ཚང་དང་དམེ་རྒྱའི་སེར་སྐྱ་མང་ཚོགས་སྟོང་ཕྲག་ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང༌། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པར་བརྟེན་ཕྱི་ཟླ་༣ ཚེས་༡༨ ཉིན་ནས་རྒྱ་གཞུང་གིས་གྲྭ་པ་༢༣ དང་མི་མང་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་ལས་གྲྭ་པ་༢༢ ཙམ་ཕྱི་ཟླ་༤ ཚེས་༡༣ ཉིན་གློད་བཀྲོལ་བཏང་ཡོད་འདུག་པ་ལས་མི་༩ ལ་དངུལ་ཆད་རྒྱ་སྒོར་༥༠༠ རེ་བཅད་ཡོད་འདུག

གཞན་ཡང་དགོན་པའི་ལས་སྣེ་སོགས་ཀྱིས་སྣེ་ཁྲིད་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དང་ས་རྟགས་བསྡུ་རུབ་དགོས་སྐོར་སོགས་རྒྱ་གཞུང་གིས་བཙན་བཀའ་རབ་དང་རིམ་པ་བཏང་བ་མ་ཟད། དགོན་པར་སྔོག་བཤེར་ཐེངས་ཁ་ཤས་བྱས་པ་དང༌། ཤང་སྲིད་གཞུང་གཏོར་སྐྱོན་གཏོང་མཁན་དང་ལས་འགུལ་གཙོ་བོ་སྤེལ་མཁན་དགོན་པའི་གྲྭ་པ་རྣམས་ཡིན་སྐད་ཀྱིས་དགོན་པའི་གྲྭ་པ་མི་རེ་ངོ་རེ་ནས་རྒྱ་སྒོར་༢༠༠༠ རེ་སྤྲད་དགོས་སྐོར་སོགས་བཤད་པ་དང༌། དགོན་གྲོང་རྣམས་སུ་དམག་མིས་མཐའ་བསྐོར་བ་བཅས་ལ་བརྟེན་ནས་འཆར་ཅན་དགོན་པའི་གསང་འདུས་བདུན་སྒྲུབ་སོགས་ཚུགས་མ་ཐུབ་པ་ཆགས་ཡོད་འདུག སྤྱིར་དགོན་པ་དེར་ནམ་རྒྱུན་གྲྭ་པ་༡༡༠ ཙམ་ཡོད་འདུག ད་ལྟའི་གནས་སྐབས་སུ་ཛ་དྲག་ཤོས་ནི་ཁ་སྔོན་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ནས་ཕྱི་རྒྱལ་གྱི་གསར་འགོད་པའི་མདུན་དུ་གསལ་བཤད་བྱེད་མཁན་གྲས་དམེ་ཤུལ་སྟོད་ནས་ཡིན་པ་བླ་བྲང་བཀྲ་ཤིས་འཁྱིལ་རྒྱུད་སྟོད་པ་གྲྭ་ཚང་གི་གྲྭ་གྲགས་པ་ཉིན་ཤས་སྔོན་འཛིན་བཟུང་བྱས་ཏེ་གང་དུ་ཁྲིད་མིན་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།།

པ་སངས་དངོས་གྲུབ་འཛིན་བཟུང༌།

    གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕ་ཡུལ་མལ་གྲོ་གུང་དཀར་རྫོང་འབྲི་གུང་ཀླུང་ཤོད་ནས་ཡིན་པ་ཕ་བློ་བཟང་བཟོད་པ་དང༌། མ་ཨ་ཏོ་གཉིས་ཀྱི་བུ་པ་སངས་དངོས་གྲུབ་ཕྱི་ཟླ་༣ ཚེས་༡༤ ཉིན་གྱི་ཞི་རྒོལ་ནང་མཉམ་ཞུགས་བྱས་རྗེས་ཉེ་སྔོན་ད་ལྟའི་སྡོད་གནས་ལྷ་ས་ཀརྨ་ཀུན་བཟང་ནས་འཛིན་བཟུང་གིས་ད་ལྟ་གང་དུ་ཁྲིད་ཡོད་མེད་ནང་མི་སུས་ཀྱང་ཤེས་རྟོགས་མེད་པར་བརྟེན་ནང་མི་བུ་ཕྲུག་རྣམས་ཤིན་ཏུ་བློ་འཚབ་ཀྱིས་ཁོང་དང་ཁོང་འདྲ་བའི་བོད་མི་རྣམས་སྐྱབས་ཐབས་གནང་རོགས་ཞེས་ཞུ་བཞིན་ཡོད་འདུག

    ཡང་ཁོང་དང་ཕ་མ་གཅིག་པའི་སྤུན་མཆེད་རྒན་པ་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་ཚེ་འཕེལ་ཡང་ཞི་རྒོལ་ནང་མཉམ་ཞུགས་བྱས་རྗེས་ཐོག་མར་འབྲི་གུང་སྤང་མདའ་ཕུ་ཡི་རི་ལ་བྲོས་ནས་གབ་ཡོད་ཀྱང་ད་ལྟ་གང་དུ་ཡོད་མེད་ནང་མིས་ཀྱང་ཤེས་རྟོགས་མེད་པ་དང༌། གལ་སྲིད་ཁོང་རྒྱ་མིའི་ལག་ཏུ་ཚུད་པ་ཡིན་ན་ཉེན་ཁ་ཆེན་པོ་འཕྲད་རྒྱུ་ཡིན་འདུག ཁོང་ཐོག་མར་འབྲི་གུང་མཐིལ་དགོན་པའི་གྲྭ་པ་ཡིན་པ་དང༌། ༡༩༨༠ ནང་ལྷ་སར་ཞི་རྒོལ་ལ་ཞུགས་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་མི་ལོ་༥ ལ་ཁྲིམས་ཐག་བཅད་དེ་བཙོན་འཇུག་བྱས་རྗེས་གློད་བཀྲོལ་བྱས་ཡོད་ནའང་ཁོང་ནད་གཅོང་ཆགས་ཡོད་པ་དང༌། རྒྱ་གཞུང་ནས་ཀྱང་རྒྱུན་དུ་དོགས་ཟོན་བྱེད་བཞིན་ཡོད་འདུག སྤྱིར་བཏང་ད་ལྟ་ཚོང་ལས་ཙག་ཙིག་གཉེར་ཏེ་ལྷ་སར་སྡོད་མཁན་ཞིག་ཡིན་པ་རེད།།

བལ་ཡུལ་དུ་ཞི་བའི་གོམ་བགྲོད།

ཟླ་འདིའི་ཚེས་༡༦ ཉིན་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག་བལ་ཡུལ་འཇོ་ལ་ཁེལ་ནས་ཞི་བའི་གོམ་བགྲོད་ཅིག་བྱས་ཡོད་པ་དང༌། ཉེ་ཆར་བོད་དུ་མི་གསོད་དྲག་སྤྱོད་ཀྱི་དོན་རྐྱེན་དང༌། རྒྱ་ནག་ཏུ་ས་ཡོམ་གྱི་འཇིགས་པའི་གནོད་འཚེ། གཞན་ཡང་འབར་མར་ཆུ་ལོག་གི་དཀའ་ངལ་སོགས་མི་ཧ་ཅང་མང་པོའི་ཚེ་སྲོག་ཤོར་ཡོད་པ་དག་གི་ཆེད་དུ་འཇོ་ལ་ཁེལ་ནས་འཕགས་པ་ཤིང་ཀུན་བར་ཞི་བའི་གོམ་འགྲོད་བྱས་ཏེ་འཕགས་པ་ཤིང་ཀུན་ཏུ་སླེབས་མཚམས་སུ་གསོལ་འདེབས་སྨོན་ལམ་དང་མཆོད་འབུལ་བྱེད་རྒྱུའི་འཆར་གཞི་ཡོད་རུང་གོམ་འགྲོད་དངོས་སུ་འགོ་བཙུགས་ཏེ་སྤྱི་ལེ་ཁ་ཤས་ལས་མ་སོང་བར་བལ་ཡུལ་གྱི་ཉེན་རྟོག་པས་བཀག་འགོག་བྱས་སོང༌། གོམ་འགྲོད་པ་དག་གིས་ངག་བཅད་དང༌། མིག་རས་ནག་པོ་བཅིངས་ནས་ལས་འགུལ་སྤེལ་སྐབས། བལ་གཞུང་གིས་ཆོས་ཕྱོགས་ཀྱི་ལས་འགུལ་ཞིག་ལ་ངོས་འཛིན་མ་བྱས་པར་འཛིན་བཟུང་བྱེད་དགོས་ཀྱི་བཀའ་ཕབ་པ་བཞིན་མི་ཁ་ཤས་ཤིག་བཟུང་ནས་རླངས་འཁོར་ནང་བླུགས་རུང་མི་མང་པོ་ཞིག་རླངས་འཁོར་འཁོར་ལོའི་འོག་ཏུ་ཉལ་ཏེ་རླངས་འཁོར་འགྲོ་མ་བཅུག་པས་འཛིན་བཟུང་མཚམས་འཇོག་བྱས་ཡོད། དེར་ཉེན་རྟོག་པས་མི་མང་པོ་ཞིག་ལ་རྡུང་རྡེག་བྱས་རྐྱེན། མི་མང་གིས་གོམ་འགྲོད་དེ་ཞི་བའི་སྐད་འབོད་ཀྱི་ངོ་བོར་འགྱུར་བ་དང༌། ལས་འགུལ་བའི་ཁྲོད་ནས་ཉེན་རྟོག་པར་ཡ་ལན་སློག་མཁན་ཅུང་ཙམ་བྱུང་ཡོད་པ་རེད། དེ་རྗེས་ཉེན་རྟོག་པས་མི་མང་རྣམས་ཕྱིར་འཇོ་ལ་ཁེལ་དུ་ལོག་དགོས་པའི་རེ་སྐུལ་ཞུས་ཏེ། གོམ་བགྲོད་པ་ཕྱིར་ལོག་བྱས་ཡོད་པ་རེད། འཇོ་ལ་ཁེལ་དུ་སླེབས་མཚམས་སུ་མི་མང་འདུ་འཛོམས་ཐོག གཞོན་ནུའི་ཚོགས་གཙོ་གྲགས་པ་བསྟན་འཛིན་ལགས་ཀྱིས་གོམ་འགྲོད་མཇུག་སྡོམ་གྱི་གསུང་བཤད་དང༌། ཕྱིས་སུ་བོད་པའི་ཞི་བའི་ལས་འགུལ་སྐབས་ཁྲིམས་འགལ་བྱེད་མི་རུང་བའི་སློབ་གསོ། མིག་ལ་རས་ནག་པོ་བཅིངས་པ་དེ་བོད་དུ་མི་གསོད་དྲག་སྤྱོད་བྱས་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟ་རྟོགས་མེད་པའི་མཚོན་རྟགས་ཡིན་ཚུལ་སོགས་གསུངས་སོང༌། དེ་ནས་ཆུ་ཚོད་གཅིག་གི་རིང་དེར་མ་ཎི་གསོག་བསྒྲུབས་བྱས། དེའི་དགོང་མོར་བལ་ཡུལ་གྱི་བརྙན་འཕྲིན་ནང་ཉེན་རྟོག་པས་མི་མང་ཉེས་རྡུང་བཏང་བ་སོགས་ཅི་ཡང་མ་བསྟན་ཡང༌། ལས་འགུལ་བས་ཉེན་རྟོག་པར་ཡ་ལན་སློག་པ་རྣམས་ཆེད་དམིགས་ཀྱིས་གསལ་སྟོན་བྱས་ཡོད་པ་རེད།། བལ་ཡུལ་གསར་འགོད་པས།

ྋགོང་ས་མཆོག་དང་དབྱིན་ཡུལ་སྲིད་བློན་གཉིས་མཇལ་འཕྲད།

ཟླ་འདིའི་ཚེས་༢༣ ཉིན་ྋགོང་ས་མཆོག་གིས་གསར་འགོད་པའི་དྲི་བ་ཞིག་ལ་བཀའ་ལན་གནང་སྐབས། བོད་རྒྱ་གཉིས་ཀྱི་སྐུ་ཚབ་བར་གྱི་གྲོས་མོལ་དེ་གལ་སྲིད་ལམ་ལྷོང་མ་བྱུང་ན། བོད་ནང་དུ་ཡང་བསྐྱར་ཉེན་ཚབས་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རིགས་འབྱུང་སྲིད་པ་ཞིག་ཡིན་སྐོར་དང༌། ཕྱོགས་གཉིས་དབར་གྱི་སྐུ་ཚབ་ཀྱིས་ཕྱི་ཟླ་༦ ཚེས་༡༡ ཉིན་འབྲེལ་མོལ་ཐེངས་བདུན་པ་དངོས་སུ་གནང་རྒྱུ་རེད། རྒྱ་ནག་གཞུང་གིས་བོད་རྒྱ་གཉིས་བར་གྱི་གྲོས་མོལ་དེ་འདི་ལོ་ཕྱི་ཟླ་༨ པའི་ནང་གི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་མ་འཚོག་པའི་བར་དུ་མུ་མཐུད་རྒྱུ་ཡིན་ནམ། ཡང་ན་དེ་རྗེས་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཡིན་པ་ཁ་གསལ་མི་འདུག་ཅེས་བཀའ་ལན་གནང་ཡོད་པའི་གནས་ཚུལ་གསར་ལམ་ཁག་ཏུ་སྤེལ་འདུག

    གསར་འགྱུར་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༢ ཉིན་དབྱིན་ཡུལ་གྲོས་ཚོགས་ཀྱི་ཕྱི་དྲིལ་ལས་དོན་ལྷན་ཁང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ནས་ྋགོང་ས་མཆོག་གདན་འདྲེན་གྱིས་བོད་ཀྱི་གནད་དོན་ཐོག་ཉན་ཞིབ་ལྷན་ཚོགས་ཤིག་བསྐོང་འཚོག་གནང་ཡོད་པ་དང༌། དེའི་ཐོག་དབྱིན་ཡུལ་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ད་ལྟ་བོད་རྒྱ་གཉིས་བར་གྱི་སྐུ་ཚབ་ཐུག་འཕྲད་དེ་རྒྱ་ནག་ཏུ་འཚོག་རྒྱུའི་ཨོ་ལིམ་ཕིག་རྩེད་འགྲན་ལམ་ལྷོང་ཡོང་ཆེད་ཙམ་ལས། དོན་དམ་པའི་གྲུབ་འབྲས་ཤིག་ཡོང་རྒྱུ་ཡིན་ནམ་ཞེས་ྋགོང་ས་མཆོག་ལ་བཀའ་འདྲི་ཞུ་སྐབས། མགོན་པོ་གང་ཉིད་ཀྱིས་གཅིག་ནི་རྒྱ་ནག་གིས་ཨོ་ལིམ་ཕིག་གི་རྩེད་འགྲན་ལ་དམིགས་ཏེ་ཁོང་གི་སྐུ་ཚབ་དང་ཕྱི་ཚུལ་ཙམ་གྱིས་གནས་སྟངས་ཡང་ཡོང་སྲིད་པ་ཞིག་ཡིན་ལ། གཞན་ནས་རྒྱ་ནག་གིས་བོད་ནང་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་བཏང་ཡོད་ནའང༌། བོད་མི་ཚོས་རྒྱ་ནག་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། དེ་འདྲའི་གནས་སྟངས་ཤིག་ཡོང་དགོས་དོན་གང་ཡིན་ནམ། རྒྱ་ནག་གཞུང་གིས་དེ་ཚོར་ཉམས་ཞིབ་ནན་ཏན་གནང་སྟེ། མི་རིགས་ཁག་འདྲ་མཉམ་དང་ཐོབ་ཐང་གཅིག་མཚུངས་ཀྱིས་ཕན་ཚུན་ཤེས་རྟོགས་དང༌། བརྩི་བཀུར་བྱས་ན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་འབོད་སྐུལ་གནང་བའི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་རྒྱུ་ཡང་ལམ་ལྷོང་ཡོང་རྒྱུ་ཞིག་ཡིན་པ་མ་ཟད། བོད་རྒྱ་བར་གྱི་གྲོས་མོལ་ལ་ཡང་གྲུབ་འབྲས་ཐོན་སྲིད་པ་ཞིག་རེད་ཅེས་བཀའ་ལན་གནང་ཡོད་འདུག

    ཕྱི་ཚེས་༢༠ ཉིན་དབྱིན་ཡུལ་གྱི་རྒྱྟྤཔྱྣསྣྲྣརྡདྲྤཎརྣ ཞེས་པའི་གཙུག་ལག་སློབ་གཉེར་ཁང་གིས་ྋགོང་ས་མཆོག་ལ་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ་ཡོད་པ་དང༌། དེ་བཞིན་ྋགོང་ས་མཆོག་ཐེངས་འདིར་དབྱིན་ཡུལ་དུ་ཆིབས་བསྒྱུར་གནང་བ་དང་སྟབས་བསྟུན་ནས་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པ་དང༌། གྲོས་ཚོགས་འཐུས་མི། དེ་མིན་གྱི་དཔོན་རིགས་སོགས་ལ་མཇལ་འཕྲད་དང༌། མི་མང་ལ་ལེགས་ཉེས་བླངས་དོར་བཀའ་སློབ་གནང་བ་སོགས་ཀྱིས་མཛད་ཕྲིན་སྐྱོང་བཞིན་ཡོད་པ་རེད།།

དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་བྱས་པ་དངོས་སུ་མཐོང་ཐོས།གཞོན་སྐྱེས་ཁ་ཤས་ཤིག་གིས་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་རྟོགས་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ལ་ང་ཚོའི་གནས་ཚུལ་རྣམས་ཞུ་ས་རག་ན་ཞུ་རོགས་ཟེར་ནས་ལན་སྐུར་སོང༌།ཉེ་ཆར་ཁམས་དཀར་མཛེས་ནས་ཕེབས་པའི་སྐུ་ཞབས་ཞིག་གིས་རང་ཉིད་ཕ་ཡུལ་དུ་ཡོད་སྐབས་མིག་གིས་མཐོང་བ་དང་ཐོས་པ་ཇི་བཞིན་བརྗོད་པའི་གནས་ཚུལ་ཁུངས་ལྡན་བལ་ཡུལ་དུ་བོད་ཀྱི་གསར་འགོད་པ་རྣམས་ལ་འགྲེལ་བརྗོད་བྱས་སོང༌། ཁོང་གིས་གསུངས་དོན། ཐོག་མར་དཀར་མཛེས་རྫོང་དུ་གྲྭ་པ་བཅུ་ཐམ་པས་ངོ་རྒོལ་གནང་ཡོད་པ་རེད། དེ་ནས་བཙུན་མ་གསུམ་དང་ཕོ་སར་གསེར་དགའ་ཟེར་བ་ཞིག་གིས་ངོ་རྒོལ་བྱས་ཡོད་པ་རེད། ང་ཁྲོམ་དུ་ཕྱིན་སྐབས་ཞི་བའི་སྐད་འབོད་བྱས་ཚར་ཙམ་ཡིན་པ་དང༌། ཤོག་གུ་ཆུང་ཆུང་ཤ་སྟག་ལ་བྲིས་པའི་ཡིག་ཆ་བཀྲམ་པ་རྣམས་རྒྱ་མིའི་དམག་མིས་འཕྱག་བཞིན་འདུག ཡི་གེའི་ནང་གང་བྲིས་པ་ངས་མིག་གིས་མཐོང་མ་སོང་མོད། གཞན་གྱིས་བཤད་པ་ལྟར་ན་ྋརྒྱལ་བ་རིན་པོ་ཆེ་མགྱོགས་པ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་བྲིས་འདུག་ཟེར། དམག་མིས་ཕྱོགས་གང་སར་བཀག་པ་དང༌། བུ་གསེར་དགའ་ཡི་ཁྲག་རེད་ཟེར་བའི་ཁྲག་གང་སར་འཐོར་འདུག བཙུན་མ་གསུམ་དང་གསེར་དགའ་བཅས་ལ་བརྡུངས་ནས་འགུལ་བསྐྱོད་བྱེད་རྒྱུ་མེད་པར་བྱས་རྗེས། རླངས་འཁོར་ནང་དོ་བོ་བླུགས་སྟངས་བྱས་ནས་ཁྱེར་སོང་བས་ཤི་ཡོད་མེད་མི་ཤེས། གྲྭ་བཙུན་རྣམས་ཀྱིས་སྐད་འབོད་བྱེད་སྐབས་རྒྱ་དམག་གིས་འགྲམ་རྩ་ལ་རྡོག་རྫིས་བྱས་པ་དང་ཁ་ནང་དུ་འགྱིག་སྦུག་གཏོང་གི་འདུག དེ་བཞིན་ད་ལྟའི་བར་ཉིན་རེ་བཞིན་ངོ་རྒོལ་དང་འཛིན་བཟུང་བྱེད་བཞིན་ཡོད། གྲྭ་བཙུན་བརྒྱ་ལྷག་འཛིན་བཟུང་བྱས་འདུག མི་སྐྱ་ག་ཚོད་འཛིན་བཟུང་བྱས་པ་མི་ཤེས་ཅེས་དང༌། ཡང་ཁོང་གིས་མུ་མཐུད་གསུངས་དོན། ས་ཁུལ་གང་སར་དམག་མི་བཅུ་དང་ཉི་ཤུ་རེ་ཙམ་མཉམ་འགྲོ་བྱེད་བཞིན་ལག་ཏུ་མེ་མདའ་དང༌། རྡུང་རྡེག་བྱ་བྱེད་ཀྱི་ལག་ཆ་འདྲ་མིན་ཁྱེར་ནས། གྲྭ་བཙུན་རྣམས་ཡར་མར་ལ་འགྲོ་བ་མཐོང་ཚེ། དམག་མིས་མེ་མདའི་ཁ་ཚུར་གཏད་ནས་དོགས་པ་ཧ་ཅང་བྱེད་ཀྱི་འདུག ང་ཡར་ཡོང་ཁར་གཉེན་ཉེ་འབྲེལ་ཡོད་ཚོ་དང་གྲོང་རོགས་རྣམས་ཀྱིས་ཁྱེད་རང་ནི་རང་དབང་ལུང་པར་འགྲོ་ཆོག་གི་ཡོད་པས་བསོད་ནམས་རེད། ང་ཚོ་ལ་ནི་རང་དབང་མེད་ལ། སྙིང་ལ་ན་ཟུག་ཆེན་པོ་འདུག་ཟེར། གཞོན་སྐྱེས་ཁ་ཤས་ཤིག་གིས་ཕྱི་རྒྱལ་ནང་འགྲོ་བ་མིའི་ཐོབ་ཐང་ལ་ལྟ་རྟོགས་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཟེར་བ་ཞིག་ཡོད་པ་དེར་ང་ཚོའི་གནས་ཚུལ་རྣམས་ཞུ་ས་རག་ན་ཞུ་རོགས་ཟེར་ནས་ལན་བསྐུར་སོང༌། གྲྭ་བཙུན་རྣམས་ཧ་ཅང་བློ་ཁོག་ཆེན་པོ་འདུག གཅིག་བྱས་ན་ཕོ་རྒོད་པ་མ་རེད་འུ་ཐུག་པ་རེད་ཟེར་བའི་དཔེ་ལྟར་ཚང་མར་རང་དབང་མེད་ནས་འུ་ཐུག་ཚེ་སོ་སོའི་སྲོག་ལ་འཛེམས་ཀྱི་མ་རེད། རྒྱ་གཞུང་གིས་ཉིན་ལྟར་ྋགོང་ས་མཆོག་ལ་མཚན་སྨོད་ཞུ་གི་ཡོད་ཙང་བཟོད་སྒོམ་མ་ཐུབ་ནས་སྲོག་འབེན་ལ་བཙུགས་དགོས་དོན་དེ་རེད་ཟེར། གཞན་སྟོང་འཁོར་དགོན་པ་ཡོད་སའི་ས་ཁུལ་དུ་མི་མང་པོ་ཞིག་རིའི་སྒང་ལ་བྲོས་བྱོལ་དུ་ཕྱིན་ཡོད་པ་རེད། དམ་དྲག་ཧ་ཅང་ཆེན་པོ་འདུག་ཟེར་ཡང་ང་དེར་སླེབས་མ་སོང༌། དཀར་མཛེས་རྫོང་དུ་མི་འཛིན་བཟུང་བྱས་པ་ཁ་ཤས་གློད་བཀྲོལ་བྱས་འདུག་ཀྱང་ཀླད་པ་ཐང་པོ་མེད་པ་ཆགས་འདུག

    བཙུན་མ་ཞིག་ངོ་རྒོལ་སྐད་འབོད་ལ་མ་སོང་བའི་སྔོན་དུ་ཕ་མ་མེད་ཀྱང་སྲུ་མོ་ལ་བཞག་པའི་ཡི་གེ་ཞིག་གི་ནང༌། རྒྱ་གཞུང་གིས་ྋརྒྱལ་བ་རིན་པོ་ཆེ་ལ་མཚན་སྨོད་བྱས་ནས་སེམས་ཀྱིས་བཟོད་ཀྱི་མི་འདུག ང་དགོན་པའི་ནང་དུ་བསྡད་ནས་ཁ་བཏོན་བྱས་ཀྱང་ཁ་བཏོན་ཡག་པོ་ཡོང་གི་མི་འདུག ང་ལ་སྒོར་༥༠༠ ལས་མེད། སྒོར་༥༠ གཞན་ལ་སྤྲོད་དགོས་ཡོད། ལྷག་མ་དེས་ང་ཤི་སོང་ན་མཆོད་འབུལ་བྱེད་རོགས་ཟེར་ནས་འཁོད་འདུག་ཟེར། རྒྱ་གཞུང་གིས་གསང་བའི་པར་ཆས་ཕྱོགས་གང་སར་བཞག་ཡོད་པ་རེད། རིམ་བཞིན་པར་ལ་བལྟས་ནས་འཛིན་བཟུང་བྱེད་ཀྱི་འདུག དབྱར་སྟོད་དགོན་པ་དང༌། སྤང་རི་སྣ་དགོན་པ་བཅས་རྒྱ་དམག་གིས་བསྐོར་ཡོད་པ་རེད། རྒྱ་གཞུང་གི་ལས་བྱེད་བཙུན་མའི་དགོན་པའི་ནང་དུ་སླེབས་ནས་ཤག་གི་ཁང་ཐོག་ཏུ་རྒྱ་གཞུང་གི་རྒྱལ་དར་བསྒྲེངས་དགོས་པ་དང་ཁྱེད་ཚོ་སྐད་འབོད་བྱེད་མཁན་ཚོའི་རྒྱབ་ནས་ངན་སྐུལ་བྱེད་མཁན་སུ་རེད། རྒྱ་ནག་གཞུང་བཀའ་དྲིན་ཆེན་པོ་ཡིན་ཟེར་དགོས་པ་དང༌། ྋགོང་ས་མཆོག་ལ་མཚན་སྨོད་ཞུ་དགོས་སྐོར་བསྐོང་ཚོགས་བྱེད་སྐབས། བཙུན་མ་ཚོས་རྒྱ་གཞུང་བཀའ་དྲིན་ཆེན་པོ་ཡིན་ཟེར་བ་ང་ཚོས་ལབ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན་ང་ཚོའི་དགོན་པ་བཞེངས་མ་ཐུབ་ནས་ལོ་ལྔ་ལྷག་ལ་ལུས་སྐབས་དངུལ་སྐར་གཅིག་གིས་རོགས་རམ་བྱས་མ་སོང༌། སྐད་འབོད་བྱེད་མཁན་ཚོ་དྭང་བླངས་བྱས་པ་ལས་སུས་ཀྱང་ངན་སྐུལ་བྱེད་མཁན་མེད་ཅེས་བཤད་ཡོད་པ་རེད། གཞན་ཁོང་ལྷ་སར་སླེབས་སྐབས་གྲྭ་བཙུན་གསུམ་ལས་མཐོང་མ་སོང༌། བར་སྐོར་ནང་ཚང་མ་སྒོ་བརྒྱབ་འདུག དེ་ནས་རྫོང་རེ་རེར་སླེབས་ཚེ་ས་རྟགས་དང་ཐོ་འགོད་བྱེད་དགོས་པ་དང༌། འགྲམ་དུ་སླེབས་ཚེ་ལྷ་སའི་སྐད་འབོད་སྐབས་བྲོས་སོང་བ་དག་གི་པར་སྦྱར་འདུག་པ་དེ་དག་ལ་བལྟས་ནས་གཟབ་གཟབ་བྱས་ནས་ཞིབ་གཤེར་བྱས་པ་སོགས་དམ་དྲག་ཧ་ཅང་ཆེན་པོ་འདུག་ཅེས་འགྲེལ་བརྗོད་གནང་སོང༌།

ཁོང་བརྒྱུད་སྨད་གྲྭ་ཚང་ནས་ཡིན་པ་དང༌། ཕྱི་ལོ་༢༠༠༦ ལོར་ཕ་ཡུལ་དུ་གཉེན་འཕྲད་ལ་ཕེབས་ནས་ཕྱི་ལོ་༢༠༠༨ ཟླ་༣ པའི་ཚེས་༡༨ ཉིན་དཀར་མཛེས་རྫོང་དུ་ཞི་བའི་སྐད་འབོད་བྱེད་སྐབས་ཁོང་ཕ་ཡུལ་དུ་བཞུགས་ཡོད་འདུག བལ་ཡུལ་གསར་འགོད་པས།    

སྨན་པ་བཟའ་མི་གཉིས་འཛིན་བཟུང༌།ཕྱི་ཟླ་༥ ཚེས་༧ ཉིན་གྱི་མཚན་མོ་ཆུ་ཚོད་༡༠ ཙམ་ལ་ལྷ་སའི་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་པ་གཡང་འཛོམས་དང༌། ཁོང་གི་བཟའ་ཟླ་ཤི་ལོག་གཉིས་འཛིན་བཟུང་བྱས་འདུག གཡང་འཛོམས་ནི་གྲོང་ཁྱེར་མི་དམངས་སྨན་ཁང་ནས་བགྲེས་ཡོལ་དུ་ཕྱིན་ཟིན་ཡང་མུ་མཐུད་སྨན་ཁང་དེར་ལས་ཀ་བྱེད་མཁན་ཞིག་ཡིན་པ་དང༌། དེ་བཞིན་ཁོང་གི་བཟའ་ཟླ་ཤི་ལོག་ཀྱང་བགྲེས་ཡོལ་ཟིན་ཏེ་སྐྱིད་རས་གྲོང་མི་ཨུ་ཡོན་ལྷན་ཁང་ཁོངས་སུ་འཚེམ་ལས་བྱས་ཏེ་སྡོད་ཀྱི་ཡོད་འདུག ཁོང་གཉིས་འཛིན་བཟུང་བྱེད་དོན་ནི། ཕྱི་ཟླ་གསུམ་པའི་ནང་ལྷ་ས་དང་ལྷ་སའི་ཉེ་འཁོར་གྲོང་གསེབ་ཁག་ཏུ་བོད་མིས་རྒྱ་གཞུང་ལ་ཞི་རྒོལ་བྱེད་སྐབས། རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་བོད་མི་མང་པོ་རྨས་ན་ཡང༌། རྒྱ་གཞུང་གིས་སྨན་བཅོས་མཐུན་རྐྱེན་སྤྲོད་ཀྱི་མེད་སྟབས། སྨན་པ་གཡང་འཛོམས་ལགས་ནས་ལྐོག་ཏུ་བོད་མི་རྨས་མ་ཚོར་སྨན་བཅོས་བྱས་པའི་ཉེས་མིང་འོག་ནས་འཛིན་བཟུང་བྱས་པ་དང་ཤི་ལོག་ལགས་ནི་བོད་ནང་གི་གནས་ཚུལ་ཕྱི་རྒྱལ་ལ་གཏོང་གི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག།

    མེ་སོར་ཁུལ་གྱི་ཉི་མ་ནག་པོའི་དུས་དྲན།

ཟླ་འདིའི་ཚེས་༢༣ ཉིན་བྷེལ་ཀོབ་ས་གནས་སུ་རྒྱ་ནག་གིས་༡༩༥༡ ལོའི་ཕྱི་ཟླ་༥ ཚེས་༢༣ ཉིན་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་བཙན་དབང་དང་འཇིགས་སྐུལ་འོག་མིང་རྟགས་བཀོད་ནས་ལོ་ངོ་༥༧ འཁོར་བའི་དུས་དྲན་སྲུང་བརྩི་བྱས་ཏེ་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད།

    དུས་དྲན་དེའི་ཐོག་སྐུ་མགྲོན་གཙོ་བོ་ས་གནས་གཞོན་ནུའི་སློབ་སྟོན་པ་རྒན་བློ་བཟང་རྡོ་རྗེ་ལགས་ཀྱིས་ཉི་མ་འདི་ལ་བོད་ཀྱི་རྒྱལ་རབས་ནང་ཉི་མ་ནག་པོར་འབོད་ཀྱི་ཡོད་པ་དང༌། ཉིན་འདིར་རྒྱ་ནག་གིས་ཁྲིམས་དང་ལམ་ལུགས་གང་དང་ཡང་མི་མཐུན་པའི་བཙན་བཀའ་སྡིག་སྐུལ་འོག་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པར་མིང་རྟགས་བཀོད་བཅུག་པ་རེད། དེ་ནས་བོད་རང་བཙན་གྱི་བདག་དབང་ཤོར་བ་སོགས་ཡ་ང་ཡིད་སྐྱོའི་གནས་ཚུལ་བྱུང་བ་སོགས་དུས་དྲན་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང༌། ས་གནས་གཞོན་ནུའི་ཚོགས་གཚོ་པདྨ་ཚེ་དབང་ལགས་ཀྱིས་ཀྱང་དུས་དྲན་དང་འབྲེལ་བའི་གསུང་བཤད་དང༌། དེ་བཞིན་དེང་སྐབས་བོད་ནང་གི་གནས་ཚུལ་སྔར་བཞིན་ཛ་དྲག་ཡིན་པ་དང༌། གཞིས་ལུས་བོད་མི་རྣམས་ཀྱིས་སྔར་བཞིན་སྙིང་སྟོབས་དང་ཆོད་སེམས་ཆེན་པོས་བོད་དོན་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད། ང་ཚོས་བོད་ནང་གི་གནས་ཚུལ་ཅི་བཞིན་མ་གོ་བ་ཙམ་གྱིས་ལས་འགུལ་ལྷོད་ཡངས་བྱེད་ཀྱི་མེད་པ་དང༌། སེམས་ཤུགས་ཆག་པའི་མངོན་རྟགས་མི་མང་དང་དགེ་འདུན་པ་ལས་འགུལ་ནང་ཉུང་དུ་ཕྱིན་པ་ནི་བློ་ཕམ་གྱི་གནས་ཚུལ་རེད། མ་འོངས་པར་སྔར་བཞིན་ལས་འགུལ་ནང་མཉམ་ཞུགས་དགོས་པའི་འབོད་སྐུལ་གནང་སོང༌། དེ་ཞིན་ཉི་དེར་ལས་འགུལ་གོ་སྒྲིག་བྱེད་མཁན་བྷེལ་ཀོབ་ས་གནས་གཞོན་ལྷན་དང༌། བུད་མེད། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་བཅས་ཀྱིས་མེ་སོར་དུ་རྒྱ་གར་ཀྱི་གསར་འགྱུར་བརྒྱུད་ལ་ཁག་ལ་དུས་དྲན་དང་འབྲེལ་བའི་གསར་འགོད་གསལ་བསྒྲག་ཞིག་ཀྱང་སྤེལ་ཡོད་པ་རེད།། མེ་སོར་གསར་འགོད་པས།

བོད་དོན་ཆེད་ཞི་བའི་གོམ་བགྲོད་ཆེན་མོ།

གོམ་བགྲོད་པ་རྣམས་བཀག་འགོག་དང་གོ་སྒྲིག་པ་རྣམས་འཇུ་བཟུང་བཀག་ཉར།

    ཟླ་འདིའི་ཚེས་༢༧ ཉིན་བོད་བར་དུ་ཞི་བའི་གོམ་བགྲོད་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ལྔ་སྟེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང༌། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བུ་མོ་ཚེ་རིང༌། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང༌། བོད་རང་དབང་སློབ་ཕྲུག་ཚོགས་པའི་བསྟན་འཛིན་ཆོས་དབྱིངས་བཅས་རྒྱ་གར་གཞུང་གིས་བཀག་ཉར་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ་ཕ་ཡུལ་དྲ་རྒྱའི་ཐོག་ཏུ་སྤེལ་ཡོད་པ་རེད།

    གསུམ་བཅུའི་དུས་དྲན་ཐེངས་༤༩ པ་སྟེ་ཕྱི་ཟླ་༣ ཚེས་༡༠ ཉིན་བཞུགས་སྒར་དྷ་ས་ནས་འགོ་འཛུགས་ཀྱིས་བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་མཁན་རྣམས་ཟླ་གཉིས་ལྷག་ཙམ་ལ་གོམ་བགྲོད་བྱས་ཏེ་བོད་དང་ཉེ་སའི་རྒྱ་གར་ཨུ་ཏུ་རན་ཅལ་མངའ་སྡེའི་བྷི་རི་ནཱག་ཏུ་འབྱོར་སྐབས། ཟླ་འདིའི་ཚེས་༢༤ ཉིན་རྒྱ་གར་གྱི་ཉེན་རྟོག་པས་གོམ་བགྲོད་བྱེད་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་དེ་གོ་སྒྲིག་འབྲེལ་མཐུད་པ་གཞོན་ལྷན་གྱི་ཚོགས་གཞོན་ཟུར་པ་བློ་བཟང་ཡེ་ཤེས་དང༌། གོམ་བགྲོད་པ་བསྟན་འཛིན་བརྩོན་འགྲུས་སོགས་མི་བཅུ་དགུ་འཛིན་བཟུང་བྱས་ཡོད་པ་རེད། རྗེས་སུ་ཁག་ཅིག་གློད་བཀྲོལ་བཏང་ཡོད་ནའང༌། བློ་བཟང་ཡེ་ཤེས་དང༌། བསྟན་འཛིན་བརྩོན་འགྲུས་གཉིས་གློད་བཀྲོལ་མ་བཏང་བས་ཁོང་གཉིས་ཀྱིས་ཆུ་ཡང་མ་འཐུང་བར་ཉིན་གསུམ་རིང་ཟས་བཅད་བྱས་པར་བརྟེན་བློ་བཟང་ཡེ་ཤེས་ལགས་གཟུགས་པོ་བདེ་ཐང་མ་བྱུང་བས། ཟླ་འདིའི་ཚེས་༢༦ ཉིན་ཁོང་གཉིས་ཀྱང་གློད་བཀྲོལ་བཏང་ཡོད་འདུག ད་ལྟ་གོམ་བགྲོད་བྱེད་དུ་མ་བཅུག་པར་ས་གནས་སུ་ཉེན་རྟོག་པ་ཧ་ཅང་མང་པོ་འབྱོར་ཏེ་གོམ་བགྲོད་པ་ཚང་མ་བཀག་འགོག་བྱས་ཡོད་པ་དང༌། ཚོགས་པ་ལྔའི་ཚོགས་གཙོ་རྣམས་རྒྱ་གར་ས་གནས་གཞུང་ལ་གོམ་བགྲོད་པ་བཀག་འགོག་བྱེད་མི་ཉན་པའི་རེ་འདུན་ཞུ་སར་འགྲོ་སྐབས་ཁོང་ཚོ་ཡང་བཀག་ཉར་བྱས་པ་ཞིག་རེད་འདུག

    གོམ་བགྲོད་དེ་དང་ཐོག་དྷ་ས་ནས་མི་བརྒྱ་ཡིས་འགོ་འཛུགས་བྱས་ཡོད་པ་དང༌། ཁོང་ཚོ་ཀང་ར་རྫོང་ནས་ས་གནས་ཉེན་རྟོག་པས་བཙོན་འཇུག་བྱས་རྗེས། མི་ལྔ་བཅུ་ཙམ་གྱིས་ས་གནས་དེ་རང་ནས་བསྐྱར་དུ་གོམ་བགྲོད་འགོ་འཛུགས་བྱས་ཡོད་པ་རེད། གོམ་བགྲོད་པ་རྣམས་ལྡི་ལིར་འབྱོར་མཚམས་ཉིན་ཁ་ཤས་ལ་མཚམས་འཇོག་བྱེད་དགོས་བྱུང་ཡོད་ནའང༌། རྗེས་སུ་སྔོན་མ་འཇུ་བཟུང་བྱས་པ་རྣམས་ཀྱང་ཁོང་ཚོའི་ནང་མཉམ་ཞུགས་བྱེད་ཐུབ་པ་མ་ཟད། སེར་སྐྱ་མི་མང་མཉམ་ཞུགས་བྱེད་མཁན་མང་དུ་སོང་ནས་ལྡི་ལི་ནས་འགྲོ་སྐབས་མི་སུམ་བརྒྱ་ཙམ་ཡོད་པ་རེད།།

སྨར་ཁམས་སུ་གྲྭ་པ་བཅོ་ལྔ་འཛིན་བཟུང༌།    

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་༥ ནང་སྨར་ཁམས་རྫོང་ཁོངས་འོད་ཟེར་དགོན་པ་དང་མཁན་ལུང་དགོན་པར། རྒྱ་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་སྐབས། དགེ་འདུན་པ་ཚོས་དང་ལེན་མ་བྱས་པར་བརྟེན་ཚེས་༡༢ ཉིན་ཉེན་རྟོག་པ་དང་དྲག་ཆས་དམག་མིས་མཁན་ལུང་དགོན་པའི་གྲྭ་བློ་གྲོས་དང༌། རྣམ་རྒྱལ། བུ་ཕྲུག འཇམ་དབྱངས་བློ་གྲོས། ཚེ་དཔག་རྣམ་རྒྱལ། སྐལ་བཟང་བཀྲ་ཤིས། འཇམ་ཕྲུག དབང་ཕྱུག བསྟན་པ་རྒྱལ་མཚན། པ་སངས་བཀྲ་ཤིས་བཅས་འཛིན་བཟུང་བྱས་པ་དང༌། ཚེས་༡༣ ཉིན་འོད་ཟེར་དགོན་གྱི་གྲྭ་བསྟན་འཛིན་ཚངས་པ་དང༌། བསྟན་འཛིན། རིག་ཡོང༌། ཆོས་རྒྱལ། བློ་བཟང་རྒྱལ་མཚན་བཅས་མགོ་བོར་རས་ནག་པོ་བཀབ་སྟེ་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག།

གསེར་རྟ་རྫོང་གི་གནས་ཚུལ་གསར་པ།

ཕྱི་ཟླ་༣ ཚེས་༡༨ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང༌། ཕུག་གུ་ཤང་ནས་རྒྱ་གཞུང་ལ་ཞི་རྒོལ་རྔམ་སྟོན་བྱས་རྗེས་ཉེན་ཡོལ་དུ་སོང་བའི་བླ་རྒྱ་སྡེ་བའི་རིགས་བདག་དང༌། སྨན་སྐྱབས། རོག་བཟའི་གོས་བསོ་གསུམ་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་མཁན་བྱུང་ཚེ་མི་རེར་སྒོར་ཁྲི་བཅུ་རེ་སྤྲད་རྒྱུ་ཡིན་སྐོར་དང༌། གཞན་ཡང་མགྱོགས་པོ་མགོ་མ་བཏགས་ཚེ་གསོད་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་བ་སོགས་བྱས་ཡོད་འདུག

    ཉེ་སྔོན་ཟླ་འདིའི་ཚེས་༡༦ ཡས་མས་སུ་འབྲེལ་ཡོད་རྫ་ཆུ་ཁའི་ཉེན་རྟོག་མི་སྣ་ཞིག་བརྒྱུད་ནས་ཁོང་གསུམ་གྱིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་མགོ་བསྒུར་ཡོད་ཀྱང་འཕྲལ་དུ་འཇུ་བཟུང་གིས་ད་ཆ་གར་ཡོད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གོང་གསལ་གྱི་མི་སྣ་གསུམ་ལ་ཉེ་ཆར་རྒྱ་གཞུང་གིས་ཉེ་སྔོན་ཞི་རྒོལ་ནང་མཉམ་ཞུགས་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་དང༌། དེ་བཞིན་ཟླ་༣ ཚེས་༢༠ ཉིན་སྙི་ཆུ་ཆུས་ཐོག་གི་དོན་རྐྱེན་སྐབས་རྨས་སྐྱོན་ཐེབས་པའི་ཚེ་ཤུལ་སྡེ་བའི་བསྟན་བཟང་ཚང་གི་གཟུངས་སྐྱབས་རང་ལོ་༤༢ ཡིན་པ་ཞིག་ཟླ་འདིའི་ཚེས་༢༤ ཉིན་སྙི་སྟོད་ནས་འཛིན་བཟུང་བྱས་ཡོད་འདུག ཡང་ཟླ་༣ ཚེས་༡༨ ཉིན་གསེར་རྟ་རྫོང་ཐོག་གི་དོན་རྐྱེན་ཁྲོད་ཞུགས་སྐོར་ལ་ཁག་དཀྲིས་ནས་ཟླ་འདིའི་ཚེས་༢༤ ཉིན་ཤོས་ཐལ་སྡེ་བའི་འབྲུག་པོའི་བཟའ་ཟླ་བུད་མེད་རང་ལོ་༣༠ ལོན་པ་ཞིག་རྫོང་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག དེ་བཞིན་གསེར་རྟ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་འགོ་གཙོ་གཞོན་པ་བོད་མི་གྲོས་པ་ཟེར་བ་ཞིག་གི་གོ་གནས་ཕབ་སྟེ་ད་ལྟ་ཧོར་ཤུལ་ཤང་གི་ལས་བྱེད་པར་མངགས་ཡོད་འདུག།

ཨ་མདོ་རྔ་བ་ཁུལ་གྱི་གནས་ཚུལ་གསར་པ།    

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན་རྔ་པ་རྫོང་ནགས་ཚང་མའི་དཔལ་རྩལ་སྐྱབསཞི་ཀ་ལོ། རང་ལོ་༥༨ ཕྱི་ཟླ་༤ ཚེས་༢༤ ཡས་མས་ཤིག་ལ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཤིང༌། བཙོན་ཁང་ནང་གཅར་རྡུང་དྲག་པོ་བྱས་མཐར་ཕྱི་ཟླ་༥ ཚེས་༢༤ ཉིན་འདས་གྲོངས་སུ་གྱུར་ཡོད་འདུག ཉེ་སྔོན་བཙོན་ཁང་ནང་མནར་གཅོད་བཏང་ནས་གྲོངས་ཟིན་པའི་བུད་མེད་ནེ་ཆུང་གི་ཁྱོ་གའི་བུ་ཆེ་བ་བཀྲ་ཁོ་དང༌། ཆུང་བ་ཆོས་པེ་གཉིས་ཀ་ནེ་ཆུང་གྲོངས་རྗེས་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་གཅར་རྡུང་དྲག་པོ་བྱས་ཤིང༌། བཀྲ་ཁོའི་རྐང་པ་གཉིས་ཀ་བཅག་ཡོད་པས་ད་ཆ་ཁྲིན་ཏུའུ་དམག་མིའི་སྨན་ཁང་ཞིག་ཏུ་ཡོད་འདུག་ནའང༌། ད་དུང་བཙོན་གྲོལ་ཐོབ་མེད་པ་དང༌། ཆུང་བ་ཆོས་པེ་རྔ་པ་རྫོང་གི་བཙོན་ཁང་དུ་ཡོད་ཚུལ་འདུག ཕྱི་ཟླ་༣ ཚེས་༡༦ ཉིན་གྱི་རྔ་པ་རྫོང་གི་སེར་སྐྱ་མི་མང་གིས་ཞི་བའི་ངོ་རྒོལ་བྱེད་སྐབས། སེ་དགོན་པའི་དགེ་འདུན་པ་མང་པོ་མཉམ་ཞུགས་བྱས་པར་བརྟེན། དགོན་པའི་ནང་དགེ་འདུན་པ་རྣམས་འདུ་འཛོམས་བྱེད་མ་བཅུག་པས་དགོན་པ་སྟོང་པར་ཆགས་ཡོད་འདུག རྔ་པ་ཀིརྟི་དགོན་གྱི་གྲྭ་ཀླུ་སྒྲུབ་དེ་སྔོན་ཕྱི་ཟླ་༣ པའི་ཟླ་མཇུག་ཏུ་འཛིན་བཟུང་བྱས་ཡོད་ནའང་ད་ཆ་གང་དུ་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པ་དང༌། ཕྱི་ཟླ་༥ ཚེས་༢༣ ཉིན་གྱི་མཚན་མོ་རྔ་པ་ཀིརྟི་དགོན་གྱི་གྲྭ་བློ་བཟང་རྡོ་རྗེ་དང༌། ཀུན་དགའ་གཉིས་འཛིན་བཟུང་བྱས་ཡོད་པ་རེད། རྔ་པ་ཀིརྟི་དགོན་དུ་སློབ་སྦྱོང་བྱེད་བཞིན་པ་རེབ་གོང་བློན་ཆེན་ནི་གུ་སྡེ་བ་ནས་ཡིན་པ་གྲྭ་འཇམ་དབྱངས་ཆོས་འཕེལ། རང་ལོ་༢༡ ཡིན་པ་ཁོང་ཕྱི་ཟླ་༣ ནང་རྔ་པ་ཀིརྟི་དགོན་ནང་ནས་འཛིན་བཟུང་བྱས་ཏེ་ཕྱི་ཟླ་༥ ནང་བཙོན་འཇུག་ཁྲིམས་ཐག་ལོ་གཅིག་དང་ཟླ་གསུམ་བཅད་ཡོད་འདུག རྒྱལ་གཅེས་སློབ་གསོ་ཟེར་བའི་ལས་འགུལ་ཁྲོད་ྋགོང་ས་མཆོག་ལ་མཚན་སྨད་ཞུ་རྒྱུ་སོགས་ཀྱི་ཡིག་ཆ་ལ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་མོས་མཐུན་གྱི་ས་ཡིག་མ་བརྒྱབ་པར་སློབ་གསོའི་ལས་འགུལ་སྤེལ་བའི་དུས་ཡུན་ཇེ་རིང་དང༌། ལས་བྱེད་ཚོའི་རྣམ་འགྱུར་ཇེ་རྩུབ་ཏུ་སོང་ཡོད་འདུག་ལ། ཉེ་འཁོར་གྱི་དགོན་པ་གཞན་དག་ཚོས་ཀྱང་ཀིརྟི་དགོན་པ་དང་གཅིག་མཚུངས་བྱས་ཡོད་འདུག།

    ཕྱི་ཟླ་༣ ཚེས་༡༥ ཉིན་མཛོད་དགེ་རྫོང་སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་ནས་རྒྱ་གཞུང་ལ་ཞི་རྒོལ་བྱས་པར་བརྟེན། དགེ་འདུན་པ་༢༤ འཛིན་བཟུང་བྱས་པའི་གྲས་ནས་བརྒྱད་གློད་གྲོལ་བཏང་ཡང༌། གཞན་༡༦ ས་གནས་གང་ཞིག་ཏུ་བཙོན་འཇུག་བྱས་ཡོད་མེད་སུས་ཀྱང་ཤེས་རྟོགས་ཐུབ་མེད། ད་བར་ཉིན་གྲངས་བདུན་ཅུའི་རིང་དགོན་པ་དེར་རྒྱལ་གཅེས་སློབ་གསོ་ཟེར་བའི་ལས་འགུལ་ཤ་སྟག་སྤེལ་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཐུབ་ཀྱི་མེད་ལ། ད་ཆ་རྒྱ་གཞུང་གིས་ཞི་བའི་ངོ་རྒོལ་ཁྲོད་ཞུགས་མཁན་ཡིན་པར་ངོས་འཛིན་བྱས་པའི་དགེ་འདུན་པ་༡༩༠ ཙམ་མ་གཏོགས་གཞན་རྣམས་ཚོགས་འཚོག་ཆོག་ཚུལ་བརྗོད་པར། དགོན་པའི་ནང་གི་དགེ་འདུན་པ་ཚང་མར་ཐོབ་ཐང་གཅིག་མཚུངས་དགོས་པ་དང༌། སྐྱིད་སྡུག་གཅིག་ཡིན་ཚུལ་བརྗོད་དེ་ངོས་ལེན་མ་བྱས་པར་ངོ་རྒོལ་གྱི་རྣམ་པས་ཚོགས་སོགས་འཚོགས་ཀྱི་ཡོད་མི་འདུག རྒྱ་གཞུང་གི་ལས་བྱེད་དང་ཉེན་རྟོག་པ་ཚོས་ད་ལོ་རྔ་པ་རང་སྐྱོང་ཁུལ་གྱི་ཁོངས་སུ་བོད་མིའི་ངོ་རྒོལ་ལས་འགུལ་གྱི་འགོ་དང་པོ་དེ་སྟག་ཚང་ལྷ་མོ་ཀིརྟི་དགོན་པས་བརྩམས་སོང་ཞེས་ནག་ཉེས་གཞན་ལས་ཆེ་བར་རྩི་བཞིན་པ་མ་ཟད། ས་གནས་ཀྱི་གཞུང་འབྲེལ་གསར་ཤོག་སོགས་སུའང་གནས་ཚུལ་དེ་བཞིན་སྤེལ་ཏེ་སྐྱོན་བརྗོད་བྱས་ཡོད་འདུག།

དཀར་མཛེས་རྫོང་ཐོག་ཏུ་མུ་མཐུད་ཞི་རྒོལ།    

ཟླ་༥ ཚེས་༢༠ ཉིན་ཏྲེ་ཧོར་དར་རྒྱས་ཉ་རྒྱས་བཙུན་དགོན་གྱིས་བཙུན་མ་རི་མདའ་གྲོང་ཚོ་ནས་ཨ་ཆོས་དང༌། ལམ་སྣ་གྲོང་ནས་བཙུན་མ་བསོད་ཆོས་སྐྱིད། སྣོད་ཁབ་གྲོང་ནས་བཙུན་མ་བཀྲ་དགའ་གསུམ་ནས་ཞོགས་པ་ཆུ་ཚོད་དང་པོའི་ཐོག་དར་རྒྱས་ནས་མགོ་བརྩམས་ཏེ་དཀར་མཛེས་རྫོང་ཐོག་བར་ཀི་ལོ་མི་ཊར་༢༠ ལྷག་ཞིག་ལ་ཞི་བའི་གོམ་བགྲོད་བྱས་ནས་དཀར་མཛེས་ཐོག་ཏུ་འབྱོར་སྐབས་མི་མང་འདུ་འཛོམས་ཆེ་སར་བོད་དོན་སྐད་འབོད་བྱས་པར་བརྟེན། རྒྱ་དམག་ནས་འཛིན་བཟུང་བྱས་ནས་ད་ལྟ་གང་དུ་ཡོད་མེད་སོགས་གནས་ཚུལ་གསལ་རྟོགས་བྱུང་མེད་འདུག ཟླ་༥ ཚེ༢༠ ཉིན་ལྷོ་པ་ཤང་ཕུན་ཡུལ་ནང་རྩག་ལེབ་གྲོང་ཚོ་ནས་ཡིན་པ། གྲྭ་བློ་དབྱངས་དང༌། ཕར་རིང་ཚང་གི་གྲྭ་བསྟན་འཛིན་དངོས་གྲུབ་གཉིས་ཀྱིས་དཀར་མཛེས་རྫོང་ཐོག་ཏུ་བོད་དོན་སྐད་འབོད་བྱས་པར་བརྟེན་འཛིན་བཟུང་བྱས་ཡོད་འདུག ཕར་རིང་ཚང་ཚེ་རིང་འགྱུར་མེད་ནས་ཀྱང་སྔར་ཕྱི་ཟླ་༣ ཚེས་༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་མཉམ་ཞུགས་བྱས་འདུག ཟླ་༥ ཚེས་༢༢ ཉིན་ཏྲེ་ཧོར་དཀར་མཛེས་རྫོང་ངོ་ཤང་གྲོང་ཚོའི་རྫོང་ལུ་ཚང་ནས་ཡིན་པ་བུ་མོ་བསྟན་དགའ་དང༌། ལྷོ་པ་ཤང་གྲོང་ཚོ་བཞི་པའི་ཇ་མ་ཚང་ནས་ཡིན་པ་བཙུན་མ་རིན་ཆེན། ལྷོ་པ་ཤང་གྲོང་ཚོ་ལ་སྒང་སྟེང་ནས་ཡིན་པ་བཙུན་མ་པདྨ་བཅས་ཀྱིས་བོད་དོན་སྐད་འབོད་བྱས་པར་བརྟེན་འཇུ་བཟུང་བྱས་ཡོད་འདུག ཟླ་༥ ཚེས་༢༣ ཉིན་དར་རྒྱས་ཧར་བསྡུ་བཙུན་དགོན་གྱི་བཙུན་མ་ས་འདུ་གྲོང་ནས་ཡིན་པ་བཙུན་མ་བྱམས་པ་ལྷ་མོ་དང༌། གྲོང་ཚོ་ལྷ་ཉི་ངན་ནས་ཡིན་པ་བཙུན་མ་རིན་འཛིན་དབང་སྒྲོན་གཉིས་ཀྱིས་བོད་དོན་སྐད་འབོད་བྱས་པར་བརྟེན་འཇུ་བཟུང་བྱས་ཡོད་པ་བཅས་ཀྱི་གནས་ཚུལ་དྷ་ས་ཏྲེ་ཧོར་སྐྱིད་སྡུག་ནས་མཁོ་སྤྲོད་བྱས་སོང༌།།

Share this:
༡༣༠ ཀློག་གྲངས།