ཕྱི་ཟླ་བཞི་པ།

ཁྱེད་ཚོས་ཡིད་ཆེས་མ་གནང་ཞེས་པ་སོགས་གསར་འགོད་པར་བརྗོད་མ་ཐག། རྒྱ་ནག་གཞུང་གི་ཉེན་རྟོག་དམག་མི་ཡོང་ནས་དགེ་འདུན་པ་རྣམས་བཙན་ཁྲིད་བྱས་ཡོད་ པའི་གནས་ཚུལ་དང༌། འདྲ་པར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཞེས་པའི་དཔོན་རིགས་པདྨ་འཕྲིན་ལས་ཀྱིས་དགེ་འདུན་པ་དེ་ ཚོར་ཉེས་པ་གང་ཡང་ཕོག་རྒྱུ་མིན་སྐོར་བརྗོད་ཡོད་ནའང༌། ད་ལྟ་ཁོང་ཚོའི་གནས་སྟངས་གསལ་ཁ་གང་ཡང་བསྟན་མེད་པས་བོད་རིགས་ཡོངས་ཀྱིས་ཁོང་ ཚོའི་བདེ་འཇགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།
    ཕྱི་ཟླ་༣ ཚེས་༢༩  ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཡོད་པའི་དབྱིན་ཡུལ་དང༌། ཨ་རི། ཉི་ཧོང༌། ཨོ་སི་ཊི་ལི་ཡ་སོགས་རྒྱལ་ཁབ་བཅོ་ལྔ་ཙམ་གྱི་ཕྱི་འབྲེལ་སྐུ་ཚབ་བཅུ་བདུན་ཙམ་ གྱིས་ལྷ་སར་གཟིགས་སྐོར་གནང་སྐབས། ཕྱི་དྲོའི་ཆུ་ཚོད་༢ ཙམ་རྭ་མོ་ཆེའི་གཙུག་ལག་ཁང་དང༌། ཁྲོམ་གཟིགས་ཁང༌། བར་སྐོར་ནང་སོགས་སུ་བོད་མི་ཆེས་མང་བས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས་ རྒྱ་ནག་གཞུང་གིས་དམག་མི་དང༌། ཉེན་རྟོག་པས་བཀག་འགོག་བྱས་ཡོད་པ་རེད། ལྷ་སར་དམག་མི་ཧ་ཅང་འབོར་ཆེན་ཡོད་པའི་ཐོག་ད་དུང་ཆེས་མང་དུ་གཏོང་གི་ཡོད་པ་ དང༌། ཉེན་རྟོག་པ་དང་དམག་མིས་ལྷ་སར་གནས་སྡོད་ནང་མི་རེ་རེ་བཞིན་ཁྱིམ་བཤེར་བྱེད་ རྒྱུ་ཆད་མེད་ཡིན་པ་མ་ཟད། གང་མང་འཛིན་བཟུང་ཡང་བྱེད་ཀྱི་ཡོད་པ་རེད། མི་མང་ཁྲོམ་དུ་འགྲོ་རྒྱུ་བཀག་འགོག་བྱེད་ཀྱི་ཡོད་ལ། ལྷག་པར་དུ་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་ནང་དུ་བཀག་འགོག་བྱས་ཏེ་བཟའ་བཏུང་ལ་ ཡང་དཀའ་ངལ་འཕྲད་ཀྱི་ཡོད་པ་དང༌། བོད་ཀྱི་ས་གནས་གཞན་ནས་སླེབས་པའི་ལྷ་སར་གནས་སྡོད་བྱེད་མཁན་རྣམས་ཕྱིར་ཕུད་ བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ནས་བཟུང་བོད་ཀྱི་ས་གནས་གང་སར་རྒྱ་གཞུང་ལ་ཞི་རྒོལ་བྱེད་རྒྱུ་རྒྱུན་ཆད་ མེད་པ་དང༌། མི་མང་པོ་འཇུ་བཟུང་བྱས་པ་ཡིན་དང༌། དམར་གསོད་བྱས་ཡོད་མེད་སོགས་གསལ་ཁ་མེད་པར་མང་པོ་བོར་བརླགས་ལྟ་བུར་འགྱུར་ བཞིན་ཡོད་པ་རེད།།

ཛ་དྲག་རྡུང་རྡེག་འོག་གི་བལ་ཡུལ་གྱི་བོད་དོན་ལས་འགུལ།

བོད་པའི་དྭང་བླངས་བོད་དོན་ལས་འགུལ་བ་མང་པོ་ཞིག་ལ་བལ་ཡུལ་ཉེན་རྟོག་པས་རྡུང་ རྡེག་དྲག་པོས་རྨས་སྐྱོན་ཚབས་ཆེན་ཕོག་མཁན་གྱི་གྲངས་ཇེ་མང་དུ་འགྲོ་བཞིན་པ་མ་ ཟད། ཉེན་རྟོག་པས་པར་བརྒྱབ་ནས་ཕྱིས་སུ་ངོ་རྒོལ་བྱེད་དུ་ཡོང་ཚེ་རྡུང་རྡེག་དྲག་པོ་ གཏོང་རྒྱུ་དང་རྒྱ་གཞུང་ལ་རྩིས་སྤྲོད་བྱེད་རྒྱུ་སོགས་ཀྱི་ཉེན་བརྡ་ཡང་བཏང་ ཡོད་པ་རེད།
    བལ་ཡུལ་གནས་སྡོད་སྤྱི་འཐུས་ལ་ལས་ཀྱང་ཛ་དྲག་ལས་འགུལ་ཚོགས་པས་གོ་སྒྲིག་མིན་ པའི་རང་འདོད་ཀྱི་ལས་འགུལ་སྤེལ་མི་ཆོག་པའི་བཀའ་སློབ་གསུང་བཤད་མི་མང་ལ་གཅིག་ རྗེས་གཉིས་མཐུད་ཀྱིས་གནང་ཡོད་པ་རེད། དེའི་རྐྱེན་གྱིས་ལས་འགུལ་བ་མང་པོ་ཞིག་གིས་སོ་སོའི་སྲོག་ཉེན་ལ་མ་འཛེམ་པའི་ ལས་འགུལ་གྱི་ཁ་ཕྱོགས་དེ་ནོར་མི་འགྲོའམ་སྙམ་པའི་དོགས་གནས་སུ་གྱུར་ཡོད་ཀྱང་ ཕྱི་ཟླ་༣ ཚེས་༢༧ ཉིན་སླར་ཡང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་གཞོན་སྐྱེས་དྭང་བླངས་པ་མི་༢༢ ཀྱིས་ཁ་རས་ནག་པོ་བཅིངས་ཤིང་མཛུབ་མོ་གཉིས་རེ་གནམ་ལ་བརྐྱངས་ནས་ཞི་བའི་ལས་ འགུལ་ཞིག་སྤེལ་ཡོད་པ་དང༌། ཅུང་མ་འགོར་བར་ཉེན་རྟོག་པ་བརྒྱ་ལྷག་ཙམ་སླེབས་ནས་མི་བཅུ་བདུན་འཛིན་བཟུང་བྱས་ ཡོད་པ་རེད།
    ཚེས་༢༨ ཉིན་བལ་ཡུལ་སྲོང་བཙན་སློབ་གྲྭའི་སློབ་མ་དྭང་བླངས་པ་སུམ་ཅུ་སོ་དྲུག་དང་བལ་ ཡུལ་ཀ་ཐ་མན་ཌུ་ཁུལ་གྱི་ས་གནས་གསུམ་དང་སྤོག་ར་ཁུལ་གྱི་མི་ཉི་ཤུ་རྩ་ལྔ་བཅས་ ཁྱོན་མི་༡༥༠ ཙམ་གྱིས་པུལ་ཅོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དུ་ཞི་བའི་ལས་འགུལ་ ཞིག་སྤེལ་སྐབས་ཉེན་རྟོག་པ་བཞི་བརྒྱ་ཙམ་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་ མཐའ་བསྐོར་ཡོད་བཞིན་སློབ་ཕྲུག་ཉི་ཤུ་རྩ་གཉིས་ཀྱིས་རྒྱབ་ངོས་ཀྱི་ཁང་པ་ བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྕགས་རིའི་ནང་ལོགས་སུ་མཆོང་ནས་ལག་ཏུ་རྒྱལ་ དར་དང་ཡིག་ཆ་ཁྱེར་ནས་སྐད་འབོད་བྱས་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སློབ་མ་དེ་དག་ཉེན་རྟོག་པ་ལ་ རྩིས་སྤྲོད་བྱས་མེད་པ་དང༌། སློབ་མ་རང་ངོས་ནས་ལས་འགུལ་ལ་ཞུགས་དགོས་དོན་དང༌། བོད་ཀྱི་ཛ་དྲག་གནས་ཚུལ་རྣམས་ཞིབ་ཕྲ་ཞུ་རྒྱུ་བྱུང་ཡོད་པ་མ་ཟད། ཡིག་ཐོག་ཏུ་ཕབ་ནས་འབུལ་རྒྱུ་ཡང་བྱུང་ཡོད་པ་རེད། ཕྱི་ལོགས་སུ་བོད་མི་ལས་འགུལ་བ་ཚན་པ་གསུམ་གྱིས་སྐད་འབོད་ཐེངས་གསུམ་ཙམ་བྱས་ ཡོད། ཕལ་མོ་ཆེར་ཉེན་རྟོག་པས་དཔུང་པ་དང་བརླ་ཤ་སོགས་བཙིར་ནས་སྨུག་ཐིག་ཆགས་འདུག བོད་མི་ལས་འགུལ་བའི་ཁྲོད་དུ་ནེ་པཱ་ལའི་ཕོ་སར་ཞིག་འཛུལ་ནས་ལག་ཏུ་རྡོ་བཟུང་ སྟེ་ཉེན་རྟོག་པའི་ཕྱོགས་སུ་འཕེན་གྲབས་བྱེད་སྐབས་བོད་མི་ཞིག་གིས་ང་ཚོའི་ཞི་ བའི་ངོ་རྒོལ་ལ་བར་ཆད་བྱེད་མི་ཆོག་ཟེར་ནས་བཀག་ཡོད་པ་དང༌། ཉིན་དེར་མི་༩༣ འཛིན་བཟུང་བྱས་ཡོད་པ་རེད། ཚེས་༢༩ ཉིན་གྲྭ་བཙུན་གཙོས་པས་གཞོན་སྐྱེས་མི་བདུན་ཅུ་ཙམ་གྱིས་རྒྱ་ནག་གཞུང་ཚབ་ཁང་གི་ མདུན་དུ་ཞི་བའི་ངོ་རྒོལ་བྱས་ཡོད་ཅིང༌། ལས་འགུལ་བ་དེ་དག་གིས་སྐད་འབོད་བྱེད་བཞིན་ལམ་དཀྱིལ་དུ་ཉལ་སྟབས་ཉེན་རྟོག་པ་ མི་བརྒྱ་སྐོར་ཞིག་སླེབས་ནས་རྡོག་པས་བརྫིས་ཏེ་གྲྭ་པ་གཅིག་དྲན་ཤེས་འཐོར་བ་དང་ བུད་མེད་གཅིག་ལ་གང་བྱུང་དབྱུག་པ་བཙུགས་ཏེ་རྨས་སྐྱོན་ཕོག་ནས་མི་གཉིས་སྨན་ཁང་ དུ་སྐྱེལ་དགོས་བྱུང་ཡོད།
    ཚེས་༣༠ ཉིན་གཞོན་སྐྱེས་མི་༡༥༠ ཙམ་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་བྱེད་དུ་ཕྱིན་ཡོད་པ་དང༌། གྲྭ་བཙུན་རྣམས་རྒྱུན་དུ་སྐད་འབོད་བྱེད་དུ་འགྲོ་སྐབས་ལམ་བར་དུ་འཛིན་བཟུང་ བྱེད་ཀྱི་ཡོད་པས་གྲྭ་པ་ཕལ་མོ་ཆེས་སྐྱ་ཆས་གྱོན་ནས་ཕེབས་ཡོད་པ་རེད། ད་ལན་གྱི་ལས་འགུལ་འདི་ནི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་སྡོད་གནས་ཕྱོགས་ནས་ འཛུལ་ཏེ་སྐད་འབོད་བྱེད་སྐབས་རྒྱ་མིའི་ལས་བྱེད་པ་མང་པོས་ཁང་ཐོག་ནས་པར་རྒྱག་ དང་ཁ་པར་གཏོང་བ་སོགས་བྱས་ནས། རྒྱ་མི་གཉིས་ཕྱིར་ཐོན་ནས་མི་མང་ཡོད་སར་སླེབས་ནས་པར་བརྒྱབ་སོང༌། དེར་ཉེན་རྟོག་པ་སུམ་བརྒྱ་ཙམ་སླེབས་ཡོད་པ་དང༌། རྒྱལ་སྤྱིའི་གསར་འགོད་པ་ཧ་ཅང་མང་པོ་སླེབས་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་པ་སོགས་ཚོགས་པ་ཆེ་ཁག་གི་མི་སྣ་མང་པོ་ཡོད་ མོད། བལ་ཡུལ་གྱི་ཉེན་རྟོག་པས་སུ་ལའང་མ་འཛེམ་པར་ལས་འགུལ་བ་ལ་དབྱུག་རྡུང་དྲག་པོ་ བྱས་ནས་མི་ཁ་ཤས་རྨས་པ་དང་བུ་མོ་ཞིག་དང་བཙུན་མ་ཞིག་དྲན་པ་འཐོར་འདུག བུ་མོ་ལོ་ཆུང་ཆུང་འདྲ་ཡོད་ཚེ་ཉེན་རྟོག་པ་མང་པོས་རུབ་རྒྱག་གི་འདུག་ལ།  བུ་མོ་ཁ་ཤས་ཀྱི་ནུ་མ་བཙིར་སོང་ཟེར།  མི་༡༡༣ འཛིན་བཟུང་བྱས་ཡོད་པ་རེད།
    ཚེས་༣༡ ཉིན་དྭང་བླངས་ལས་འགུལ་རུ་ཁག་གིས་གོ་སྒྲིག་གང་ཡང་བྱས་མི་འདུག ཉིན་དེ་རྒྱལ་སྤྱིའི་བོད་དོན་དྲིལ་བསྒྲགས་ཀྱི་ཉིན་མོ་ཞིག་ཡིན་ཕྱིར་བོད་ཀྱི་ ཆབ་སྲིད་ལས་འགུལ་ཚོགས་པ་ཁག་གིས་གོ་སྒྲིག་ཡོད་ཚུལ་གྱིས་ས་གནས་གཞོན་ནུ་ཚོགས་ པས་མི་མང་ཚང་མ་ཞོགས་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དང༌། ཕྱི་དྲོ་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་སྐད་འབོད་ཆེད་འཛོམས་དགོས་པའི་ བརྡ་ཁྱབ་གང་སར་བཏང་སྟབས། རྒྱ་ནག་གཞུང་ཚབ་ཁང་གི་མཐའ་འཁོར་གྱི་སྲང་ལམ་ཡོད་ཚད་ཉེན་རྟོག་པས་ཁེངས་འདུག མི་མང་རང་ངོས་ནས་སྐད་འབོད་བྱེད་པ་ཙམ་ལས་ཆབ་སྲིད་ཚོགས་པ་ཁག་སུས་ཀྱང་གོ་ སྒྲིག་ཞུས་མེད་པ་རེད། ལས་འགུལ་བ་ཚང་མ་མཉམ་འཛོམས་བྱེད་དཀའ་བས་ཐེངས་རེར་མི་༢༠ ཙམ་ལས་སླེབས་ཐུབ་ཀྱི་མེད། ཞོགས་པ་ཆུ་ཚོད་༨ པ་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་འགོ་ བརྩམས་ཏེ། ཆུ་ཚོད་༣ པའི་བར་ལས་འགུལ་བ་མུ་མཐུད་སླེབས་ནས་ངོ་རྒོལ་སྐད་འབོད་རྒྱུན་སྐྱོང་བྱེད་ཀྱི་ ཡོད་པ་དང༌། སྐབས་མཚམས་ཞིག་ལ་ཉེན་རྟོག་པའི་རླངས་འཁོར་རྫོགས་ནས་ལས་འགུལ་བ་ཁག་ཅིག་ཆུ་ཚོད་ ཕྱེད་ཙམ་རིང་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་མ་བཞག་ཐབས་མེད་བྱུང༌། རྒན་བྱིས་བར་གསུམ་དབྱེར་མེད་བོད་མི་མང་པོ་འདུ་འཛོམས་བྱུང་ཡོད་པ་རེད། ཉིན་དེར་མི་༢༢༣ འཛིན་བཟུང་བྱས་པ་ཡིན་ཞེས་ཉེན་རྟོག་པའི་དཔོན་པོ་ཞིག་གིས་བལ་ཡུལ་གྱི་གསར་ འགོད་པ་ཞིག་ལ་ལབ་སོང༌། ལས་འགུལ་གང་བརྩམས་སར་བོད་ཀྱི་རྒྱལ་དར་ལག་ཏུ་བཟུང་མཁན་སུ་ཡིན་རུང་ཐོག་མར་དེ་ འཛིན་བཟུང་དང་རྒྱལ་དར་འཕྲོག་གི་ཡོད་པ་རེད།།

འཕན་པོ་རྫོང་ཐོག་ཏུ་དམར་གསོད་དང་འཇུ་བཟུང༌།

ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ནས་བོད་ཀྱི་ས་གནས་གང་སར་བོད་དོན་ལས་འགུལ་སྤེལ་ཡོད་པ་ལྟར། དེའི་སྐབས་འཕན་པོ་ལྷུན་གྲུབ་རྫོང་ཁོངས་སུ་མི་གཉིས་དམར་གསོད་བཏང་ཡོད་པ་དང༌། ཧ་ཅང་མང་པོ་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ཕྱི་ཟླ་༣ ཚེས་༣༠ ཉིན་ནས་དམ་དྲག་ཤུགས་ཆེ་རུ་བཏང་སྟེ། ཉེན་རྟོག་པ་དང༌། དྲག་དམག་གིས་ཁྱིམ་ཚང་རེ་རེ་བཞིན་སྔོག་བཤེར་གྱིས་མི་ཧ་ཅང་མང་པོ་འཇུ་བཟུང་ བྱེད་བཞིན་ཡོད་པ་དང༌། འཇུ་བཟུང་བྱས་པ་དེ་དག་ཀྱང་གང་དུ་ཁྲིད་ཀྱི་ཡོད་དང༌། བཀག་ཉར་བྱས་ཡོད་ཤེས་རྟོགས་བྱུང་གི་མེད་པ་རེད།།རྒྱ་ནག་ལ་ངོ་རྒོལ་སྐབས་གྲྭ་བ་ ཞིག་གིས་རང་སྲོག་བཅད་པ།
མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་ཨ་ལགས་གྲོང་ཚོ་དང༌། ཀླུ་ཆུ་གྲོང་ཚོ་སོགས་ཀྱི་ནང་བོད་མི་རྣམས་ཀྱིས་ྋགོང་ས་མཆོག་བོད་དུ་ཆིབས་ བསྒྱུར་གནང་འཇུག་དགོས་སྐོར་གྱི་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་ཞི་རྒོལ་བ་༤༠ ལྷག་འཇུ་བཟུང་བྱས་ཡོད་པ་རེད། གྲྭ་བན་དེ་མཁར་གྱིས་རྒྱ་གཞུང་གིས་བཙོན་འཇུག་བྱས་པ་རྣམས་མྱུར་དུ་གློད་བཀྲོལ་ མ་བཏང་ན། རྒྱ་ནག་གི་བྱེད་སྟངས་ལ་ངོ་རྒོལ་མཚོན་བྱེད་རང་སྲོག་གཏོང་རྒྱུ་ཡིན་ཚུལ་བརྗོད་ ཡོད་ནའང༌། གཞུང་གིས་ཉན་འཇོག་མ་བྱས་པ་མ་ཟད་ཕར་འཇིགས་སྐུལ་བྱས་པར་བརྟེན། སྤྱི་བདེ་ལས་ཁུངས་ཀྱི་མདུན་དུ་རང་གིས་རང་ལ་གྲི་བརྒྱབ་ཏེ་རང་སྲོག་གཅོད་དགོས་ བྱུང་ཡོད་པ་རེད།།

ྋགོང་ས་མཆོག་གི་གསུང་འཕྲིན།
༄༅། །ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པས་རྒྱ་རིགས་ཡོངས་ལ་འབོད་སྐུལ།
༄༅།། ད་རེས་ངས་འཛམ་གླིང་ཁྱོན་ཡོངས་ལ་གནས་པའི་རྒྱ་རིགས་སྤུན་ཟླ་སྤྱི་དང༌། བྱེ་བྲག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱ་རིགས་སྤུན་ཟླ་ཡོངས་ལ་ མཛའ་བརྩེའི་འཚམས་འདྲི་སྔོན་དུ་བཏང་སྟེ། ཉེ་ཆར་བོད་ནང་བྱུང་བའི་དོན་རྐྱེན་དང་འབྲེལ་བོད་རྒྱ་མི་རིགས་གཉིས་ཀྱི་འབྲེལ་ ལམ་ཐད་ངའི་བསམ་ཚུལ་ཇི་ཡོད་ཁྱེད་ཚོར་འགྲེལ་བརྗོད་དང་སྦྲགས། ང་རང་སྒེར་གྱི་ངོས་ནས་འབོད་སྐུལ་ཁ་ཤས་བྱེད་རྒྱུ་ཡིན། ད་ལམ་བོད་ཀྱི་ས་ཁུལ་གང་སར་ཡིད་སྐྱོའི་བྱུང་རྐྱེན་འདིའི་ནང་མི་མང་པོའི་ལུས་ སྲོག་ཤོར་བར་བློ་ཕམ་ཆེན་པོ་བྱུང༌། དེའི་ནང་རྒྱ་རིགས་འགའ་ཤས་ཀྱང་ཤི་སྐྱོན་བྱུང་བ་ཤེས་རྟོགས་བྱུང༌། ངས་གནོད་འཚེ་ཕོག་པའི་མི་རྣམས་དང་ཁོང་ཚོའི་ནང་མི་བཅས་ལ་སེམས་གསོ་བྱེད་རྒྱུ་ མ་ཟད་འཕྲལ་ཡུན་དགེ་བའི་སྨོན་ལམ་ཟབ་ནན་བྱས་ཡོད། ད་རེས་བྱུང་བའི་གནས་ཚུལ་འདིས་བོད་ཀྱི་གནད་དོན་དེ་ཇི་ཙམ་ཛ་དྲག་ཡིན་མིན་དང༌། གང་མྱུར་གྲོས་མོལ་གྱི་ལམ་ནས་འགྲིག་ཆགས་ཡོང་ཐབས་བྱེད་དགོས་པ་ཧ་ཅང་གསལ་པོ་ བཟོས་ཡོད། ཛ་དྲག་དང་ཐབས་སྡུག་གི་གནས་ཚུལ་འདི་འདྲའི་སྐབས་སུའང་ངོས་ནས་རྒྱ་ནག་གི་དབུ་ ཁྲིད་རྣམ་པར་ཞི་བདེ་དང་བརྟན་ལྷིང་ཡོང་བར་མཉམ་རུབ་བྱེད་རྒྱུའི་འདོད་མོས་ཡོད་ པ་གསལ་བརྗོད་བྱས་ཡོད། ང་ལ་བོད་ཁ་བྲལ་གཏོང་རྒྱུའམ། ཡང་ན་བོད་རིགས་དང་རྒྱ་རིགས་དབར་མ་འགྲིག་པ་བཟོ་རྒྱུའི་འདོད་པ་གང་ཡང་མེད་ཅེས་ ངས་རྒྱ་རིགས་སྤུན་ཟླ་ཚོར་འགན་ལེན་བྱེད་ཀྱི་ཡིན། དེ་ལས་ལྡོག་སྟེ་ངས་རྒྱུན་དུ་བོད་རྒྱ་མི་རིགས་གཉིས་ཀར་ཕུགས་རྒྱང་རིང་པོའི་ ཁེ་ཕན་ལྡན་པའི་སྒོ་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་འབད་རྩོལ་བྱེད་ཀྱི་ཡོད། ངས་ལན་མང་བསྐྱར་ལྡབ་ཞུས་ཟིན་པ་ལྟར་ངའི་སེམས་འཚབ་བྱེད་སའི་གཞི་རྩ་གཙོ་བོ་ནི་ བོད་མི་རིགས་ཀྱི་ཐུན་མིན་རིག་གཞུང་དང༌། སྐད་ཡིག ངོ་བོ་རྣམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། ཉིན་ལྟར་ནང་པའི་འདུལ་ཁྲིམས་གཞིར་བཟུང་མི་ཚེ་སྐྱེལ་མཁན་གྱི་དགེ་སློང་དཀྱུས་ མ་ཞིག་ཡིན་པའི་ཆ་ནས་ངས་ཁྱེད་ཚོར་ངའི་ཀུན་སློང་ཁ་ཞེ་གཉིས་མེད་ཡིན་པའི་འགན་ ལེན་བྱེད་ཀྱི་ཡོད། ངས་རྒྱ་ནག་གི་དབུ་ཁྲིད་རྣམ་པར་ངའི་ལངས་ཕྱོགས་ངོས་འཛིན་གསལ་པོ་གནང་ཐུབ་པ་ དང༌། དངོས་ཐོག་བདེན་འཚོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་ཡོད། རྣམ་དཔྱོད་བེད་སྤྱད་ནས་བོད་མི་ཚོ་དང་མཉམ་དོན་སྙིང་ལྡན་པའི་གྲོས་མོལ་འགོ་ ཚུགས་ཐུབ་པའི་རེ་སྐུལ་བྱེད་ཀྱི་ཡོད། དེ་མཚུངས་རྒྱ་ནག་ནང་བརྟན་ལྷིང་དང་འཆམ་མཐུན་ཡོང་བར་མཐུན་འགྱུར་གྱིས་མི་རིགས་ ཕན་ཚུན་དབར་འགལ་ཟླ་བཟོ་བའི་རིགས་སྤང་དགོས། རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་བོད་ནང་བྱུང་བའི་གནས་ཚུལ་རྣམས་ལ་ རྫུན་སྒྲིག་འཁྱོག་བཤད་ཆེན་པོས་བརྒྱུད་བསྒྲགས་བྱེད་སྟངས་འདིས་མ་འོངས་ཕུགས་ རྒྱང་རིང་པོའི་བར་ཚོད་དཔག་དཀའ་བའི་མཇུག་འབྲས་སྟེར་བའི་མི་རིགས་ཕན་ཚུན་མི་ མཐུན་པ་བཟོ་རྒྱུའི་ས་བོན་ངན་པ་བཏབ་སྲིད་པ་འདིར་ངོས་རང་སེམས་འཚབ་ཧ་ཅང་ཆེན་ པོ་ཡོང་གི་འདུག དེ་མཚུངས་ངའི་ངོས་ནས་པེ་ཅིང་དུ་ཨོ་ལིམ་ཕིག་ཚོགས་རྒྱུར་རྒྱབ་སྐྱོར་མུ་མཐུད་ བྱེད་བཞིན་པར་ལྟོས་མེད་ཀྱིས་ང་དང་རྒྱ་རིགས་ཚོའི་དབར་འགལ་ཟླ་བཟོ་ཆེད་རྒྱ་ནག་ གི་འགོ་ཁྲིད་ཚོས་ངས་ཨོ་ལིམ་ཕིག་རྩེད་འགྲན་ལ་གཏོར་རྒོལ་བྱེད་ཚུལ་བཤད་ཀྱི་ ཡོད། འོན་ཀྱང་རྒྱ་རིགས་མཁྱེན་ལྡན་མི་སྣ་དང༌། མཁས་པ་མང་པོས་རྒྱ་ནག་གི་འགོ་ཁྲིད་ཚོའི་གནང་ཕྱོགས་ཁག་དང༌། མ་འོངས་པར་མི་རིགས་ཕན་ཚུན་དབར་གྱི་འབྲེལ་ལམ་ཐད་ལྡོག་ཕྱོགས་ཀྱི་ཕུགས་རྒྱང་ རིང་པོའི་མཇུག་འབྲས་ངན་པ་བཟོ་ཉེན་ཡོད། བོད་རྒྱ་མི་རིགས་གཉིས་གནའ་སྔ་མོ་ནས་ཁྱིམ་མཚེས་སུ་གནས་ཏེ། ལོ་སྟོང་ཕྲག་གཉིས་ཙམ་གྱི་ལོ་རྒྱུས་ནང་སྐབས་རེ་གཉེན་སྒྲིག་སོགས་བཟང་ཕྱོགས་ ཀྱི་འབྲེལ་བ་དང༌། སྐབས་རེ་དམག་རྒྱག་རེས་བྱས་པའང་བྱུང་ཡོད་ཀྱང༌། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་ནས་བོད་དུ་མ་དར་སྔོན་རྒྱ་ནག་ཏུ་དར་བ་ལ་བརྟེན་ ནས་བོད་རིགས་རྣམས་ཀྱིས་རྒྱ་རིགས་ལ་དགེ་ཕྲུག་རྒན་པའི་འདུ་ཤེས་ཀྱིས་གུས་བརྩི་ བྱེད་ཀྱི་ཡོད་ཅིང༌། དེ་ནི་རྒྱ་ནག་གི་ཕྱི་ལ་ཡོད་པའི་རྒྱ་རིགས་ངོས་དང་ཆོས་འབྲེལ་ཞུ་མཁན་རྣམས་དང༌། དེ་བཞིན་རྒྱལ་ནང་ནས་རྒྱ་རིགས་གནས་མཇལ་ཡོང་མཁན་ངོ་ཐུག་བྱེད་རྒྱུའི་གོ་སྐབས་ བྱུང་བ་ཚོས་ཤེས་ཀྱི་ཡོད། འདི་དག་ལས་ངོས་རང་སྙིང་སྟོབས་འཕེལ་ཞིང་འབྱུང་འགྱུར་མི་རིགས་ཕན་ཚུན་དབར་གོ་ རྟོགས་ཟབ་པོ་སྤེལ་བར་ཕན་ཐོགས་ཡོད་པར་བསམ་གྱི་ཡོད། དུས་རབས་ཉི་ཤུ་པའི་ནང་འཛམ་གླིང་ཁྱོན་ཡོངས་ལ་འཕོ་འགྱུར་སྣ་ཚོགས་བྱུང་བ་ལྟར་ བོད་ཀྱང་འགྱུར་བའི་རླབས་ཤུགས་དེའི་ནང་ཚུད་དེ། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་འཕྲལ་མི་དམངས་བཅིང་འགྲོལ་ དམག་བོད་ནང་འཛུལ་ཞུགས་ཀྱིས་མཐར་ཕྱི་ལོ་༡༩༥༡ ཟླ་༥ པའི་ནང་བོད་རྒྱའི་དབར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་རེད། ཕྱི་ལོ་༡༩༥༤།༥༥ ནང་རྒྱ་ནག་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་དུ་བསྐྱོད་དེ་ངོས་རང་པེ་ཅིང་དུ་ ཡོད་སྐབས་མའོ་ཀྲུའུ་ཞིས་དབུས་སྐབས་དེའི་རྒྱ་ནག་གི་དབུ་ཁྲིད་ཕལ་ཆེ་བ་ངོ་ཤེས་ གྲོགས་པོ་བྱེད་རྒྱུའི་གོ་སྐབས་བྱུང༌། ལྷག་པར་དུ་མའོ་ཀྲུའུ་ཞིས་གནད་དོན་མང་པོའི་ཐོག་བཀའ་སློབ་དང༌། བོད་ཀྱི་མ་འོངས་པའི་ཐད་ཁོང་སྒེར་ནས་ཞལ་བཞེས་ཀྱང་མང་པོ་གནང་བྱུང༌། ཞལ་བཞེས་དེ་དག་གིས་སྙིང་སྟོབས་འཕེལ་བ་དང༌། སྐབས་དེའི་རྒྱ་ནག་གི་གསར་བརྗེའི་དབུ་ཁྲིད་མང་ཆེ་བའི་ཆོད་སེམས་ཀྱིས་སེམས་ འགུལ་ཐེབས་པའི་དབང་གིས་ཡིད་ཆེས་དང་རེ་བའི་ངང་བོད་ལ་ཕྱིར་ལོག་པ་ཡིན། བོད་རིགས་དམར་ཤོག་ཚོགས་མི་འགའ་ཤས་ནས་ཀྱང་དེ་མཚུངས་རེ་བ་བྱས་ཡོད། ངོས་རང་ལྷ་སར་ཕྱིར་འཁོར་ནས་བཟུང་ཐབས་ཤེས་ཡོད་རྒུས་གངས་ལྗོངས་བོད་ཀྱི་ཡུལ་ དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་མི་རིགས་ས་ གནས་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཡོང་ཐབས་བྱས་པ་ཡིན། དེ་ནི་བོད་རྒྱ་མི་རིགས་གཉིས་ཀའི་མ་འོངས་ཕུགས་རྒྱང་རིང་པོའི་ཁེ་ཕན་སྒྲུབ་ ཐབས་བཟང་ཤོས་ཡིན་པ་ཡིད་ཆེས་བྱས་པའི་དབང་གིས་ཡིན། འོན་ཀྱང་བློ་ཕམ་པར་ཕྱི་ལོ་༡༩༥༦ ཙམ་ནས་དུས་ཟིང་འགོ་ཚུགས་ཏེ་མཐར་༡༩༥༩ ཟླ་༣ ཚེས་༡༠ ཉིན་ལྷ་སར་ཞི་བའི་གྱེན་ལངས་དང༌། ངོས་རང་བཙན་བྱོལ་ལ་ཡོང་དགོས་བྱུང༌། དེ་རྗེས་པཎ་ཆེན་སྐུ་གོང་མས་ཕྱི་ལོ་༡༩༨༩ ལོའི་ཟླ་༡ པོའི་ནང་ཇི་ལྟར་གསུངས་པ་བཞིན་བོད་ནང་བཟང་ཕྱོགས་ཀྱི་འཛུགས་སྐྲུན་དང་འཕེལ་ རྒྱས་མང་པོ་བྱུང་ཡོད་མོད། གཏོར་བརླག་སྡུག་སྦྱོང་དེ་བས་ཚབས་ཆེ་བ་བྱུང་སྟེ་གཞི་རྩའི་ཆ་ནས་བོད་མི་འཇིགས་ སྣང་ངང་གནས་རྒྱུ་དང༌། རྒྱ་གཞུང་དྭོགས་ཟོན་ངང་གནས་དགོས་བྱུང་ཡོད། དེ་ལྟར་ནའང་སྐབས་དེར་ཡ་ང་སྙིང་རྗེ་མེད་པར་བོད་རིགས་ལ་དྲག་གནོན་བྱེད་མཁན་ གྱི་རྒྱ་ནག་དབང་འཛིན་པ་རྣམས་ལའང་དགྲ་བོའི་འདུ་ཤེས་མེད་པར་མཐར་ཐུག་མཛའ་ གྲོགས་སུ་འགྱུར་བའི་སྨོན་ལམ་ཕྱི་ལོ་༡༩༦༠ ལོར་བརྩམས་པའི་བདེན་གསོལ་སྨོན་ཚིག་ཏུ། ¿མི་བསྲུན་སྐྱེ་བོའི་ཚོགས་རྣམས་བླང་དོར་མིག། ཡོངས་ཐོབ་བྱམས་བརྩེས་མཛའ་བའི་དཔལ་ལ་སྦྱོར།།¿ ཞེས་བཀོད་དེ་སློབ་གྲའི་སློབ་ཕྲུག་གཙོས་བོད་རིགས་ཡོངས་ཀྱིས་ཉིན་ལྟར་སྨོན་ལམ་ བཏབ་ཀྱི་ཡོད། ཕྱི་ལོ་༡༩༧༤ ལོར་ངས་བཀའ་ཤག་དང༌། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་སོགས་དང་མཉམ་བསམ་ཞིབ་གྲོས་བསྡུར་ གཏིང་ཟབ་བྱས་རྗེས་བོད་རྒྱ་མི་རིགས་གཉིས་མཉམ་དུ་ཞི་བདེ་འཕེལ་རྒྱས་དང༌། ཁ་བྲལ་མ་དགོས་པའི་ལམ་ཞིག་བཙལ་རྒྱུའི་ཐག་གཅོད་བྱས་པ་ཡིན། སྐབས་དེར་རྒྱ་ནག་ནང་རིག་གནས་གསར་བརྗེའི་དུས་ཟིང་ཆེ་བའི་སྒང་རེད། དེའི་ཚེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་ང་ཚོ་འབྲེལ་ལམ་མེད་མོད་ ཀྱང༌། སྔ་ཕྱི་མ་གཏོགས་ཕན་ཚུན་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ པའི་ཡིད་ཆེས་བྱས་ཡོད། གལ་སྲིད་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱས་ན་མ་མཐར་ ཡང་དཔལ་འབྱོར་ཡར་རྒྱས་དང༌། དེང་རབས་འཛུགས་སྐྲུན་གྱི་ཐད་ཁེ་ཕན་ཆེན་པོ་ཡོང་རྒྱུ་ཡིན་པ་ཡང་ངོས་འཛིན་བྱས་ ཡོད། གང་ཡིན་ཟེར་ན་བོད་ལ་ལོ་རྒྱུས་རིང་པོའི་རིག་གཞུང་ཕྱུག་པོ་ཡོད་རུང་ཕྱི་དངོས་ པོའི་ཡར་རྒྱས་ཕྱིན་མེད། འཛམ་གླིང་སའི་ཡང་ཐོག་ཏུ་གནས་པའི་བོད་ནི་ཨེ་ཤི་ཡའི་ནང་གི་རྒྱུགས་ཆུ་ཆེ་ཁག་ གི་འབྱུང་ཁུངས་ཡིན་སྟབས་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཧ་ ཅང་གལ་འགངས་ཅན་ཞིག་ཡིན། ང་ཚོའི་སེམས་འཚབ་ཆེ་ཤོས་བྱམས་བརྩེའི་རྩ་བ་ཅན་གྱི་བོད་བརྒྱུད་ནང་བསྟན་རིག་ གནས་སྲུང་སྐྱོབ་བྱེད་རྒྱུ་དང༌། དེ་བཞིན་བོད་ཀྱི་སྐད་ཡིག་དང་བོད་མིའི་ཐུན་མིན་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་ བཅས་ཡིན་སྟབས། ང་ཚོས་ལྷག་བསམ་རྣམ་དག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ གནས་རང་སྐྱོང་འཐོབ་ཐབས་བྱས་པ་ཡིན། དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་བོད་རིགས་ལྟ་བུའི་ གྲངས་ཉུང་མི་རིགས་ལ་ཐོབ་ཐང་ཡོད་པ་གསལ་ཡོད། ཕྱི་ལོ་༡༩༧༩ ལོར་སྐབས་དེའི་རྒྱ་ནག་གི་ཆེས་མཐོའི་དབུ་ཁྲིད་ཏེང་ཞའོ་ཕིང་གིས་ངའི་ངོ་ཚབ་ལ་ བོད་རང་བཙན་གྱི་གནད་དོན་མ་གཏོགས་གཞན་དག་ཚང་མ་གྲོས་མོལ་གྱི་ལམ་ནས་ཐག་གཅོད་ བྱེད་ཆོག་ཅེས་གསུངས་ཡོད། ང་ཚོས་དེ་སྔ་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་ གཞིའི་ནང་བོད་ཀྱི་གནད་དོན་འགྲིག་ཆགས་ཡོང་ཐབས་བྱེད་རྒྱུའི་སྲིད་བྱུས་གཏན་ འཁེལ་ཟིན་སྟབས་གོ་སྐབས་གསར་པ་འདི་དམ་འཛིན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ཡོད་ མུས་རེད། ངའི་ངོ་ཚབ་རྣམས་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་བྱེད་ཚོ་དང་ འབྲེལ་ལམ་ཐེངས་མང་བྱས་ཡོད། ཕྱི་ལོ་༢༠༠༢ ལོར་འབྲེལ་ལམ་བསྐྱར་མཐུད་རྗེས་འབྲེལ་མོལ་ཐེངས་དྲུག་བྱས་ཡོད་རུང་ད་བར་རྩ་ དོན་ཐོག་དོན་འབྲས་སོན་པ་གང་ཡང་མ་བྱུང༌། འོན་ཀྱང་ངའི་ངོས་ནས་ལན་མང་གསལ་བསྒྲགས་བྱས་ཟིན་པ་ལྟར་དབུ་མའི་ལམ་གྱི་སྲིད་ བྱུས་ལ་འགྱུར་བ་མེད་ཅིང༌། འབྲེལ་མོལ་མུ་མཐུད་བྱ་འདོད་ཡོད་པ་བསྐྱར་ནན་གྱིས་བརྗོད་རྒྱུ་ཡིན། འདི་ལོ་པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་རྒྱུར་རྒྱ་རིགས་མི་མང་ཚོས་དགའ་ སྤོབས་ཆེན་པོའི་ཐོག་ངང་སྒུག་བྱེད་བཞིན་པ་རེད། ངས་ཐོག་མ་ཉིད་ནས་པེ་ཅིང་ལ་ཨོ་ལིམ་ཕིག་མགྲོན་བདག་བྱ་རྒྱུའི་གོ་སྐབས་སྤྲོད་ དགོས་པའི་རྒྱབ་གཉེར་བྱས་པ་ཡིན། ད་ལྟའང་དེའི་སྐོར་ངོས་ཀྱི་ལངས་ཕྱོགས་ལ་འགྱུར་བ་མེད། རྒྱ་ནག་ནི་འཛམ་གླིང་ནང་མི་འབོར་མང་ཤོས་དང༌། ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་གཞུང་ཧ་ཅང་ཕྱུག་པོ་ཡོད་པ་ཞིག་རེད། དེང་སྐབས་དཔལ་འབྱོར་ཡར་རྒྱས་ཆེ་བའི་དབང་གིས་སྟོབས་ཆེན་གྱི་ངོ་བོར་འཐོན་ བཞིན་པ་ནི་དགའ་བསུ་བྱ་འོས་ཤིག་རེད། འོན་ཀྱང་དེ་དང་ཆབས་ཅིག་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གུས་ཞབས་དང་བརྩི་མཐོང་ འཐོབ་ཆེད་ཕྱི་གསལ་ནང་གསལ་དང༌། རང་དབང༌། ཁྲིམས་ཀྱི་དབང་སྒྱུར་བཅས་ཀྱི་ལྟ་གྲུབ་ལ་བརྟེན་པའི་གུ་ཡངས་ལྡན་པའི་སྤྱི་ ཚོགས་འཛུགས་སྐྲུན་བྱེད་དགོས་ངེས་རེད། དཔེར་ན་ད་བར་རྒྱ་རིགས་མང་པོའི་མི་ཚེ་ལ་དོ་ཕོག་བྱུང་བའི་གནམ་སྡེ་སྒོ་མོ་ ཆེའི་དོན་རྐྱེན་ནང་གནོད་འཚེ་ཕོག་པའི་མི་རྣམས་ལ་གུན་གསབ་བམ། གཞུང་འབྲེལ་གྱི་ཡ་ལན་གང་ཡང་མ་བྱུང་བ་དང༌། དེ་བཞིན་དུ་རྒྱ་ནག་གི་གྲོང་གསེབ་ཁག་ཏུ་རུལ་སུངས་བཤུ་གཞོག་ཅན་གྱི་ས་གནས་ལས་ བྱེད་པ་ཚོའི་འོག་དྲང་བདེན་མ་བྱུང་བའི་མི་མང་དཀྱུས་མ་སྟོང་ཕྲག་མང་པོས་ཁྲིམས་ མཐུན་གྱིས་བདེ་སྡུག་ཞུས་པ་རྣམས་ལ་དོ་སྣང་མ་བྱས་པའམ། ཡང་ན་གཉའ་གནོན་བྱས་ཏེ་བཞག་གི་ཡོད། ངས་སེམས་ཚོར་འདི་དག་འགྲོ་བ་མི་ཞིག་ཡིན་པ་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་པོའི་ནང་ཞུགས་རྒྱུའི་ འདོད་པ་ཡོད་མཁན་ཞིག་ཡིན་པའི་ཆ་ནས་བཤད་ཀྱི་ཡོད། འདིའི་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཧུའུ་ཅིན་ཐའོ་ མཆོག་གིས་བཏོན་གནང་མཛད་པའི་འཆམ་མཐུན་གྱི་སྲིད་བྱུས་ལ་ངོས་རང་དགའ་མོས་དང་ རྒྱབ་སྐྱོར་ཡོད། འོན་ཀྱང་འཆམ་མཐུན་གྱི་སྤྱི་ཚོགས་ནི་སྨྲ་བརྗོད་ཀྱི་རང་དབང་དང་ཁྲིམས་ཀྱི་དབང་ སྒྱུར་གྱིས་གཙོས་ཕན་ཚུན་ཡིད་ཆེས་དང་རང་དབང་གི་ཁོར་ཡུག་ལ་བརྟེན་ནས་ཡོང་དགོས་ པ་ཡིན། གལ་སྲིད་འདི་དག་ལག་བསྟར་བྱེད་ན་བོད་དང༌། ཤར་ཏུར་ཀི་སི་ཐན། ནང་སོག་གིས་མཚོན་གྲངས་ཉུང་མི་རིགས་ཀྱི་གནད་དོན་དང་འབྲེལ་བའི་དཀའ་ངལ་གནད་ཆེ་ མང་པོ་སེལ་ཐུབ་རྒྱུ་ཡིན་པའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ནང་སོག་ནང་ད་ལྟའི་ཆར་བསྡོམས་མི་འབོར་ས་ཡ་ཉི་ཤུ་རྩ་བཞི་ནས་སོག་རིགས་བརྒྱ་ཆ་ ༢༠ ལས་མེད། ངའི་རེ་བར་ཉེ་ཆར་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་བོད་ཀྱི་བརྟན་ལྷིང་ནི་རྒྱལ་ཁབ་ ཀྱི་བརྟན་ལྷིང་དང་འབྲེལ་བ་ཡོད་ཅེས་པའི་གཏམ་བཤད་དེ་ཚོ་ཐོས་སྐབས་ད་ཆ་བོད་ཀྱི་ དཀའ་རྙོག་སེལ་རྒྱུའི་དུས་རབས་གསར་པ་ཞིག་ཤར་རྒྱུའི་རེ་བ་ཆེན་པོ་བྱུང༌། འོན་ཀྱང་ཧ་ཅང་བློ་ཕམ་པ་ཞིག་ལ་ངས་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་ཁ་བྲལ་མི་འགྲོ་ བའི་འབད་རྩོལ་ཇི་ཙམ་བྱས་རུང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛད་གཙོ་རྣམ་པས་ང་ལ་ཁ་བྲལ་བ་ཡིན་པའི་ སྐྱོན་བརྗོད་མུ་མཐུད་བྱེད་བཞིན་པའི་ཐོག ལྷག་པར་འདི་ལོ་ཕྱི་ཟླ་༣ ཚེས་༡༠ ནས་བཟུང་ལྷ་ས་ནས་འགོ་ཚུགས་ཏེ་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་གང་སར་བོད་མི་ཚོས་ དུས་ཡུན་རིང་པོའི་ཞེ་འཁོན་རྣམས་ཕྱི་ལ་བཏོན་ཆེད་རང་འགུལ་གྱིས་གྱེན་ལངས་བྱེད་ སྐབས་དེ་མ་ཐག་རྒྱ་ནག་གི་འགོ་ཁྲིད་ཚོས་ལས་འགུལ་འདི་དག་ངས་བརྒྱུད་བསྐུལ་བྱས་ པ་ཡིན་ཚུལ་སྐྱོན་འཛུགས་བྱས་སོང༌། དེ་སྐབས་གནད་དོན་འདི་དག་ཆ་འཛིན་འཕེར་བའི་སྒྲིག་འཛུགས་གང་རུང་གིས་ཞིབ་འཇུག་ མཐིལ་ཕྱིན་གནང་དགོས་པའི་འབོད་སྐུལ་ཞུས་པ་ཡིན། ས་ཕྱོགས་གང་དུ་ཡོད་མིན་ལ་མ་ལྟོས་པར་རྒྱ་རིགས་སྤུན་ཟླ་ཚོར་སེམས་ཚོར་དྲག་ པོའི་སྒོ་ནས་ང་ཚོ་མི་རིགས་གཉིས་དབར་གྱི་རྣམ་རྟོག་ངན་པ་རྣམས་སེལ་ཆེད་མཐུན་ འགྱུར་དང༌། ལྷག་དོན་བོད་ཀྱི་དཀའ་ངལ་འདི་བཞིན་གྲོས་མོལ་བརྒྱུད་གུ་ཡངས་དང་བསམ་ཤེས་ཀྱི་ ལམ་ནས་ཞི་བདེ་འགྲིག་ཆགས་ཡོང་བར་རོགས་རམ་གནང་རོགས་ཞེས་འབོད་བསྐུལ་བྱེད་རྒྱུ་ ཡིན། ཀུན་བདེའི་སྨོན་འདུན་ཟབ་པོ་དང་བཅས།  ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་ཕྱི་ ལོ་༢༠༠༨ ཟླ་༣ ཚེས་༢༨ ལ་སྤེལ།། །།

    བོད་ནང་གི་ས་གནས་ཁག་ཅིག་གི་ཞི་རྒོལ།

ཆབ་མདོ་ཁུལ་འཇོ་མདའ་རྫོང་གི་ཁོངས་གཏོགས་ཀྱི་དགོན་སྡེ་ཁག་ཅིག་གི་གྲྭ་པ་རྣམས་ རྫོང་ཐོག་ཏུ་ཡོང་ནས་བོད་རང་བཙན་དགོས་པ་དང༌། ཆོས་དད་རང་དབང་དགོས་སྐོར་གྱི་འབོད་ཚིག་བསྒྲགས་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་ ཡོད་པ་རེད། དེ་བཞིན་གོ་འཇོ་རྫོང་གི་ས་ཁུལ་ཁག་ཅིག་ཏུ་ཡང་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ འདུག་ཀྱང༌། དྲག་དམག་སླེབས་ནས་ཧ་ཅང་དམ་དྲག་བྱེད་ཀྱི་ཡོད་པ་ལས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མ་ རག དེ་བཞིན་༢༩ ཉིན་དཀར་མཛེས་ཁུལ་ཉག་རོང་རྫོང་ར་ལངས་ཤང་གི་ཞི་བ་དགོན་པའི་ནང་ཉག་རོང་རྫོང་ དཔོན་གཙོས་པའི་ལས་དོན་རུ་ཁག་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཞེས། ྋགོང་ས་མཆོག་ལ་ངོ་རྒོལ་བྱེད་དགོས་ལུགས་སོགས་བཤད་པར། དགེ་འདུན་པ་ཚོས་ཉན་འཇོག་མ་གནང་བར་ཚོགས་ཐོག་དེ་རང་དུ་ངོ་རྒོལ་གནང་སྟེ་ལས་ དོན་རུ་ཁག་དགོན་པ་ནས་ཕྱིར་ལོག་བྱས་ཡོད་འདུག
    ཟླ་༣ ཚེས་༢༩ ཉིན་ཁམས་སོག་རྫོང་ཁོང་ཅུང་པ་རྒྱལ་ཆེན་ཤང་ཉི་མ་གླིང་དགོན་པའི་གྲྭ་པ་༥ ཙམ་གྱིས་རྒྱལ་གཅེས་ཆོས་གཅེས་སློབ་གསོའི་ལས་འགུལ་སྤེལ་མཁན་ལས་བྱེད་མི་སྣའི་ མོ་ཊ་ལམ་དུ་བཀག་ནས་ང་ཚོར་ཁྱོད་ཚོའི་སློབ་གསོ་དགོས་ཀྱི་མེད་ཅེས་བརྗོད་བཞིན་ མོ་ཊ་དེ་དག་རྡོ་རྡུང་བྱས་ཏེ་ཕན་མེད་བཟོས་ཡོད་པ་དང༌། ཤང་གི་ཉེན་རྟོག་པ་མང་པོ་དེར་སླེབས་ནས་གྲྭ་པ་དེ་དག་འཛིན་བཟུང་བྱས་ཡོད་འདུག་ ལ། དེ་རྗེས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོག་མ་བྱུང་ཞེས་བོད་ནས་ཁ་པར་བརྒྱུད་འགྲེལ་ བརྗོད་གནང་བྱུང༌།
    ཟླ་༣ ཚེས་༢༧ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ ཐོག་ནག་ཆུ་ས་གནས་ཀྲེ་ཅང་ཁྲོམ་རྭ་ནས་བོད་མི་༢༠ དང་༣༠ བར་གྱིས་ྋགོང་ས་མཆོག་མྱུར་དུ་བོད་ལ་གདན་འདྲེན་ཞུ་དགོས་པ་དང༌། ཆབ་སྲིད་བཙོན་པ་རྣམས་གློད་དཀྲོལ་གཏོང་དགོས་པ་སོགས་སྐར་མ་༢༠ ཙམ་འབོད་སྒྲ་བསྒྲགས་རྗེས། དམག་མི་སླེབས་ཏེ་བོད་མི་རྒན་དར་གཞོན་གསུམ་སུ་ཐུག་འཛིན་བཟུང་བྱས་པའི་ནང་ ཁྲོམ་དུ་ཡོད་པའི་ལས་འགུལ་བ་མ་ཡིན་པའི་མི་མང་དང་སློབ་ཕྲུག་མི་ཉུང་བ་ཞིག་ཀྱང་ འཛིན་བཟུང་བྱས་ཡོད་འདུག ཚེས་༢༨ ཉིན་སློབ་ཕྲུག་རྣམས་ཕྱིར་བཏང་ཡོད་འདུག་ཀྱང་གཞན་རྣམས་གློད་བཀྲོལ་བཏང་ཡོད་ པའི་གནས་ཚུལ་མི་འདུག ཡིན་ནའང་རྒྱ་གཞུང་གིས་མི་མང་རྣམས་ལ་མི་ཁ་ཤས་ནང་ཁུལ་འཁྲུག་འཛིང་ཤོར་བ་མ་ གཏོགས་དོན་རྐྱེན་གང་ཡང་བྱུང་མེད་པ་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་འདུག།


མེ་སོར་ས་གནས་ཁག་ཏུ་བོད་དོན་ལས་འགུལ།

ལྷོ་ཕྱོགས་མེ་སོར་ས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་ཏུ་འདས་གྲོངས་སོང་བའི་ རྒྱལ་གཅེས་བོད་ཀྱི་དཔའ་བོ་ཕོ་མོ་རྣམས་ཀྱི་ཆེད་དུ་འདས་མཆོད་དང་བོད་བསྟན་པ་ ཆབ་སྲིད་ཀྱི་ཆེད་དུ་ཞབས་རིམ་སྒྲུབ་བཞིན་པ་རེད།
    ཟླ་༣ ཚེས་༢༢ ཉིན་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་དགེ་འདུན་པ། མཁན་པོ། སྤྲུལ་སྐུ། སློབ་དཔོན་སོགས་ཚང་མ་བཤད་གྲྭའི་འདུ་ཁང་གསར་པར་མཉམ་འཛོམས་ཐོག་བོད་ནང་ད་ལོར་ རྒྱ་ནག་ལ་ཞི་རྒོལ་བྱེད་སྐབས་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ རྣམས་ཀྱི་ཆེད་དུ་ཀར་གླིང་ཞི་ཁྲོའི་ཆོ་གའི་སྒོ་ནས་འདས་མཆོད་དང་མར་མེ་སྟོང་ མཆོད། སྔོ་སྨོན་བཅས་ཟབ་རྒྱས་གནང་ཡོད་པ་རེད། དེ་བཞིན་ཉིན་དེ་ནས་འགོ་འཛུགས་ཀྱིས་ཉིན་རེ་བཞིན་བདེ་སླར་གཞིས་གྲོང་དགུ་པའི་ བུད་མེད་རུ་ཁག་གིས་གོ་སྒྲིག་འོག་བཙུན་མ་བརྒྱ་ལྷག་རེ་དང་གྲོང་སྡེ་ཁག་གི་རྒན་ རྒོན་རྣམས་ཀྱིས་ྋགོང་ས་མཆོག་གིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེ་བུ་དམ་པ་ རྣམས་ཞབས་པད་བསྟན་ཅིང་བཞེད་དོན་འགྲུབ་པ། བོད་ཀྱི་བདེན་དོན་མྱུར་དུ་གསལ་ཕྱིར་སྒྲོལ་མ་གསོག་སྒྲུབ་སོགས་བྱེད་བཞིན་ཡོད་ པ་དང༌། ས་གནས་ཀོ་ལེའི་གྷལ་དང་ཧུན་སུར་བོད་མིའི་གཞིས་ཆགས་ཁག་ཏུ་ཡང་སྒྲོལ་མ་དང་རྟ་ མགྲིན་བསྙེན་པ་སོགས་བོད་བསྟན་སྲིད་ཀྱི་ཆེད་དུ་གསོག་སྒྲུབ་བྱས་དང་བྱེད་བཞིན་ པ་རེད།
    ཟླ་༣ ཚེས་༢༢ ཉིན་བྷེལ་ཀོབ་བོད་ཁྱིམ་སློབ་མ་རྣམས་ཀྱིས་མེ་སོར་ས་གནས་སུ་བོད་དོན་ཆེད་རྔམ་ སྟོན་ཁྲོམ་སྐོར་བྱས་ཡོད་པ་དང་ཚེས་༢༣ ཉིན་སེ་ར་བྱེས་སྨད་ཀྱི་སློབ་ཕྲུག་རྣམས་ཀྱིས་མེ་སོར་དུ་རྔམ་སྟོན་ཁྲོམ་སྐོར་ གྱི་ལས་འགུལ་སྤེལ་ཡོད་པ་རེད། དེ་བཞིན་ཚེས་༢༥ ཉིན་གྱི་ཕྱི་དྲོ་གཞིས་གྲོང་དང་པོར་ས་གནས་གཞོན་ནུའི་གོ་སྒྲིག་འོག་མི་མང་དང༌། དགེ་འདུན་པ་སུམ་སྟོང་ལྷག་བསྡུ་སྐོང་གིས་མར་མེའི་ཁྲོམ་སྐོར་དང་འདས་གྲོངས་སུ་ སོང་བའི་བོད་ཀྱི་དཔའ་བོ་ཕོ་མོ་རྣམས་ལ་བསྔོ་སྨོན་དང་སྐྱབས་འཇུག བོད་དོན་བདེན་མཐའ་གསལ་ཕྱིར་སྒྲོལ་མ་གསོག་འདོན་གནང་སོང༌། ཚེས་༢༦ གི་ཞོགས་པ་བྷེལ་ཀོབ་དང་ཧུན་སུར། ཀོ་ལེའི་གྷལ་གྱི་ས་གནས་གཞོན་ནུ་དང་བུད་མེད་མཉམ་འབྲེལ་གྱི་གོ་སྒྲིག་འོག་སེར་ སྐྱ་མི་མང་གཅིག་ཁྲིར་ཉེ་བ་ཙམ་བསྡུ་བསྐོང་གིས་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ ཆེ་བ་ཞིག་དང༌། ཉིན་དེའི་ཕྱི་དྲོ་ལྷོ་ཕྱོགས་རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་ འོག་སེར་སྐྱ་མི་མང་བཞི་སྟོང་ཙམ་གྱིས་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་བ་ དང༌། སྐབས་དེར་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་སྐུ་ཚབ་སྤྱི་འཐུས་སྤྲུལ་ སྐུ་ཨོ་རྒྱན་སྟོབས་རྒྱལ་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན་རྣམ་གཉིས་ཀྱང་ཕེབས་ འདུག ཚེས་༢༧ ཉིན་གྱི་དགོང་མོར་ཡང་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་ གིས་བྷེལ་ཀོབ་ཏུ་མར་མེའི་ཁྲོམ་སྐོར་དང༌། ཚེ་༢༨ ཉིན་ཞོགས་པ་ཆུ་ཚོད་༩ པའི་ཐོག་བྷེལ་ཀོབ་ས་གནས་ཀོ་པ་ནས་ཀུ་ཤལ་ན་གར་བརྒྱུད་སེར་སྐྱ་མི་མང་སུམ་སྟོང་ ལྔ་བརྒྱ་ཙམ་གྱིས་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།།
    ཟླ་འདིའི་ཚེས་༣༠ ནས་༣༡ ཉིན་བར་ཆུ་ཚོད་༢༤ བཞིའི་རིང་གདན་ས་བཀྲིས་ལྷུན་པོའི་དགེ་འདུན་པ་༦༠ ཙམ་གྱིས་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དང་ཐད་ཀར་ཞི་མོལ་དགོས་པ་སོགས་དགོས་ འདུན་དོན་ཚན་ལྔའི་ཐོག་ཟས་བཅད་ངོ་རྒོལ་དང་བོད་བསྟན་སྲིད་ཀྱི་ཆེད་ཞབས་རིམ་ གསོག་སྒྲུབ་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ལས་འགུལ་དེ་མཇུག་གྲུབ་པ་དང་ས་གནས་གཞོན་ནུས་གོ་སྒྲིག་འོག་ལོ་ལྟར་རེ་བཞིན་ ྋགོང་ས་མཆོག་རྒྱ་གར་དུ་སྐྱབས་བཅོལ་གྱི་ཞབས་སོར་དངོས་སུ་འཁོད་པའི་དུས་དྲན་ སྲུང་བརྩི་བྱེད་བཞིན་པ་ལྟར། ད་ལོ་ཡང་སེར་སྐྱ་སྟོང་གསུམ་ཙམ་གྱིས་མར་མེ་རེ་སྤང་ཐོག་བཙུག་སྟེ། བོད་ཀྱི་ས་ཁྲའི་རི་མོའི་ཐོག་བོད་རང་བཙན་ཞེས་པའི་ཡི་གེ་བྲིས་ཏེ། བོད་རང་བཙན་མ་ཐོབ་ཀྱི་བར་དུ་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱིས་བདེན་དོན་ འཐབ་རྩོད་དང་གཞིས་ལུས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་དམ་བཅའ་བཞག་ ཡོད་པ་རེད།།
མེ་སོར་གསར་འགོད་པས།

རང་བཙན་གྱི་དགོས་འདུན་དང་ཨོ་ལིམ་ཕིག་ལ་ངོ་རྒོལ།

རང་བཙན་གྱི་དགོས་འདུན་དང་ཨོ་ལིམ་ཕིག་ལ་ངོ་རྒོལ།ཉེ་ཆར་བོད་ནང་གི་གནས་སྟངས་ཧ་ ཅང་ཛ་དྲག་ཏུ་གྱུར་པ་དང་སྟབས་བསྟུན་ནས། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་བཙུགས་པ་དང༌། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལས་སྐྱོབ་ཐབས་སུ་དོན་ཚན་བཞི་དམིགས་སུ་ བཀར་ནས་མི་མང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཚང་མས་ཚོགས་ཆུང་དེའི་འོག་ ཏུ་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་ནའང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཁས་ལེན་མ་ཞུས་པར་རང་བཙན་འཐབ་རྩོད་དང༌། རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་རྒྱ་ནག་ཏུ་འཚོག་རྒྱུར་མུ་མཐུད་ངོ་རྒོལ་ གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་པ་རེད།
    ཕྱི་ཟླ་༣ ཚེས་༣༠ དགོང་མོར་དྷ་ས་ས་གནས་གཞོན་ནུ་དང་ས་གནས་བུད་མེད་ཀྱིས་གོ་སྒྲིག་འོག་མར་མེའི་ ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང༌། དེའི་ཐོག་ཏུ་བོད་ཀྱི་དབུས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་ གསལ་བསྒྲགས་དེ་སྒྲོགས་སྦྱང་གནང་བའི་ནང་¿བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ འཕྲལ་ཕུགས་གཉིས་ཀའི་བོད་ཀྱི་རྩ་དོན་ལ་དམིགས་ཏེ། བོད་རང་བཙན་གྱི་ལངས་ཕྱོགས་བརྟན་བཟུང་ཐོག བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་བོད་ནང་གི་ཛ་དྲག་གནས་སྟངས་སྐྱོབ་ ཆེད་ཀྱི་དགོས་འདུན་ཁག་བཞི་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་གཉིས་ ཀས་གདུང་སེམས་མཉམ་བསྐྱེད་དང་བསམ་བློའི་རྒྱབ་སྐྱོར་ཞུ་རྒྱུ་ཡིན། འོན་ཀྱང༌། གཤམ་གསལ་དོན་གནད་ཁག་གི་ཐོག་ནས་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནང་བོད་ཀྱི་ གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀ་དངོས་སུ་མཉམ་ཞུགས་ཐུབ་ཐབས་མེད་པ་དབུས་ རྒྱུན་ལྷན་ཚོགས་ཀྱིས་ཐག་གཅོད་གཙང་མ་བྱུང་སོང༌། དེ་ཡང་གཞོན་ལྷན་གྱི་འགྱུར་མེད་ཀྱི་དམིགས་ཡུལ་བོད་རང་བཙན་གཙང་མ་ཡིན་པ་དང༌། བོད་ནང་ཉེ་ཆར་བོད་མི་ཚོས་སྲོག་བློས་བཏང་གནང་བའི་དགོས་འདུན་ཆེ་ཤོས་ཡང་བོད་ རང་བཙན་གྱི་དགོས་འདུན་དེ་ཡིན་པ་དང༌། ལྷག་པར་འདི་ལོའི་རྒྱལ་སྤྱིའི་རྩེད་འགྲན་རྒྱ་ནག་ཏུ་ཚུགས་གཏན་འཁེལ་བའི་གོ་ སྐབས་དེ་ནི། རྒྱལ་སྤྱིའི་ཐོག་ད་བར་རྒྱ་ནག་ལ་གནོན་ཤུགས་དང་བོད་དོན་འཐབ་རྩོད་ཀྱི་གོ་སྐབས་ ཆེ་ཤོས་དེ་ཡིན་པ་དང༌། རྒྱ་ནག་གི་གོ་སྐབས་དེ་ཉིད་བེད་སྤྱོད་ལོག་པར་བཏང་སྟེ་བོད་རྒྱ་ནག་གི་ཆ་ཤས་ ཡིན་པ་བསྒྲུབ་ཐབས་བྱ་རྩིས་ཡོད་པར་བརྟེན། རྒྱ་ནག་ལ་ཨོ་ལིམ་ཕིག་གི་མགྲོན་བདག་ཐག་གཅོད་བྱུང་བ་ནས་བཟུང་བོད་ཀྱི་གཞོན་ནུ་ ལྷན་ཚོགས་ཀྱི་ངོས་ནས་བོད་རང་བཙན་མ་ཐོབ་བར་ཨོ་ལིམ་ཕིག་རྒྱ་ནག་ཏུ་ཚུགས་རྒྱུར་ ངོས་ལེན་མེད་པ་མ་ཟད། དེར་ངོ་རྒོལ་བྱ་རྒྱུའི་གྲོས་ཆོད་རིམ་པ་བཞག་སྟེ་ལས་འཆར་མང་དག་ཅིག་གཏན་འཁེལ་ ཟིན་ཡང༌། བོད་གཞུང་མང་ཛ་དྲག་ཚོགས་ཆུང་གིས་དགོས་འདུན་ཁག་བཞིའི་ཐོག་ལས་འགུལ་སྤེལ་གནང་ རྒྱུ་མ་གཏོགས། དེ་མིན་བོད་རང་བཙན་གྱི་དགོས་འདུན་གསལ་སྟོན་དང༌། ཨོ་ལིམ་ཕིག་ལ་ངོ་རྒོལ་གནང་བདེ་དང་གནང་འཆར་རྩ་བ་ནས་མེད་སྐོར་བོད་གཞུང་མང་ཛ་ དྲག་ལས་འགུལ་ཚོགས་ཆུང་ལ་བཅར་སྐབས་དངོས་སུ་བཀའ་གསལ་པོ་ཕེབས་པ་སོགས་ལ་བརྟེན། དེ་རིང་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་འཆར་ནང་བོད་ཀྱི་གཞོན་ནུ་ ལྷན་ཚོགས་ཀྱི་དབུས་ས་གཉིས་མཉམ་ཞུགས་ཐུབ་ཐབས་མེད་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ལས་ འཆར་དང་གནང་སྒོ་ནང་མེད་པའི་བོད་རང་བཙན་གྱི་དགོས་འདུན་གསལ་སྟོན་དང༌། རྒྱ་ནག་ཏུ་ཨོ་ལིམ་ཕིག་ཚུགས་རྒྱུར་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ རྒྱུན་ལས་ཐེངས་མང་བསྐོང་ཚོགས་ཀྱིས་མཐའ་མའི་ཐག་གཅོད་བྱུང་སྐོར་བོད་གཞུང་མང་ ཛ་དྲག་ལས་འགུལ་ཚོགས་ཆུང་ལ་ཕུལ་བའི་ཞུ་སྙན་གྱི་ངོ་བཤུས་ཆབས་འབུལ་ཞུས་ཡོད་པས། ས་གཞོན་ཁག་ནས་དེ་དོན་དགོངས་འཇགས་ལག་བསྟར་དགོས་པ་དང༌། ལྷག་པར་གཞོན་ལྷན་ནས་ཐག་གཅོད་དང་གཏན་འབེབས་བཞིན་རིང་མིན་ལས་འགུལ་ཁག་འགོ་ འཛུགས་ཞུ་འཆར་ཡོད་པའི་བཀོད་ཁྱབ་མི་རིང་བ་ས་གནས་ཁག་ཏུ་གཏང་རྒྱུ་ལགས་ན། དེ་བཞིན་དགོངས་མངའ་གྲྭ་སྒྲིག་ཡོང་བ་དང༌། ས་གནས་སོ་སོར་འཚེ་མེད་ཞི་བའི་ལམ་ནས་རང་བཙན་གྱི་དགོས་འདུན་དང༌། ཨོ་ལོམ་ཕིག་ལ་ངོ་རྒོལ། བོད་ནང་གི་ཛ་དྲག་གནས་སྟངས་བཅས་ཀྱི་ཆེད་ལས་འགུལ་གང་ཐུབ་ངེས་སྤེལ་དགོས་པའི་ བཀོད་ཁྱབ་ཏུ་¿ཞེས་གསལ་ཡོད་པ་རེད། དེ་བཞིན་ཁོང་གིས་གཞོན་ནུ་ལྷན་ཚོགས་བཙུགས་ནས་ད་ལྟ་བར་དུ་གནས་པ་མི་མང་གིས་ རྒྱབ་སྐྱོར་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན་པས། མ་འོངས་པར་ཡང་གཞོན་ནུའི་ལས་འགུལ་ལ་མི་མང་གིས་རྒྱབ་སྐྱོར་གནང་རོགས་ཞེས་འབོད་ སྐུལ་གནང་ཡོད་པ་རེད།།

ཀིརྟི་དགོན་པའི་གྲྭ་པ་ལྔ་བརྒྱ་ལྷག་འཛིན་བཟུང༌།

ཕྱི་ཟླ་༣ ཚེས་༡༦ ཉིན་ནས་ཨ་མདོ་རྔ་བ་ཁུལ་དུ་བོད་མི་ཞི་རྒོལ་བར་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་ བོད་མི་སེར་སྐྱ་གྲངས་༢༣ ཙམ་དམར་གསོད་བཏང་བའི་ཕུང་པོ་དངོས་སུ་རྙེད་ཡོད་པ་རེད། གང་མང་འཇུ་བཟུང་བྱེད་བཞིན་ཡོད། ཕྱི་ཟླ་༣ ཚེས་༢༨ ཉིན་གྱི་ཞོགས་པར་དམ་དྲག་ཆེན་པོ་བྱས་ཡོད་པ་དང༌། ལྷག་པར་དུ་ཀིརྟི་དགོན་པའི་གཡས་གཡོན་སོགས་ལ་རྩ་བ་ནས་འགྲོ་མི་ཆོག་པའི་དམ་དྲག་ ཤུགས་ཆེ་བྱས་ཡོད་པ་རེད། ཉིན་དེའི་པེ་ཅིང་གི་ཚོུད་༡༢ ཙམ་ལ་རྔ་བ་ཀིརྟི་དགོན་གྱི་གྲྭ་ཤག་རེ་རེའི་ནང་དྲག་ཆས་སྤྲས་པའི་དམག་མི་དང༌། ཉེན་རྟོག་མི་སྣ་བཞི་ནས་བདུན་བར་ཁག་བགོས་ཀྱིས་སྔོག་བཤེར་བྱེད་སྐབས་ྋགོང་ས་ མཆོག་གི་སྐུ་པར་མང་པོ་འཕྲོག་བཅོམ་བྱས་ཡོད་འདུག དེ་མིན་ཡིག་ཆ་ག་རེ་ཡོད་མེད་ལ་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་པའི་ཐོག་དགེ་ འདུན་པ་གཅིག་ཀྱང་ཕྱི་ལོགས་སུ་མ་བཏང་བར་དགོན་པའི་མཐའ་སྐོར་དུ་འཛིང་རགས་ བརྒྱབ་ཏེ་དགེ་འདུན་པས་ངོ་རྒོལ་བྱས་ན་དྲག་གནོན་བྱེད་རྒྱུའི་གྲ་སྒྲིག་ཨང་གསར་ བྱས་ཏེ་ཚེས་༡༨ དང་༡༩ ཉིན་གཉིས་རིང་ལ་ཉེན་རྟོག་པ་དང་དྲག་དམག་མཉམ་རུབ་ཀྱིས་གྲྭ་བ་ལྔ་བརྒྱ་ལྷག་འཇུ་ བཟུང་བྱས་པའི་གནས་ཚུལ་ཛ་དྲག་ཆགས་ཡོད་པ་རེད།།
        ཧོལ་ཁ་གྲོང་ཚོ་དང་ཐེ་བོ་ས་གནས་སུ་དམ་དྲགཨ་མདོ་ཧོལ་ཁ་གྲོང་ཚོའི་ནང་ཕྱི་ཟླ་༣ ཚེས་༢༥ ཉིན་བོད་རིགས་མང་ཚོགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང༌། བོད་ཀྱི་ས་གནས་གཞན་དང་གཅིག་མཚུངས་ཀྱིས་དྲག་དམག་ཧ་ཅང་འབོར་ཆེན་འབྱོར་ཏེ་ཞི་ རྒོལ་བ་བཀག་འགོག་བྱས་པ་མ་ཟད། དེའི་ནང་གི་རི་འབུམ་རྒྱལ་དང༌། ཚེ་དབང༌། དེ་མིན་བུད་མེད་གཅིག་བཅས་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། ད་དུང་འཇུ་བཟུང་བྱེད་རྒྱུ་ཡིན་པའི་བརྡ་ཁྱབ་ཅིག་ཀྱང་བཀྲམས་ཡོད་པ་རེད།
    རྫོང་སྲིད་གཞུང་གིས་བཀྲམས་པའི་བརྡ་ཁྱབ་དེའི་ནང་གི་མཇུག་ཏུ་¿གསུམ་པའི་ཉེར་ ལྔ་ཉིན་ཁྲིམས་འགལ་འདུ་ཚོགས་སྐོར་འཁྱམ་ལ་ཞུགས་པའི་མི་སྣ་ཚོས་དོན་དག་ངོམ་གསལ་ གཏོགས་ཏེ། ཏང་དང་སྲིད་གཞུང་གི་བྱ་བ་ལ་མཉམ་སྡེབ་ཀྱི་སྙིང་སྟོབས་བསྐྱེད་ནས་རང་ཉེས་རང་ ཞུ་བྱས་ནས། བརྡ་སྦྱོར་འདི་བསྒྲགས་ནས་ཉིན་གསུམ་ནང་མགོ་བཏེགས་ན། ང་ཚོས་ཁྲིམས་ལྟར་ཡང་མོ་ནས་སྐྱོན་མེད་ཀྱི་ཐག་གཅོད་དང༌། བརྡ་སྦྱོར་བཏང་རུང་རང་ཉེས་བཤད་དུ་མི་ཡོང་ན། ང་ཚོས་ཐག་གཅོད་ལྗིད་མོ་བྱེད་རྒྱུ་ཡིན་ཞིང་ངན་ལང་དུ་གཏན་ནས་མི་གཏོང༌། གཞན་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཁྲིམས་འགལ་འདུ་ཚོགས་ཞུགས་པའི་མི་སྣ་ ཚོས་ཉེས་སྐྱོན་ཁུངས་སྣེ་རིག་མཐོང་དང་ཉེས་མཚང་ཐེར་འདོན་བྱས་ན་གསང་སྲུང་དང་ བྱ་དགའ་སྟེར་ངེས་ཞེས་¿བརྡ་ཁྱབ་འདི་འབྲེལ་ཡོད་ཅིག་གིས་པར་བརྒྱབ་པ་འདི་གར་ མཁོ་སྤྲོད་གནང་བ་དང༌། མཇུག་གི་དུམ་ཚན་གཅིག་ཡིག་ནོར་ཡང་མ་བཅོས་པར་རང་སོར་བཀོད་ཡོད། འཇིགས་སྐུལ་གྱིས་བརྡ་ཁྱབ་ཐོག་སྲིད་གཞུང་སྤྱི་བདེ་ལས་ཁུངས་ཀྱི་ཐམ་ཀ་བརྒྱབ་ ནས་བཀྲམས་ཡོད་པ་རེད། དེ་བཞིན་མདོ་སྨད་ཐེ་བོ་ནས་མི་མང་གིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པར་བརྟེན། ད་ལྟ་དྲག་དམག་ཧ་ཅང་མང་པོ་འབྱོར་ནས་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། སྡེ་བ་རེ་རེའི་ནང་ལས་བྱེད་ཆེད་བསྐྱོད་ཀྱིས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་འཇུག་ གི་ཡོད་པ་རེད།།

ཛ་དྲག་ལས་འགུལ་ཚོགས་ཆུང་གི་གསལ་བསྒྲཌ།

ཟླ་འདིའི་ཚེས་༡ ཉིན་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ གིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། བོད་ནང་དུ་ཉེན་རྟོག་པ་དང༌། དམག་མི་མང་དུ་བཏང་ནས་ཧ་ཅང་དམ་དྲག་འོག་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་ བཞིན་ཡོད་པ་དང༌། ས་གནས་ཀྱི་བཙོན་ཁང་ཁེངས་ནས་བཙོན་པ་ས་གནས་གཞན་དུ་གནས་སྤོ་བྱེད་ཀྱི་ཡོད་པའི་ སྐོར་དང༌། བཙན་བྱོལ་ནང་དུ་ཟླ་འདིའི་ཚེས་༤ ཉིན་ས་གནས་སོ་སོར་བླ་ཆེན་ནམ་མཁན་སྤྲུལ་དབུ་བཞུགས་ཀྱིས་སེར་སྐྱ་མི་མང་ནས་ སྨོན་ལམ་གསོག་འདོན་གནང་རྒྱུ་དང༌། ས་གནས་སོ་སོར་ཟས་བཅད་ངོ་རྒོལ་དང་འབྲེལ་དྭང་བླངས་བ་གང་མང་ནས་མགོ་རིལ་བཟོ་ རྒྱུ། ཚེས་༡༠ ནས་༡༢ བར་ལྡི་ལི་དང༌། ཀོལ་ཀ་ཏ། མུམ་བྷེ། བལ་ཡུལ་ཀ་ཐ་མན་གྲུ། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ནང་གི་ལས་འགུལ་ཁྲོད་འདས་གྲོངས་སུ་ཕྱིན་པ་རྣམས་ ཀྱི་སྐུ་ཕུང་མཚོན་བྱེད་ཕུང་པོ་རྫུན་མ་ཁྱེར་ཏེ་ཁྲོམ་སྐོར་བྱེད་རྒྱུ་དང༌། ས་གནས་ལ་ཕྱི་རྒྱལ་གཞུང་ཚབ་ཡན་ལག་ཡོད་ཚེ། དེའི་སྐབས་གང་མང་གདན་ཞུ་ཐུབ་ཐབས་གནང་གལ། ཚེས་༡༡ ཉིན་རྒྱ་གཞུང་གིས་བོད་ཀྱི་བཙོན་པར་མནར་གཅོད་གཏོང་ཚུལ་འཁྲབ་སྟོན་དང་བཅས་ ཁྲོམ་སྐོར་བྱ་རྒྱུ། ཚེས་༡༢ ཉིན་ཉེ་དུས་བོད་ནང་རྒྱ་དམར་གྱིས་དྲག་གནོན་བྱས་ཏེ་རྨས་སྐྱོན་ཕོག་ཚུལ་འཁྲབ་ སྟོན་དང་འབྲེལ་ཁྲོམ་སྐོར་བྱ་རྒྱུ། ཚེས་༡༧ ཉིན་ལྡི་ལིར་ཨོ་ལིམ་ཕིག་དཔལ་འབར་འབྱོར་བའི་ཉིན་མོ་ཡིན་སྟབས། ལྡི་ལིར་གནས་བཞུགས་བོད་མི་ཡོངས་ནས་ས་གནས་སྐོར་སྲུང་བར་ལུགས་མཐུན་བཀའ་ཁྲོལ་ ཞུས་ཏེ། ཇན་ཏར་མན་ཏར་དུ་འཛོམས་ནས་ཨོ་ལིམ་ཕིག་རྒྱ་ནག་ཏུ་ཚུགས་རྒྱུར་ངོ་རྒོལ་མེད་ ཀྱང༌། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ལས་འགུལ་ཉིན་འཁྱོངས་སྤེལ་རྒྱུ་ཡིན་པ་ དང༌། གཞུང་མང་ཛ་དྲག་ཚོགས་ཆུང་གི་ལམ་སྟོན་གྱི་རྒྱ་ལས་མ་བརྒལ་བའི་ཐོག་ནས་ལས་འགུལ་ འཕར་མ་ཇི་སྤེལ་ལ་དགའ་བསུ་ཡོད་སྐོར་སོགས་ཀྱི་གསལ་བསྒྲགས་སྤེལ་ཡོད་པ་རེད།།

ཨོ་ལིམ་ཕིག་གི་དཔལ་འབར་དེ་ལྷ་སར་མི་འཁྱེར་བའི་དགོས་འདུན།

ཟླ་འདིའི་ཚེས་༣ ཉིན་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་ཨ་ རིའི་གྲོས་ཚོགས་འཐུས་མིའི་ཚོགས་འདུ་ཞིག་གི་ཐོག་རྒྱལ་སྤྱིའི་ཨོ་ལིམ་ཕིག་ རྩེད་འགྲན་གྱི་དཔལ་འབར་དེ་བོད་ཀྱི་རྒྱལ་ས་ལྷ་སར་ཁྱེར་ན་ད་ལྟ་བོད་མིའི་ཞི་ རྒོལ་བྱེད་བཞིན་པའི་སྐབས་འདིར་བོད་མི་ཚོར་ཁྱད་གསོད་དང༌། རྙོག་གྲ་སློང་མཁན་ལྟ་བུ་ཞིག་ཆགས་རྒྱུ་ཡིན་པ་མ་ཟད། པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་ལ་གནོད་པའི་དྲིལ་བསྒྲགས་ཀྱང་ཡོང་རྒྱུ་ཡིན་ པར་བརྟེན། དཔལ་འབར་དེ་ལྷ་སར་འཁྱེར་མི་རུང་བའི་དགོས་འདུན་བཏོན་པ་དང༌། དེ་བཞིན་བོད་ནང་དུ་རྒྱལ་སྤྱིའི་རྟོག་ཞིབ་པ་འཕྲལ་དུ་གཏོང་དགོས་པའི་འབོད་ སྐུལ་ཡང་གནང་ཡོད་པ་རེད།།

རྒྱ་ནག་གི་དྲག་གནོན་འོག་འདས་གྲོངས་སོང་བ་རྣམས་ལ་བསྔོ་སྨོན།

འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་ནས་བོད་ནང་གི་ས་གནས་གང་སར་རྒྱ་གཞུང་ལ་ཞི་ རྒོལ་བྱས་དང་བྱེད་བཞིན་ཡོད་པ་དང༌། རྒྱ་གཞུང་གིས་དྲག་གནོན་ཚབས་ཆེན་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་བ་རྣམས་ ལ་བསྔོ་བ་སྨོན་ལམ་དང༌། བོད་ཀྱི་བསྟན་སྲིད་ཀྱི་སླད་སྒྲོལ་མ་དང༌། མ་ཎི་སོགས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གསོག་སྒྲུབ་གནང་བཞིན་ཡོད་པ་རེད། ཟླ་འདིའི་ཚེས་༦ སྔ་དྲོ་ཆུ་ཚོད་༩ པའི་ཐོག་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་ བསྒྱུར་གནང་བ་དང༌། དེ་བཞིན་དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས་དབུས་དགེ་བཙུན་རྣམ་པ་དང༌། བོད་གཞུང་གི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་མི་མང་ཧ་ཅང་མང་པོ་ འདུ་འཛོམས་བྱུང་ཡོད་པ་རེད།     བསྔོ་བ་སྨོན་ལམ་དང༌། ཞབས་རིམ་གསུངས་རྗེས་དེར་ཡོད་ཀྱི་རྒྱལ་ཕྱི་ནང་གི་གསར་འགོད་པ་རྣམས་ཆེད་བསྐོང་ གིས་སེར་སྐྱ་མང་ཚོགས་འདུས་མང་སར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན་སྒྲོགས་སྦྱང་གནང་གསུང་འཕྲིན་ཆ་ཚང་ཤོག་ངོས་ དྲུག་པར་བཀོད་ཡོད། ཡོད་པ་རེད། དེ་བཞིན་ཉིན་འདིར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་རྒྱ་བལ་འབྲུག་གསུམ་ གྱི་གཞིས་ཆགས་ཁག་དང༌། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་བོད་རིགས་གནས་སྡོད་བྱེད་ཡུལ་ཚང་མར་བོད་དོན་གྱི་ ཆེད་དུ་སྨོན་ལམ་གསུངས་ཡོད་པ་རེད།།

ཁམས་སྟོང་འཁོར་དུ་ཞི་རྒོལ་བྱེད་མཁན་བརྒྱད་ཀྱི་ཚེ་སྲོག་ཤོར་བ།

སྟོང་འཁོར་དགོན་དུ་རྒྱ་དམག་༤༠༠༠ ཙམ་སླེབས་ནས་དམག་རྩལ་སྦྱོང་བརྡར་སོགས་འཇིགས་སྐུལ་དང་ཐུབ་ཚོད་མང་པོ་བཏང་བ་ དང༌། ཕྱག་མཛོད་ཁང་དུ་སླེབས་ནས་ྋགོང་ས་མཆོག་ལ་མཚན་སྨད་དང༌། ཁ་བྲལ་རིང་ལུགས་པ་རྣམས་ལ་མཐའ་གཅིག་ཏུ་ངོ་རྒོལ་གྱི་ནང་དོན་འཁོད་པའི་ཡིག་ཆར་ མིང་རྟགས་འགོད་དགོས་ཚུལ་བརྗོད་པར། ཕྱག་མཛོད་བློ་བཟང་འཇམ་དབྱངས་ཀྱིས་ང་རང་གི་ངོས་ནས་སྲོག་ཤོར་ཡང་ངོས་ལེན་མེད། འོན་ཀྱང་སྟོང་འཁོར་སེར་སྐྱ་མི་མང་ཚོས་ངོ་རྒོལ་མི་བྱེད་པའི་ཐབས་ཤེས་གང་ཐུབ་ བྱེད་ཀྱི་ཡིན་ཞེས་བརྗོད་སྐབས། རྒྱ་དཔོན་དེ་ཁོང་ཁྲོ་དང་བཅས་ཁྱོད་ཚོ་ཡར་ལངས་དགོས་ཀྱི་ཡོད། ང་ཚོ་ལ་ཁ་གཏད་དགོས། མི་ཁ་ཤས་གསོད་དགོས་ཀྱི་ཡོད། གཞན་གླགས་འཁེལ་གྱི་མ་རེད་ཅེས་འཇིགས་སྐུལ་བྱས་འདུག
    ཕྱི་ཟླ་༤ ཚེས་༣ ཉིན་གྱི་ཞོགས་པ་རྒྱ་དམག་བཞི་སྟོང་ཙམ་སྟོང་འཁོར་དུ་འབྱོར་ནས་གྲྭ་ཤག་སྔོག་ བཤེར་བྱས་ནས་ྋགོང་ས་མཆོག་དང༌། སྟོང་འཁོར་ཞབས་དྲུང་རིན་པོ་ཆེའི་སྐུ་པར་རྡོག་རྫིས་བཏང་བ་དགེ་འདུན་པ་རྣམས་ ཀྱིས་བཀག་འགོག་བྱས་པར་ཉེས་རྡུང་བཏང་བས་མ་ཚད། རང་ལོ་༧༤ ཡིན་པ་དགེ་བཤེས་ཚུལ་ཁྲིམས་བསྟན་འཛིན་དང༌། ལོ་༢༦ ཡིན་པ་མི་སྐྱ་ཚུལ་ཁྲིམས་ཕུན་ཚོགས་གཉིས་འཛིན་བཟུང་བྱས་ནས་བཅའ་དངོས་འཕྲོག་ བཅོམ་དང་གཏོར་བཅག་ཤུགས་ཆེ་བྱས། ཕྱི་དྲོ་ཆུ་ཚོད་༤ ཙམ་ལ་དགེ་འདུན་པ་༤༠༠ ཙམ་གྱིས་གྲོས་བསྡུར་བྱས་ནས་ང་ཚོས་རང་སྲོག་ཤོར་ཡང་ྋགོང་ས་མཆོག་ལ་སྐྱོན་ བརྗོད་བྱེད་ཐུབ་ཀྱི་མེད་པ་ཁ་གཅིག་གྲགས་དང༌། མི་སྐྱ་ཕོ་མོ་གྲངས་༥༠༠ བཅས་ཀྱིས་བསོད་ཐོག་མདའ་ཤང་གི་སྒོ་འགྲམ་དུ་སོང་ནས་འཛིན་བཟུང་བྱས་པ་རྣམས་ གློད་གྲོལ་གཏོང་དགོས། ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་ཀྱི་བདག་པོ་བོད་མི་ཡིན་སོགས་སྐད་འབོད་ཤུགས་ཆེ་བྱེད་སྐབས་རྒྱ་དམག་གིས་ མཚོན་ཆ་བེད་སྤྱོད་བྱས་ནས་དམར་གསོད་བཏང་བ། ཐུབ་བསྟན་བཟང་ལྡན་ལོ་༢༨ བུ་བུ་བདེ་ལེགས་མི་སྐྱ་ལོ་༣༣ འབྲུག་ལོ་མཚོ་ལོ་༣༣ བསྟན་བློ་ལོ་༣༥ ཚེ་གཡང་སྐྱིད་ལོ་༢༢ ཚེ་རིང་དོན་གྲུབ་ལོ་༢༧ སྐལ་བཟང་ཆོས་སྒྲོན། བློ་བཟང་རིན་ཆེན་བཅས་མི་༨ དམར་གསོད་བཏང་ཡོད་ཀྱང༌། ཕུང་པོ་གཅིག་ཀྱང་ལག་སོན་མ་བྱུང་བར་རྒྱ་གཞུང་གིས་དབོར་འདྲེན་བྱས་ཡོད་འདུག རྨས་སྐྱོན་ཕོག་པ་ཐུབ་བསྟན་དགེ་ལེགས་དང༌། སྐལ་པོ། ཉི་མ། ཡེ་ཤེས་བཟང་པོ་སོགས་མི་བདུན་ཅུ་ཙམ་དང༌། དེ་མིན་འཛིན་བཟུང་བྱས་པ་དང་གར་སོང་ཆ་མེད་དུ་གྱུར་པ་གང་མང་ཞིག་ཡོད་འདུག ཕྱི་ཚེས་༥ ཉིན་སྟོང་འཁོར་ཞབས་དྲུང་རིན་པོ་ཆེའི་གཟིམ་ཆུང་གི་ཤེལ་ཁྲ་བཅག་གཏོར་བཏང་བ་ དང༌། དགོན་པའི་ནང་གི་སྐུ་འདྲ་སོགས་གང་བྱུང་བཅག་གཏོར་བྱས་ཡོད་ཚུལ་འདུག དགོན་དེར་རིག་དངོས་རྙིང་པ་རྩ་ཆེ་ཧ་ཅང་མང་པོ་ཡོད་པ་དག་རྒྱ་དམག་གིས་རྐུ་ འཁྱེར་བྱེད་ངེས་པའི་སེམས་ཁྲལ་བྱེད་བཞིན་ཡོད་པ་དང༌། དགོན་ནང་དུ་གྲྭ་པ་བགྲེས་སོང་དང་གྲྭ་ཆུང་ཁག་ཅིག་ལས་གཞན་རྣམས་འཛིན་བཟུང་དང་ རི་ལ་བྲོས་བྱོལ་དུ་འགྲོ་དགོས་ཐུག་ཡོད་པ་རེད། མི་མང་ལ་མཚོན་ནའང་དེ་དང་གཅིག་མཚུངས་བཞིན་འཛིན་བཟུང་བྱས་པ་དང་རི་ལ་བྲོས་ བྱོལ་དུ་སོང་བའི་ཤུལ་དུ་བུད་མེད་དང་ཕྲུ་གུ་རེ་ཟུང་ལས་ལྷག་མེད་པར་བརྟེན་ལོ་ འདིར་ས་ཞིང་རྨོ་ལས་བྱེད་ཐུབ་མིན་ཡང་ཐེ་ཚོམ་གྱི་གནས་སུ་གྱུར་ཡོད་འདུག རྒྱ་གཞུང་གིས་རི་ལ་བྲོས་བྱོལ་དུ་ཕྱིན་པ་རྣམས་ཀྱི་ནང་ནས་མི་གཅིག་རྩིས་སྤྲོད་ བྱེད་མཁན་བྱུང་ནའང་རྒྱ་སྒོར་ཁྲི་གཉིས་ནས་ཁྲི་བརྒྱད་ཀྱི་བར་རྔན་པར་སྤྲོད་ རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།། འབྲེལ་ཡོད་སྟོང་འཁོར་བ་ཁག་ཅིག་ནས་གནས་ཚུལ་མཁོ་སྤྲོད་གནང་སོང༌།།

མི་ཉག་པ་སྨད་ས་ཁུལ་དུ་དམ་དྲག

ཁ་པར་བརྒྱུད་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན་ཁམས་མི་ཉག་པ་སྨད་གྲོང་བརྡལ་ དུ་ཟླ་༣ པའི་ཚེས་༢༥ དང་༢༦ ལ་རྒྱ་སྒོར་ཁེར་ཤོག་གི་སྟེང་དུ་བོད་རང་བཙན་ཡིན་པ་དང༌། སྔོན་མ་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱེད་སྐབས་ཀྱི་ཡ་ང་བའི་བྱུང་རབས་མདོར་ བསྡུས་རེ་བྲིས་ནས་གང་སར་གཏོར་བ་དང༌། མི་ཉག་ལྷ་སྒང་དུའང་ཁ་པར་གྱི་བརྡ་འཛིན་གློག་སྡོང་གི་རྩེ་རུ་བོད་གྱི་རྒྱལ་དར་ གཉིས་བསྒྲེངས་འཛུག་གནང་སྟེ་ཆུ་ཚོད་ཁ་ཤས་ལ་རྒྱ་དམག་གིས་མར་ཕབ་མ་ཐུབ་པར་ལྷག་ པ་སོགས་བྱུང་ཡོད་འདུག ད་ལྟའི་ཆར་མི་ཉག་གི་ས་ཆ་གང་སར་རྒྱ་དམག་ཕོན་ཆེ་འབྱོར་དེ་དམ་དྲག་ངང་གནས་ཡོད་ པ་རེད། མི་མང་གིས་རྒྱ་གཞུང་ལ་སྡང་ཟུག་དང་མི་དགའ་བ་བྱེད་ཀྱི་ཡོད་ན་ཡང་མི་མང་འཇུ་ བཟུང་བྱས་པ་སོགས་ཀྱི་གནས་ཚུལ་གསལ་པོ་མི་འདུག།
མེ་སོར་གསར་འགོད་པས།

སོག་རྫོང་དུ་དགེ་འདུན་པ་འཛིན་བཟུང༌།

དེ་སྔོན་སོག་རྫོང་ཁོངས་ཅུང་པ་ཉི་མ་གླིང་དགོན་པའི་གྲྭ་པ་དྲུག་འཛིན་བཟུང་བྱས་ པའི་ནང་གཉིས་ཕྱིར་བཏང་ཡོད་འདུག གྲྭ་བསྟན་འཛིན་ཤེས་རབ་ལོ་༡༥ ངག་དབང་བློ་གྲོས་ལོ་༡༧ ཚུལ་ཁྲིམས་བསྟན་དར་ལོ་༢༡ མིང་མ་ཤེས་པ་གཟུ་ནང་གི་གྲྭ་པ་གཅིག་བཅས་བཞི་བཙོན་འཇུག་བྱས་ཡོད་པ་དང༌། ནང་མི་རྣམས་དང་ཐུག་འཕྲད་བྱེད་བཅུག་གི་མི་འདུག དེ་དང་ཕྱོགས་མཚུངས་ལྷ་སའི་དོན་རྐྱེན་སྐབས་སོག་རྫོང་ཅུང་པ་ཤང་གི་བུད་མེད་༣ དང་ཕོ་གསར་༢ བཅས་ཁྱོན་མི་༥ ཙམ་བསད་བཟུང་གང་ཡིན་མ་ཤེས་པར་བརླགས་ཡོད་འདུག།

ཨོ་ལིམ་ཕིག་དཔལ་འབར་ལ་ངོ་རྒོལ།

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲིད་བྱུས་ཐོག་ས་གནས་གང་སར་མུ་མཐུད་ངོ་རྒོལ་ བྱེད་ཀྱི་ཡོད་པར་ཟླ་འདིའི་ཚེས་༧ ཧཕ་རན་སིའི་རྒྱལ་སར་ཨོ་ལིམ་ཕིག་དཔལ་འབར་གྱི་སྲུང་སྐྱོབ་ལས་བྱེད་རྣམས་ཀྱིས་ དཔལ་འབར་གྱི་མེ་དེ་ཐེངས་གཉིས་གསོད་དགོས་བྱུང་བ་རེད། དེ་བཞིན་ཁྲོམ་སྐོར་བྱེད་མཁན་རྣམས་ཀྱིས་ཨོ་ལིམ་ཕིག་དཔལ་འབར་སྒང་ལ་ཆུ་གཏོར་ ནས་མེ་གསོད་ཐབས་བྱས་ཡོད་པ་དང་དཔལ་འབར་སྣེ་ཁྲིད་མཁན་ཕྱོགས་སུ་མདུན་མཆོང་ཡང་ བརྒྱབ་ཡོད་པ་རེད། དཔལ་འབར་འཁྱེར་ནས་འགྲོ་སའི་ལམ་ཆེན་གསུམ་པ་དེ་ཕྱིར་འཐེན་བྱེད་དགོས་བྱུང་བ་ རེད། ལོན་ཌོན་དང་ཧཕ་རན་སའི་རྒྱལ་ས་གཉིས་ཀ་ལ་ཨོ་ལིམ་ཕིག་དཔལ་འབར་ལ་བར་ཆད་གཏོང་ ཐབས་ཀྱི་ངོ་རྒོལ་བྱེད་མཁན་ལ་རྒྱ་ནག་གིས་མཐའ་གཅིག་ཏུ་སྐྱོན་འཛུགས་བྱས་ཡོད་པ་ རེད། རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆུང་གི་པེ་ཅིང་རྩེད་འགྲན་གོ་སྒྲིག་ ཚོགས་ཆུང་དང་མཉམ་དུ་གཞུང་འབྲེལ་ཚོགས་འདུ་མཐའ་མ་དེ་བདུན་ཕྲག་འདིའི་ནང་པེ་ ཅིང་དུ་འཚོག་རྒྱུ་ཡིན་འདུག རྒྱ་ནག་གི་བོད་ནང་ལ་ལག་ལེན་བསྟར་བཞིན་པའི་སྲིད་བྱུས་དང་ལྷག་པར་དུ་འགྲོ་བ་ མིའི་ཐོབ་ཐང་མེད་པའི་སྐོར་ལ་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཆེད་དབྱིན་ཡུལ་དང་ཧཕ་ རན་སིའི་རྒྱལ་ས་གཉིས་ཀར་མི་ཚོགས་སྟོང་ཕྲག་མང་པོས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་ པ་རེད།།

ཉེ་ཆར་བོད་ནང་དུ་བྱུང་བའི་ཞི་རྒོལ་དང་དམ་དྲག་གི་གནས་ཚུལ།

ཁམས་ཚ་བ་དཔའ་ཤོད་རྫོང་གནས་ར་དགོན་གྱི་གྲྭ་ཚེ་རིང་རྡོ་རྗེ་འཛིན་བཟུང་། ཕྱི་ཟླ་༣ ཚེས་༢༨ ཉིན་བོད་ལྗོངས་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་རྫོང་ཁོངས་གནས་ར་དགོན་གྱི་གྲྭ་ཚེ་ རིང་རྡོ་རྗེས་ལོ་ ༡༨རྫོང་སྲིད་གཞུང་གི་ལས་ཁུངས་ཁག་འགའ་དང༌། རྒྱང་རིང་ཁ་པར་གཏོང་སའི་རྩིག་གྱང༌། དགོན་པའི་ཉེ་འགྲམ་གྱི་ཕ་བོང་སོགས་སུ་བོད་རང་བཙན། བོད་ལ་ཆོས་དད་རང་དབང་དགོས། ྋརྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པ་སོགས་ཀྱི་སྦྱར་ཡིག་མང་པོ་ སྦྱར་ཏེ་དགོན་པར་ཕྱིར་ལོགས་བྱས་ཟིན་མཚམས་ཕྱི་དྲོ་༥ ཙམ་གྱི་ཐོག་རྫོང་གི་སྤྱི་བདེ་མི་སྣས་འཛིན་བཟུང་བཙོན་འཇུག་བྱས་ཡོད་འདུག།

འཇོ་མདའ་རྫོང་འཛི་སྒར་དགོན་གྱི་སྦྱར་ཡིག

ཕྱི་ཟླ་༣ ཚེས་༢༩ ཉིན་ནས་བཟུང་བོད་ལྗོངས་ཆབ་མདོ་ས་ཁུལ་འཇོ་མདའ་རྫོང་འཛི་སྒར་ཤང༌། འཛི་སྒར་དགོན་པའི་གྲྭ་བ་རྣམས་ཀྱིས་དགོན་པའི་ཉེ་འགྲམ་གྱི་གཞུང་ལམ་དང་རྩིག་ གྱང་སོགས་སུ་བོད་རང་བཙན་ཡིན། རྒྱ་མི་བོད་ནས་མར་རྒྱུགས། ྋརྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེས་གཟིགས། ཞེས་པ་སོགས་ཀྱི་སྦྱར་ཡིག་ཕོན་ཆེ་སྦྱར་ཡོད་འདུག་པ་དང༌། ཤང་གི་ལས་བྱེད་ཚོ་དགོན་པར་ཡོང་ནས་བྱེད་གཏེ་སུ་ཡིན་རྩད་གཅོད་བྱས་ཡོད་འདུག་ ཀྱང་དོན་ཕན་སོན་ཡོད་མི་འདུག དེ་རྗེས་རྒྱ་གཞུང་གིས་དགོན་པར་དམག་མི་འབོར་ཆེན་བཏང་སྟེ་ཉིན་མཚན་མེད་པར་ དགོན་པའི་ལྕགས་རི་ཕྱི་ནང་གང་ས་ནས་སྲུང་བཞིན་ཡོད་འདུག་ཀྱང་ད་དུང་སྦྱར་ཡིག་ དེ་འདྲ་ཉིན་བཞིན་སྦྱར་གྱི་ཡོད་འདུག
ཕྱི་ཟླ་༤ ཚེས་༢ དགོང་མོར་འཛི་སྒར་ཤང་གི་ལས་ཁུངས་ཤིག་གི་ཤེལ་ཁྲ་གཏོར་ཡོད་འདུག་ཀྱང་གཏོར་མཁན་ གྲྭ་པའམ། མི་སྐྱ། ཡང་ན་རྒྱ་མི་སོགས་སུ་ཡིན་རྩད་གཅོད་ལོངས་མེད་པར་རྒྱ་མིའི་ལས་བྱེད་རྣམས་ལམ་ སང་དགོན་པར་ཡོང་ནས་དགོན་པའི་སྤྲུལ་སྐུ་དང་བླ་མ་ཚོས་གནས་ཚུལ་མི་ལྷགས་པའི་ འགན་ཁུར་དགོས་སྐོར་བཤད་ཡོད་འདུག་ཀྱང་ཁོང་རྣམས་ནས་ད་ལྟའི་དམ་དྲག་གི་གནས་ སྟངས་འདི་ལ་ལྟོས་ན་གྲྭ་བ་དང་མི་མང་རྣམས་འུ་ཐུག་བཟོད་ཐབས་བྲལ་བ་ཞིག་ཡིན་ཚོད་ འདུག་པས་ང་ཚོས་ཀྱང་འགན་ཁུར་ཐུབ་ཀྱི་མེད་ཚུལ་གྱི་བཀའ་ལན་གནང་དགོས་ཐུག་ཡོད་ འདུག།

འབའ་ཆོས་སྡེ་དགོན་པར་དམ་དྲག

ཕྱི་ཟླ་༤ ཚེས་༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༡ ནས་༡༢ བར་འབའ་ཐང་རྫོང་གི་འབའ་ཆོས་སྡེ་དགོན་པར་རྒྱ་གཞུང་གི་ལས་དོན་རུ་ཁག་དང་མཉམ་ སྤྱི་བདེའི་མི་སྣ་ཉི་ཤུ་སྐོར་ཡོང་སྟེ། གྲྭ་མང་ལ་ཉེ་ཆར་ལྷ་སར་བྱུང་བའི་ཟིང་འཁྲུག་དེ་ཏཱ་ལའི་བླ་མས་རྒྱུད་སྐུལ་བྱས་ པ་རེད་ཅེས་པའི་ཡིག་ཆར་མོས་མཐུན་མིང་རྟགས་འགོད་དགོས་ལུགས་བཤད་པར། དེར་ཡོད་གྲྭ་པ་༢༠༠ ཙམ་ཡོད་པ་ཚང་མས་ཁས་ལེན་མ་བྱས་པར་ལས་དོན་རུ་ཁག་དང་རྩོད་གླེང་བྱས་ཤིང༌། ལས་དོན་རུ་ཁག་གི་བཙན་ཤེད་བྱས་མཐར། གྲྭ་མང་འུ་ཐུག་སྟེ་ལས་དོན་རུ་ཁག་ཕྱིར་ཕུད་དང་སྦྲགས་རུ་ཁག་གི་འགོ་གཙོའི་མགོ་ ལ་ཁུ་ཚུར་གཞུས་ཡོད་འདུག གནས་ཚུལ་དེས་རྐྱེན་བྱས་ཏེ་འབའ་ཆོས་སྡེའི་མཁན་པོ་འཇིགས་མེད་རྡོ་རྗེ་དང༌། དགེ་སྐོས་ཡེ་ཤེས་གཙོས་གྲྭ་པ་ལྔ་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དགོན་པར་དམག་མི་ཉིས་སྟོང་སྐོར་འགྲེམས་འཇོག་གིས་དམ་དྲག་ཤིན་ཏུ་ཆེན་པོ་བྱེད་ བཞིན་ཡོད་འདུག

ཁམས་རྟའུ་རུ་ཞི་རྒོལ་ལ་དྲག་གནོན།  

 ཁམས་དཀར་མཛེས་རྟའུ་རྫོང་ར་ཁྲོད་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་བཙུན་མ་ རྣམས་ཀྱིས་གཙོས་པས་རྒྱ་ཆེའི་མང་ཚོགས་ནས་ཉེ་སྔོན་ཕྱི་ཟླ་༤ ཚེས་༢ ཉིན་རྒྱ་གཞུང་ལ་ཞི་རྒོལ་བྱས་པ་ནས་བཟུང་ད་བར་བཙུན་མ་འཛིན་བཟུང་བྱས་མིན་སོགས་ ཤེས་རྟོགས་བྱུང་མི་འདུག་ཀྱང་བཙུན་དགོན་ལ་ཤིན་ཏུ་དམ་དྲག་དང་བཅས་རྒྱལ་གཅེས་ ཆོས་གཅེས་ཀྱི་སློབ་གསོའི་ལསའགུལ་ཟེར་བ་སྤེལ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས་ འདུག སློབ་གསོའི་སྐབས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐུལ་མ་བྱེད་མཁན་ྋགོང་ས་མཆོག་ཡིན་ སྐད་དང༌།  ང་ཚོ་ལ་ད་ལྟ་འགྲོ་བ་མིའི་ཐོབ་ཐང་ཡོངས་སུ་རྫོགས་པ་ཡོད་གནས་སོགས་ལ་ས་རྟགས་ རྒྱག་བཅུག་རྒྱུ་ཡིན་འདུག
    ཕྱི་ཟླ་༤ ཚེས་༤ ཉིན་རྟའུ་རྫོང་ཉ་མཚོ་དགོན་པ་ནས་སང་ཉིན་བོད་བསྟན་སྲིད་ཆེད་དགོན་པའི་གཏོར་ རྒྱག་ཡིན་སྐོར་དང་དེའི་སྐབས་རྒྱ་ཆེའི་མང་ཚོགས་གང་མང་འདུ་འཛོམས་ཡོང་བའི་གསལ་ བསྒྲགས་ཤིག་གནང་ཡོད་འདུག་པ་དང༌། དེ་རྗེས་རྒྱ་གཞུང་གིས་སང་ཉིན་མི་མང་སུ་ཞིག་ཕྱི་ལོགས་སུ་ཐོན་པ་ཡིན་ན་མེ་མདའ་ རྒྱག་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས་འདུག ཚེས་༥ ཉིན་དགོན་པའི་གཏོར་རྒྱག་སྐབས་མི་མང་རྣམས་དགོན་པར་འགྲོ་རྩིས་བྱས་དུས་རྒྱ་ དམག་གིས་བཀག་འགོག་བྱས་འདུག་ཀྱང་མཐར་འགོག་མ་ཐུབ་པར་མི་མང་པོ་ཞིག་དགོན་པའི་ ཆོས་རར་འཛུལ་ཐུབ་རྗེས་ཁོང་རྣམས་ནི་བོད་བསྟན་སྲིད་ཆེད་རང་སྲོག་བློས་བཏང་ཟིན་ པ་ཞིག་ཡིན་པས་ཁྱེད་རྣམས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ག་འདྲ་ཞིག་ སྤེལ་བ་ཡིན་ན་མཉམ་ཞུགས་བྱ་རྒྱུ་ཡིན་གནས་བཤད་ཅིང་དགོན་པའི་གྲྭ་མང་དང་གོ་ བསྡུར་གྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་གཞིར་བཟུང་ཞི་རྒོལ་འགོ་ འཛུགས་བྱས་འདུག ཞི་རྒོལ་སྐབས་ཚང་མས་བྱང་ཆུབ་སེམས་མཆོག་སྐྱོར་བཞིན་རྟའུ་རྫོང་ཕྱོགས་སུ་ཕྱིན་ སྐབས་རིམ་བཞིན་བོད་མི་སྐྱ་སེར་༡༠༠༠ ལྷག་འདུ་འཛོམས་བྱུང་འདུག རྫོང་གི་སུམ་མདོར་སླེབས་པ་དང་རྒྱ་དམག་གིས་གྲྭ་མང་རྣམས་སྔོན་ལ་བཏང་སྟེ་མི་ མང་ལ་བཀག་འགོག་བྱེད་སྐབས་མི་མང་གིས་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་ པར་ཤོག བོད་ལ་རང་དབང་མི་འདུག བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་སོགས་ཀྱི་སྐད་འབོད་ཤུགས་ཆེར་བྱས་པར་ བརྟེན་རྒྱ་དམག་གིས་མེ་མདའ་རྒྱག་འགོ་བཙུགས་ཏེ་ཉུང་མཐའ་བོད་མི་ལྔ་ཡི་ཚེ་སྲོག་ ལ་ཉེན་ཚབས་ཆེ་བའི་རྨས་སྐྱོན་བཟོས་ཡོད་པ་དང༌།  བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པར་བརྟེན་གྲྭ་མང་དང་མང་ཚོགས་བཅས་ནས་ང་ཚོའི་ ཞི་རྒོལ་ལ་ཁྱོད་ཚོས་བཙན་གནོན་བྱས་བྱུང་བས་འཛིན་བཟུང་བྱས་པ་རྣམས་གློད་བཀྲོལ་ དང༌། རྨས་མ་རྣམས་ལ་སྨན་བཅོས་ཀྱི་མཐུན་རྐྱེན་མ་སྤྲད་ཚེ།  ང་ཚོ་ཤི་ན་ཤི་མཉམ་དང་གསོན་ན་གསོན་མཉམ་ཡིན་པས་མཐའ་གཅིག་ཏུ་ངོ་རྒོལ་གྱིས་འདི་ ནས་འགྲོ་རྒྱུ་མིན་ཟེར་ཏེ་རྫོང་དཔོན་ལ་ཁ་པར་བཏང་ཡོད་འདུག་པ་དང་གནས་སྐབས་རིང་ འཛིན་བཟུང་བྱས་པ་རྣམས་གློད་དགོས་ཐུག་ཡོད་འདུག རྨས་མ་རྣམས་ལ་དགོན་པས་རོགས་རམ་བྱས་ནས་རྫོང་སྨན་ཁང་དུ་བསྐྱལ་ཡོད་འདུག་ཀྱང་ སྨན་བཅོས་བྱེད་ཐུབ་ཀྱི་མེད་སྐད་ཀྱིས་ད་ལྟ་རྒྱ་ནག་ཕྱོགས་སུ་མར་ཁྲིད་ཀྱི་ཡོད་ ཚུལ་འདུག་ཀྱང་ཤིན་ཏུ་ཉེན་ཚབས་ཅན་དུ་གྱུར་ཡོད་འདུག རྨས་སྐྱོན་ཕོག་ཁོངས་ནས་མིང་ཤེས་རྟོགས་བྱུང་བ་རྟའུ་སྤང་ནང་ནས་ཡིན་པ་ཚེ་དབང་ རྒྱ་མཚོ་དང༌། རྟའུ་རེའུ་ནས་ཡིན་པ་རྒྱ་མཚོ་གཉིས་ཡོད་འདུག    བཙུན་མ་ཞིག་ལ་མདེའུ་གཉིས་ཐེབས་ཡོད་འདུག་ཀྱང་མིང་ཤེས་རྟོགས་བྱུང་མི་འདུག ཕྱི་ཚེས་༥ ཉིན་གྱི་ཕྱི་དྲོ་ནས་ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་དང་ལམ་འགྲུལ་ཁག་བཀག་ནས་དམ་ དྲག་ཤུགས་ཆེ་བྱེད་བཞིན་ཡོད་འདུག།
གོང་གི་གནས་ཚུལ་འདི་དག་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་སྤེལ་བ་ལྟར་བཀོད་པ་ཡིན།

བོད་ནང་དུ་མི་མང་འཛིན་བཟུང༌།

མགོ་ལོག་ཁུལ་ཐོག་ཏུ་ཡོད་པའི་གངས་རྒྱན་མེ་ཏོག་སྒྱུ་རྩལ་ཚོགས་པའི་ཚོགས་གཙོ་ སྒྲོལ་མ་སྐྱིད་ཕྱི་ཟླ་༣ པའི་ཚེས་༣༠ ཉིན་རྒྱ་མི་གསུམ་ཡོང་ནས་འཁྲབ་སྟོན་ཞིག་གི་ཆེད་སྐད་ཆ་བཤད་དགོས་སྐོར་བརྗོད་ ནས། ཕྱི་ལོག་ཏུ་ཁྲིད་ཡོད་པ་དང༌། དེ་རྗེས་གང་དུ་ཁྲིད་པ་ཡིན་ཤེས་རྟོག་བྱུང་མེད་པ་རེད། ཁོང་གི་ནང་མིས་རྒྱ་མི་དེ་ཚོ་ཉེན་རྟོག་པས་སྒྲིག་ཆས་མ་གྱོན་ནས་ཡོང་བ་ཞིག་ཡིན་ པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།
  ཨ་མདོ་ཀན་ལྷོ་ཁུལ་ས་ཁུལ་གཅིག་པུའི་ནང་བོད་མིའི་ཞི་རྒོལ་གྱི་དོན་རྐྱེན་རྒྱ་ ནག་གཞུང་དམག་དང༌། ཉེན་རྟོག་པས་གཅར་རྡུང་ཚབས་ཆེན་བཏང་ནས་རྐང་ལག་བཅག་པ་སོགས་ཧ་ཅང་མང་པོ་ཡོད་པ་ མ་ཟད། མི་གྲངས་བདུན་བརྒྱ་ཙམ་འཇུ་བཟུང་བྱས་ཡོད་པ་དང༌། ལས་འགུལ་དེའི་ཁྲོད་མང་ཚོགས་དང་དགེ་འདུན་པ་ཧ་ཅང་མང་པོ་འཛུལ་ཞུགས་བྱས་ཡོད་པ་ རེད། ད་ལྟ་ས་གནས་དེར་ཡང་ཕྱི་བསྐྱོད་མི་ཆོག་པའི་དམ་དྲག་བྱས་པ་དང༌། ནང་དུ་ཟ་བཅའ་མ་རག་པའི་དཀའ་ངལ་འོག་གནས་ཡོད་པ་རེད།།

མི་ཉག་ནགས་ཕྲན་དུ་ཞི་རྒོལ།

ཟླ་འདིའི་ཚེས་༧ ཉིན་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༥ དགོང་མོ་ཁམས་མི་ཉག་ནགས་ཕྲན་སྡེ་བའི་རབ་སྒང་དགོན་པའི་ཉེ་འཁྲིས་སུ་ཡོད་པའི་ སློབ་གྲྭའི་རྒྱ་དམར་གྱི་རྒྱལ་དར་མར་ཕབས་ཏེ་དབྲལ་ནས་གསང་སྤྱོད་དུ་གཡུགས་ཡོད་ པ་དང༌། གེ་སྐེ་ཐང་གི་རྒྱ་ནག་གཞུང་ལམ་གཡས་ཡོན་གྱི་རྒྱ་ནག་གི་གསལ་བསྒྲགས་འབྲི་སའི་ རྡོ་ལེབ་དང་ལྕག་ལེབ་སོགས་སུ་ལྕགས་རྩི་དམར་པོས་བོད་རང་བཙན་གྱི་ཡི་གེ་མང་པོ་ བྲིས་ཡོད་འདུག ཚེས་༦ ཉིན་ས་གནས་ཉེན་རྟོག་པ་དང་དཔོན་པོ་འགའ་ཤས་སླེབས་ནས་བོད་རང་བཙན་གྱི་ཡི་གེ་ བསུབ་ཐབས་བྱས་ནས་རྡོ་ལེབ་དང་ལྕགས་ལེབ་ལ་འབར་རྫས་བེད་སྤྱོད་བྱེད་དགོས་བྱུང་ ཡོད་འདུག སྐབས་དེར་ནགས་ཕྲན་པའི་ཡུལ་མི་ཕོ་སར་གཉིས་དང་ཉེན་རྟོག་པ་ཚོའི་བར་ལ་གནད་དོན་ དེའི་སྐོར་འཁྲུག་རྩོད་ཆུང་ཆུང་ཞིག་བྱུང་ཡོད་ཀྱང་འཇུ་བཟུང་བྱུང་བ་སོགས་ཀྱི་ གནས་ཚུལ་གང་ཡང་བྱུང་མི་འདུག་ལ། ད་སྐབས་རྒྱལ་དར་དབྲལ་མཁན་དང་བོད་རང་བཙན་གྱི་ཡི་གེ་འབྲི་མཁན་སུ་ཡིན་ངོས་ཟིན་ མེད་པ་དང༌། ད་དུང་གནས་ཚུལ་མཁོ་སྤྲོད་པའི་འགྲེལ་བཤད་ལྟར་ན་ཉེ་ཆར་ཞིག་ནས་རྒྱ་དཔོན་ཁ་ཤས་ དགོན་པ་དང་བཤད་གྲྭར་སླེབས་ནས་ཟིང་འཁྲུག་དང་རྙོག་གྲ་དེ་འདྲ་ལ་སྔོན་འགོག་ དགོས་སྐོར་བཤད་པ་དང་དགེ་འདུན་པ་ཁ་ཤས་ཀྱིས་ང་ཚོ་ད་བར་དུ་ཉམ་ཆུང་བྱས་ནས་བསྡད་ ཡོད་པ་རེད། ཁྱེད་རང་ཚོས་དེ་ལྟར་བཤད་དགོས་དོན་མེད། ལར་ང་ཚོ་བོད་པ་ཁོ་ན་རེད། དེང་སང་བོད་པའི་གནས་ཚུལ་གང་ཡིན་ཡང་བསྲན་ཐུབ་པ་ཞིག་ཡིན་མིན་ཡང་ཁྱེད་རང་ཚོས་ ཧ་གོ་དགོས་པ་རེད་ཅེས་སོགས་བཤད་ཡོད་པ་རེད་འདུག། མེ་སོར་ས་གནས་གསར་འགོད་པས།

  ྋགོང་ས་མཆོག་གིས་བོད་རིགས་ཡོངས་ལ་བསྩལ་བའི་གསུང་འཕྲིན།
༄༅།། གངས་ལྗོངས་བོད་ཆོལ་ཁ་གསུམ་གྱི་ཁྱོན་དུ་གནས་པའི་བོད་རིགས་ཡོངས་ལ་གདུང་སེམས་ཀྱིས་འཚམས་འདྲི་དང་བཅས་བསམ་ཚུལ་འགའ་ཤས་ཞུ་འདོད་བྱུང༌།
    འདི་ལོ་ཕྱི་ཟླ་༣ པའི་ཚེས་༡༠ ནས་བཟུང་ད་ལྟའི་བར་གངས་ལྗོངས་མཐའ་དབུས་ཡོངས་དང༌། མཐའ་ན་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཡོད་པའི་སློབ་ཕྲུག་ཡན་ཆད་ནས་དུས་ཡུན་རིང་ པོའི་བར་མི་རིགས་ཀྱི་ཐོབ་ཐང་དང༌། ཆོས་དད་རང་དབང་མེད་པ། དངོས་ཡོད་འཁྱོག་བཤད་སྒྲོ་སྐུར་རྟག་ཏུ་བྱེད་པ་དཔེར་ན་བོད་མི་རྣམས་ནས་གུང་ ཁྲན་ཏང་སངས་རྒྱས་སུ་ལྟ་བ་ཟེར་བ་ལྟ་བུ་དྲང་བདེན་མིན་ལ་གཡོན་ཐལ་དང་རྒྱ་རིགས་ ཆེན་པོའི་རིང་ལུགས་ཀྱི་བསམ་སྤྱོད་རྒྱུན་མར་བྱུང་བས་ཡིད་བློ་མ་ཁེངས་པའི་ སེམས་ཚོར་གཏིང་ཟབ་རིམ་བསགས་ཡོད་པ་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཞི་བའི་སྒོ་ནས་ མངོན་འདོད་གསལ་བཏོན་བྱས་པ་ལ་དམར་གཞུང་གིས་གོ་མཚོན་བེད་སྤྱོད་ཀྱིས་དྲག་གནོན་ ཚབས་ཆེན་བྱས་པའི་དབང་གིས་དུས་ཟིང་ཅི་ཆེ་བྱུང་སྟེ་མི་མང་པོ་ལ་སྲོག་སྐྱོན་ དང༌། བཙོན་འཇུག ཉེས་བརྡུང་མནར་གཅོད་སོགས་ཧ་ཅང་ཚབས་ཆེས་སྙིང་རྗེ་ལྡན་པའི་མི་ཞིག་ཡིན་ན་མིག་ ཆུ་དབང་མེད་ཤོར་བའི་ཡ་ངའི་གནས་ཚུལ་མང་པོ་བྱུང་འདུག་པར་བློ་འཚབ་དང་སེམས་ངལ་ ཆེན་པོ་བྱུང་ཡང་བྱ་ཐབས་བྲལ། ད་རེས་དུས་ཟིང་སྐབས་ཚེ་སྲོག་ཤོར་བའི་བོད་མི་དང་རྒྱ་རིགས་ཚང་མར་མཆོག་གསུམ་ གསོལ་འདེབས་རྒྱུན་དུ་བྱེད་ཀྱི་ཡོད།
    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མི་ལོག་སྤྱོད་པ་ཉུང་ཤས་ཤིག་ལས་ མང་ཚོགས་སྤྱི་བྱིངས་འདོད་བློ་ཁེངས་ངེས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ ཚུལ་དོན་དངོས་དང་མི་མཐུན་པའི་དྲིལ་བསྒྲགས་བྱས་པ་རྣམས་བར་ལམ་གྱི་བྱུང་རིམ་ འདི་དག་གིས་རྫུན་ཁུངས་གསལ་བརྡོལ་བྱུང་བ་མ་ཟད། ཆོལ་གསུམ་བོད་རིགས་ཡོངས་རྫོགས་ཀྱི་ཕུགས་རེ་མངོན་འདོད་གཅིག་གྱུར་ཡིན་པའང་ གསལ་སྟོན་བྱས་ཤིང༌། འཛམ་གླིང་ཡོངས་ལ་བོད་ཀྱི་གནས་ཚུལ་འདི་སྣང་མེད་དུ་བཞག་མི་ཐུབ་པ་དང༌། རྒྱ་བོད་གཉིས་སྨན་གྱི་དངོས་ཐོག་བདེན་འཚོལ་གྱི་ལམ་ནས་འགྲིག་ཆགས་ཡོང་བའི་ཐབས་ ལམ་ཞིག་ངེས་པར་དགོས་པའི་དངོས་ར་སྤྲད་ཡོད། བོད་མི་རིགས་ཀྱི་ཁེ་ཕན་གྱི་སླད་དུ་བོད་མི་སོ་སོའི་སེམས་གཏིང་གི་ཚོར་བ་རྣམས་ འཇིགས་ཞུམ་མེད་པར་བློས་བཏང་ཆེན་པོས་གསལ་སྟོན་ཐུབ་པའི་སྙིང་སྟོབས་དང་ལྷག་ བསམ་ནི་ཡི་རངས་བསྔགས་བརྗོད་བྱ་འོས་ཤིག་ཡིན་པ་ལྟར་འཛམ་གླིང་མང་ཚོགས་ནས་ངོས་ འཛིན་དང་བསྔགས་བརྗོད་རྒྱ་ཆེ་ཐོབ་ཡོད།
    བོད་རིགས་ཏང་མི་དང་ལས་བྱེད་མང་པོ་ཞིག་གིས་ཛ་དྲག་གི་གནས་ཚུལ་འདི་འདྲའི་ སྐབས་རིགས་ཞེན་མ་དོར་བར་དྲང་ཚུགས་འཛིན་ཐབས་གང་ཡོང་བྱས་འདུག་པར་བསྔགས་བརྗོད་ ཡོད་པ་མ་ཟད། འབྱུང་འགྱུར་ཡང་བོད་རིགས་ཏང་མི་དང་ལས་བྱེད་ཚང་མས་སོ་སོའི་གནས་སྐབས་ཀྱི་ཁེ་ ཕན་ཁོ་ནར་མ་བལྟས་པར་བོད་སྤྱིའི་སྣོད་བཅུད་ཉེན་སྲུང་ཆེད་དངོས་ཡོད་ཀྱི་གནས་ ཚུལ་རྣམས་བཅོས་བསླད་མེད་པར་གོང་རིམ་ལ་གནས་ཚུལ་ཞུ་ཐུབ་པ་དང༌། མང་ཚོགས་ལའང་བླང་དོར་ལམ་སྟོན་གཡོ་ཟོལ་མེད་པ་དགོས་པའི་རེ་འདུན་བྱེད་ཀྱི་ཡོད། འཛམ་གླིང་ཡུལ་གྲུ་གང་ས་ནས་སྲིད་འཛིན་དང༌། སྲིད་བློན། ཕྱི་སྲིད་བློན་ཆེན། ནོ་སྦེལ་གཟེངས་རྟགས་བཞེས་མཁན། གྲོས་ཚོགས་ཀྱི་འཐུས་མི། དེ་བཞིན་འབྲེལ་ཡོད་ཡུལ་མི་བཅས་ནས་ད་ལྟ་བོད་མིའི་ཐོག་དྲག་གནོན་ཚབས་ཆེན་བྱེད་ བཞིན་པ་འདི་དག་འགོག་ཆེད་རྒྱ་ནག་གི་དབུ་ཁྲིད་ཚོར་བརྡ་ལན་ཁ་གསལ་ཤུགས་ཆེ་གཏོང་ བཞིན་ཡོད་པ་མ་ཟད། གཉིས་མོས་འགྲིག་ཆགས་ཡོང་བའི་ཐབས་ལམ་ཞིག་ལག་བསྟར་དགོས་པའི་བསྐུལ་མའང་བྱེད་ བཞིན་ཡོད་པས། ང་ཚོས་ཁོང་རྣམ་པའི་འབད་རྩོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་འཐོན་རྒྱུའི་གོ་ སྐབས་བསྐྲུན་དགོས་པ་ཡིན། ཁྱེད་རྣམས་ད་ལྟའི་ཆར་གནས་སྐབས་ཐམས་ཅད་དུ་ཁོང་ཁྲོ་སློང་བའི་རྐྱེན་ཤ་སྟག་ནང་ ཡོད་ཀྱང༌། ང་ཚོས་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ཕྱོགས་བརྟན་གཟུང་བྱེད་གལ་ཤིན་ཏུ་ཆེ།
    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བར་སྐབས་ཀྱི་བྱུང་རྐྱེན་ཁག་ངོས་དང་ བཙན་བྱོལ་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་དང་བྱུས་སྒྲིག་བྱེད་ཚུལ་གྱི་སྒྲོ་ བཏགས་སྐྱོན་འཛུགས་བྱས་དང་བྱེད་བཞིན་པ་རྣམས་བདེན་པ་མཐའ་གསལ་ཡོང་ཐབས་སུ་རང་ དབང་ལྡན་པའི་རྒྱལ་སྤྱིའི་ཞིབ་འཇུག་བྱེད་པོས་ཞིབ་འཇུག་མཐར་ཕྱིན་དགོས་པའི་ འབོད་སྐུལ་ཡང་ཡང་བྱས་ཡོད་པ་བཞིན་བདེན་རྫུན་དབྱེ་འབྱེད་གསལ་པོ་ཡོང་བའི་རེ་བ་ བྱེད་ཀྱི་ཡོད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱོན་འཛུགས་ཁག་ལ་གཞི་རྩ་དང་ དན་རྟགས་ཡོད་ན་རྒྱལ་སྤྱིའི་ནང་གསལ་བཏོན་ངེས་པར་དུ་བྱེད་དགོས་པ་ལས་ཧམ་བཤད་ བྱས་པས་རང་མཚང་སྟོན་པར་ཟད།
ཀུན་གྱིས་མཁྱེན་གསལ་ལྟར་ངོས་ནས་བོད་མི་རིགས་ཀྱི་མ་འོངས་པའི་འདུན་ལམ་རྒྱ་ནག་ མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ནས་འཚོལ་རྒྱུ་བློ་ཐག་བཅད་དེ་ ཕྱི་ལོ་༡༩༧༤ ནས་བཟུང་ད་བར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འགྱུར་མེད་བརྟན་བཟུང་བྱེད་ བཞིན་ཡིན་པ་དང༌། དབུ་མའི་ལམ་གྱི་གོ་དོན་ནི་བོད་རིགས་ཡོངས་ལ་འཛིན་སྐྱོང་གཅིག་གྱུར་འོག་མིང་ དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཆ་ཚང་བ་ཞིག་ལག་བསྟར་བྱས་ ཏེ་ཕྱི་འབྲེལ་དང་རྒྱལ་སྲུང་མ་གཏོགས་པ་རང་ཁྱིམ་རང་བདག་དང༌། རང་སྲིད་རང་སྐྱོང་བྱ་རྒྱུར་བོད་ཀྱི་འཛིན་སྐྱོང་བོད་རིགས་ཀྱི་མགོ་ཁྲིད་དང་ བོད་རིགས་ལས་བྱེད་རྣམས་ཀྱིས་བྱེད་ཐུབ་པ་དགོས་རྒྱུ་དེ་ཡིན། འོན་ཀྱང་མཐའ་མའི་ཐག་གཅོད་ནི་བོད་དུ་ཡོད་པའི་བོད་མི་མང་ཚོགས་ཀྱིས་བྱེད་དགོས་ པ་ཐོག་མ་ནས་བཤད་ཟིན་པ་ཡིན།
    འདི་ལོ་པེ་ཅིང་དུ་ཚོགས་རྒྱུའི་ཨོ་ལམ་པིག་རྩེད་འགྲན་ནི་རྒྱ་རིགས་དུང་ཕྱུར་ བཅུ་གཉིས་ལྷག་གིས་དགའ་སྤོབས་བྱ་རྒྱུ་ཞིག་ཡིན་སྟབས། ངོས་ནས་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱས་ཡོད་པས་བོད་མི་ཚོས་ཀྱང་དེ་ལ་བར་ ཆད་གཏོང་རྒྱུ་འོས་འཚམས་མིན་པར་མཐོང་གི་ཡོད། བོད་མི་སོ་སོའི་ཁྲིམས་མཐུན་གྱི་རང་དབང་དང་ཐོབ་ཐང་ཁག་འཚེ་བ་མེད་པའི་ལམ་ནས་ འབད་སྒྲུབ་བྱ་རྒྱུ་ཚང་མའི་འགན་དབང་ཡིན་རུང༌། དེའི་ཆེད་དུ་རྒྱ་རིགས་ལ་འཁོན་སེམས་ཡོང་གཞིའི་ལས་འགུལ་བརྩམས་ན་སུ་ལའང་ཕན་ ཐོགས་མེད། འཆམ་མཐུན་གྱི་སྤྱི་ཚོགས་ཚད་ལྡན་ཞིག་ཡོང་བར་ཚང་མའི་སེམས་ཀྱི་ནང་ཕན་ཚུན་ཡིད་ ཆེས་དང་མཛའ་བརྩེ་བསྐྲུན་དགོས་པ་མ་གཏོགས་དྲག་གནོན་གྱི་ལམ་ནས་འཆམ་མཐུན་ཡོང་ ཐབས་མེད། ང་ཚོའི་འཐབ་རྩོད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་ འཛིན་པ་ཉུང་ཤས་ཤིག་ལ་མ་གཏོགས་རྒྱ་མི་རིགས་ལ་མིན་པས། རྒྱ་ནག་མང་ཚོགས་ཀྱི་སེམས་ལ་འཁོན་འཛིན་འགྲོ་གཞིའི་རིགས་གཏན་ནས་བྱེད་མི་རུང༌། ད་ལྟའི་དཀའ་རྙོག་འདིའི་སྐབས་སུའང་རྒྱ་ནག་གི་ཕྱི་ནང་དུ་གནས་པའི་རྒྱ་རིགས་ ཤེས་ཡོན་ཅན་དང༌། རྩོམ་པ་པོ། ཁྲིམས་རྩོད་པ་སོགས་ཧ་ཅང་མང་པོས་གདུང་སེམས་མཉམ་བསྐྱེད་ཀྱིས་གཏམ་བཤད་དང༌། རྩོམ་ཡིག་འགྲེམས་སྤེལ། མཐུན་འགྱུར་བྱ་རྒྱུའི་ཁས་ལེན་སོགས་བྱུང་བ་དེ་ནི་ང་ཚོའི་ཡིད་འགུལ་ཐེབས་གཞི་ ཆེན་པོ་ཞིག་རེད། ངས་འདི་ལོ་ཕྱི་ཟླ་༣ ཚེས་༢༨ ཉིན་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་རྒྱ་རིགས་མི་མང་ལ་གཏམ་འཕྲིན་ཞིག་སྤེལ་ ཡོད་པ་བོད་མི་ཚོས་ཀྱང་རིམ་པས་མཐོང་ཐོས་ཡོང་རེ་ཡོད། ད་ལྟའི་གནས་སྟངས་འདི་མུ་མཐུད་གནས་པ་ཡིན་ན་རྒྱ་གཞུང་གིས་ང་ཚོའི་ཐོག་དྲག་ གནོན་ཇེ་ཆེར་གཏོང་རྒྱུ་ཡིན་པར་ངོས་རང་ལ་ཧ་ཅང་སེམས་ཚབས་ཆེན་པོ་ཡོད། དེ་ལྟར་མི་ཡོང་བ་བྱེད་རྒྱུའི་བཟང་སྤྱོད་ཀྱི་འགན་ཞིག་ངོས་ལ་ཡོད། དེར་བརྟེན་ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འབྲེལ་ཡོད་རྣམས་ལ་བོད་ ས་ཡོངས་སུ་དྲག་གནོན་མཚམས་འཇོག་དང༌། སྐོར་སྲུང་བ་དང་དཔུང་དམག་ཕྱིར་བསྡུ་དགོས་པའི་རེ་འདུན་ཡང་ཡང་བཏོན་ཡོད་ཅིང༌། དེའི་གྲུབ་འབྲས་ཤིག་བྱུང་ན་ཆོལ་གསུམ་བོད་རིགས་ཡོངས་ལའང་ད་ལྟའི་ངོ་རྒོལ་ལས་ འགུལ་མཚམས་འཇོག་བྱེད་འོས་པའི་ལམ་སྟོན་བྱེད་ཀྱི་ཡོད།
    རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་ཀྱང་བོད་ནང་གི་གནས་སྟངས་འགྲེལ་བརྗོད་ བྱེད་སྐབས་དམིགས་བསལ་གཟབ་ནན་བྱེད་དགོས། ང་ཚོས་དྲག་ལས་སུ་འགྲེལ་བརྗོད་འགྲོ་ཉེན་ཡོད་པའི་ལས་འགུལ་ཕྲ་མོ་ཚུན་ཆད་ཀྱང་ སྤང་དགོས། ཁོང་ཁྲོ་ཆེས་ཆེར་སློང་གཞིའི་གནས་སྟངས་ཀྱི་སྐབས་སུ་ཡང་ང་ཚོས་སེམས་གཏིང་ནས་ ཡིད་ཆེས་བྱེད་པའི་རྩ་ཆེའི་རིན་ཐང་རྣམས་མ་བརླག་པ་བྱེད་དགོས། འཚེ་མེད་ཞི་བའི་ལམ་ནས་ང་ཚོར་གྲུབ་འབྲས་འཐོབ་རྒྱུ་ཡིན་པ་ངས་ཡིད་ཆེས་བརྟན་པོ་ བྱེད་ཀྱི་ཡོད། ང་ཚོའི་གནད་དོན་ལ་གཞན་དང་མི་འདྲ་བའི་རྒྱབ་སྐྱོར་དང༌། གདུང་སེམས་མཉམ་བསྐྱེད་བྱེད་མཁན་ཡོང་བཞིན་པ་དེ་དག་གང་ལས་བྱུང་མིན་ང་ཚོས་ཤེས་ ཐུབ་པ་དགོས། ད་ལྟའི་ཆར་བོད་ནང་འགྲོ་འོང་ཆ་ཚང་བཀག་ཅིང༌། ཕྱི་རྒྱལ་གྱི་གསར་འགོད་པ་གཅིག་ཀྱང་འགྲོ་འཇུག་གི་མེད་པར་སོང༌། ངོས་ཀྱི་གནས་འཕྲིན་འདི་བོད་མི་ཡོངས་ལ་འཁྱོལ་ཐབས་དཀའ་ཡང༌། བརྒྱུད་ལམ་ཁག་དང་ངག་ཐོག་ཚུན་ཆད་གཅིག་ལ་གཅིག་བརྒྱུད་ཀྱིས་བོད་མི་གང་མང་སར་ འཕྲོད་ཐུབ་པའི་རེ་བ་ཡོད།
    མཐའ་དོན་སླར་ཡང་ཛ་དྲག་གི་ཁོང་ཁྲོ་སློང་རྐྱེན་ཚབས་ཆེ་ཇི་འདྲ་ཞིག་བྱུང་རུང་ འཚེ་བ་མེད་པའི་ལམ་གྱི་ཉམས་ལེན་ནས་མ་གཡོལ་བ་དགོས་རྒྱུའི་འབོད་སྐུལ་བསྐྱར་ནན་ བྱེད་རྒྱུ་བཅས། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་བསྟན་འཛིན་རྒྱ་མཚོས་ཕྱི་ ལོ་༢༠༠༨ ཟླ་༤ ཚེས་༦ ལ་སྤེལ།།

ཨ་མདོ་མགོ་ལོག་ཏུ་བོད་མི་འཛིན་བཟུང༌།

འདི་ལོའི་ཟླ་༣ ཚེས་༡༧ ཉིན་མགོ་ལོག་གཅིག་སྒྲིལ་རྫོང་ཐོག་ཏུ་གྲྭ་པ་དང་མི་མང་སྟོང་ཕྲག་མང་པོ་འདུ་ འཛོམས་ཀྱིས་རྒྱ་ནག་དམར་པོའི་གཞུང་ལ་ངོ་རྒོལ་མཚོན་ཕྱིར་སྐད་འབོད་རྔམ་སྟོན་ ཁྲོམ་སྐོར་དང༌། རྒྱ་མིའི་ཚོང་ཁང་དང་ཟ་ཁང་ཁ་ཤས་མེར་བསྲེགས་བཏང་ཡོད་འདུག ཕྱི་ཚེས་༡༨ ཉིན་གཅིག་སྒྲིལ་རྫོང་ཁོངས་དཔལ་ཡུལ་ཤང་དང༌། སྨིན་ཐང་ཤང༌། ལུང་དཀར་སོགས་ནས་གྲྭ་པ་དང་མི་མང་བརྒྱ་ཕྲག་མང་པོས་མར་མེའི་ཁྲོམ་སྐོར་དང༌། རྒྱ་གཞུང་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་པ་སོགས་གཞི་རྒྱ་ ཆེ་བའི་ལས་འགུལ་སྤེལ་ཡོད་པ་རེད། ཕྱི་ཚེས་༢༠ ཉིན་ནས་བཟུང་གཅིག་སྒྲིལ་རྫོང་ཁང་སར་གསའ་ཁོག་སྡེ་བ་ནས་འཇིགས་མེད་དང༌། མཆོག་པོ། དུས་འཁོར། བྱམས་པ། སངས་རྒྱས་སོགས་དང༌། གཅིག་སྒྲིལ་རྫོང་སོག་རུ་ནས་ཨ་ཏི་གཟའ་མི་གཉིས་དང༌། ཁང་སར་དགུ་རྒྱང་སྡེ་བ་ནས་གླུ་བ་རྟ་མགྲིན། བསོད་ནམས། སྐྱི་ཝེ་སོགས་ཁྱོན་མི་གྲངས་༤༠ ལྷག་འཛིན་བཟུང་བྱས་ཏེ་ད་སྐབས་མནར་གཅོད་འོག་ཏུ་ཡོད་འདུག     གཞན་ཡང་མགོ་ལོག་པདྨ་རྫོང་དུ་ཟླ་༣ ཚེས་༢༠ ཉིན་མི་མང་བརྒྱ་ཕྲག་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ་འཚེ་མེད་ཞི་བའི་ཐབས་ལམ་ཉག་ གཅིག་གི་སྒོ་ནས་བོད་ཀྱི་རྒྱལ་དར་དང་ཆོས་དར་སོགས་ལག་ཏུ་བཟུང་སྟེ་སྐད་འབོད་ རྔམ་སྟོན་ཁྲོམ་སྐོར་དང༌། རྒྱ་གཞུང་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་ཡར་བསྒྲེངས་པ་སོགས་བྱས་པ་ དང༌། དེ་དང་དུས་མཚུངས་སུ་པདྨ་རྫོང་ལྕགས་རི་ཤང་དང༌། པན་ཆེན་ཤང་སོགས་ཤང་ཁག་མང་པོ་ནས་སྐད་འབོད་རྔམ་སྟོན་ཁྲོམ་སྐོར་དང༌། བོད་དར་ཕྱར་བ་སོགས་བྱས་པར་བརྟེན། ཟླ་༣ ཚེས་༢༤ ཉིན་ནས་བཟུང་པདྨ་རྫོང་སྤྱི་བདེ་མི་སྣ་དང༌། ལན་ཀྲིག་དམག་མི། མགོ་ལོག་ཁུལ་གྱི་དམག་མི་སོགས་མཉམ་འབྲེལ་གྱིས་པདྨ་རྫོང་ལྕགས་རིའི་རྡོ་རི་མ་ སྡེ་བ་ནས། འོད་འབར་དང༌། དཔའ་སྟོབས། རྩེ་ལྷ། སྤེན་པ་སོགས་དང༌། ཝེ་མདའི་བདེ་ཆེན་མཚོ། མགོ་ཆོས་དང་ཁོང་གི་བུ་སྦེ་ལི་གཉིས། ཅིག་བསམ། པད་ནག་ནས་རིག་འཛིན་དང༌། ལྕགས་རིའི་ཨ་སྐྱོང་སྡེ་བ་ནས་རིན་ཆེན་དཔལ། པདྨ་རྫོང་ཐོག་ནས་རྡོར་བྲུག་སོགས་སྡོམ་པའི་མི་གྲངས་༣༠ ལྷག་འཛིན་བཟུང་བྱས་ཡོད་ལ། ཁོང་རྣམས་ཐོག་མར་པདྨ་རྫོང་ཁྲིམས་ཁང་དུ་ཁྲིད་ཡོད་ཀྱང༌། རྗེས་སུ་མི་ཁ་ཤས་ཀྱིས་མཐོང་བ་ལྟར་ན་འཛིན་བཟུང་བྱས་པ་མང་པོ་ཞིག་ལ་གོས་ནག་པོ་ རེ་བསྐོན་ཏེ་རླངས་འཁོར་ནང་བཅུག་ནས་ཁྲིད་སོང་བ་དང༌། ཁོང་རྣམས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་འགྲོ་བསྐྱོད་མི་ཐུབ་པ་བཟོས་ཡོད་པ་ རེད། ས་གནས་བོད་མི་རྣམས་ཀྱིས་ཁོང་རྣམས་ལ་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་ལ། ད་དུང་སྔར་ལས་འགུལ་ཁྲོད་ཞུགས་ཟིན་པའི་མི་མང་པོ་ཞིག་རང་ཁྱིམ་དུ་སྡོད་མ་ཐུབ་ པར་རི་སྒང་དུ་བྲོས་བྱོལ་ལ་འགྲོ་མུས་ཡིན་པ་དང༌། ཕྱི་ཟླ་༣ པའི་ཟླ་མཇུག་ཏུ་རྫོང་མི་མང་སྲིད་གཞུང་གིས་མི་མང་ལ་ཁྱོད་རང་ཚོས་ཏཱ་ལའི་རུ་ ཚོགས་ཀྱིས་སྐུལ་སློང་འོག་བོད་རང་བཙན་དང་འབྲེལ་བའི་ལས་འགུལ་གང་སྤེལ་ཡོད་པ་ རྣམས་རང་གི་ནོར་འཁྲུལ་ཡིན་པའི་ངོས་ལེན་དང༌། རྗེས་མ་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་མི་བྱེད་རྒྱུ། བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་བཅས་ཁས་ལེན་དང་ས་ཡིག་རྒྱག་ དགོས་ཤིང༌། དེ་ལྟར་ས་ཡིག་བརྒྱབ་ཚེ་བཙོན་པ་རྣམས་གློད་གྲོལ་གཏོང་རྒྱུ་དང༌། གཞན་ནག་ཉེས་ཅན་རྣམས་ལ་ཉེས་ཡང་གཏོང་རྒྱུ་ཡིན་ཞེས་བཀའ་ཕབ་ཡོད་ཀྱང་ད་བར་ས་ཡིག་ རྒྱག་མཁན་སུ་ཡང་བྱུང་ཡོད་མི་འདུག
    དེ་བཞིན་དུ་ཕྱི་ཟླ་༣ པའི་ཚེས་༢༤ ཉིན་མགོ་ལོག་དར་ལག་རྫོང་དཔོན་སྐོར་སྟོད་སྨད་གཉིས་ཀྱི་སྐྱེས་པ་བཞི་བརྒྱ་ལྷག་ གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རི་རྩེར་མཚོན་ཆ་ཉར་ནས་སྡོད་བཞིན་ཡོད་པ་ དང༌། མགོ་ལོག་དགའ་བདེ་རྫོང་ཤར་འོད་དགོན་དང༌། སྟོང་སྐྱབས་དགོན། མགོ་ལོག་རྨ་ཆེན་རྫོང་ར་རྒྱ་སོགས་སུ་བོད་དར་འཕྱར་བ་དང་མར་མེའི་ཁྲོམ་སྐོར་ བྱས་པ་སོགས་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད་ཀྱང་རྒྱ་ནག་གཞུང་གིས་དམ་དྲག་ ཤུགས་ཆེན་བྱེད་བཞིན་ཡོད་པ་ཙམ་ལས་འཛིན་བཟུང་དང་ཤི་རྨས་བྱུང་བའི་གནས་ཚུལ་ལ་ གསལ་ཁ་མ་བྱུང༌།། གནས་ཚུལ་མཁོ་གཏོང་བ་ཚངས་དབྱངས་རྒྱ་མཚོ།

མདོ་སྨད་རྔ་པ་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་དང་འཇུ་བཟུང༌།

ཕྱི་ཟླ་༤ ཚེས་༤ ཉིན་མཛོད་དགེ་རྫོང་ཁོངས་འབྲིང་བ་བ་སུམ་མདོ་དགོན་པའི་ནང་ལ་རྒྱ་གཞུང་གིས་ལས་ བྱེད་པ་དང་དམག་མི་སུམ་བརྒྱ་ཙམ་བསླེབས་ནས་གྲྭ་ཤག་ཡོངས་རྫོགས་སྔོག་བཤེར་བཏང་ ཡོད་པ་དང༌། གྲྭ་པ་འགའི་ལག་ཏུ་ྋགོང་ས་མཆོག་གི་སྐུ་པར་འཛིན་བཅུག་སྟེ་པར་བརྒྱབ་ཡོད་པ་རེད། ཕྱི་ཟླ་༣ ཚེས་༡༩ ཉིན་རྔ་པ་རྫོང་ཁོངས་རོང་མཁར་སར་མི་མང་གིས་རྒྱ་གཞུང་ལ་ཞི་རྒོལ་བྱས་པར་བརྟེན། ཉིན་ཤས་རྗེས་ཉེན་རྟོག་པ་དང༌། ལས་བྱེད། དམག་མི་བཅས་བརྒྱ་ལྷག་ཙམ་ཡོང་ནས་ཁྱིམ་ཚང་རེ་རེ་ལྟར་སྔོག་བཤེར་གྱིས་ྋགོང་ས་ མཆོག་གི་སྐུ་པར་མཐོང་ཚད་ཁྱེར་ཡོད་པ་དང༌། འཇིགས་སྐུལ་འདྲ་མིན་བྱས་འདུག ཉིན་དེར་དགེ་འདུན་རྒྱ་མཚོ་ཚང་གི་བུ་ཀླུ་སྒྲུབ། ཐང་ཏཱ་ཚང་གི་བུ་ཚེ་རིང་བརྟན་གཉིས་འཛིན་བཟུང་བྱས་འདུག ཕྱི་ཟླ་༤ ཚེས་༣ ཉིན་ནས་འགོ་འཛུགས་ཀྱིས་ྋགོང་ས་མཆོག་ལ་སྐྱོན་བརྗོད་དང་གུང་ཁྲན་ཏང་ལ་སྔགས་ བརྗོད་ཀྱི་སློབ་གསོ་ཟེར་བ་གཏོང་བཞིན་ཡོད་འདུག
    རྔ་བ་རྫོང་ཁོངས་རོང་མུ་འགུ་དང༌། ཚོགས་ཉིས་སྡེ་བ་གཉིས་ཀྱི་མི་མང་ནས་རོང་ངན་ཞང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་ སྐད་འབོད་བྱས་པ་དང༌། ཉིན་ཤས་རྗེས་མུ་འགུ་སྡེ་བའི་འགབ་མ་ཚང་གི་མགོན་པོ་ཚེ་རིང་དང༌། འཇིགས་འཕྲིན་ཚང་གིས་རྣམ་སྲས། ཞས་པོ་ཚང་གི་བློ་བཟང༌། རོང་ཚོགས་ཉིས་སྡེ་པའི་ཁང་རྒན་ཚང་གི་བློ་བཟང་སོགས་འཛིན་བཟུང་བྱས་འདུག་པ་ད་ཆ་ བཙོན་ཁང་གང་དུ་ཡོད་ཤེས་རྟོགས་བྱུང་མི་འདུག ཕྱི་ཟླ་༣ ཚེས་༢༨ དང་༢༩ ལ་རྔ་པ་ཀིརྟི་དགོན་པ་ནས་དགེ་འདུན་པ་༥༧༢ ལྷག་འཛིན་བཟུང་བྱས་པའི་གྲས་སུ་མིང་དངོས་སུ་ལག་སོན་བྱུང་བ་ཕ་ཡུལ་ཁང་སར་མ་ནས་ ཡིན་པ་གྲྭ་སངས་རྒྱས་དང༌། རོང་མཁར་སར་ནས་ཡིན་པའི་གྲྭ་བློ་བཟང་རྒྱ་མཚོ་དང༌།  གྲྭ་ཚུལ་ཁྲིམས་བཟང་པོ་སོགས་ཡོད་འདུག ཕྱི་ལོ་༢༠༠༨ ཟླ་༤ ཚེས་༡ ཉིན་རྒྱ་གཞུང་ནས་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་གྱི་མཁན་པོ་བློ་བཟང་དཔལ་ལྡན་ ཚོ་བདུན་དགོན་དུ་བཞུགས་མ་བཅུག་པར་ཕྱིར་རང་དགོན་རྔ་པ་ཀིརྟིའི་དགོན་དུ་བཏང་ ཡོད་འདུག ཚོ་བདུན་དགོན་གྱི་གྲྭ་གཞོན་རང་ལོ་༡༨ མ་སོན་པ་ཚང་མ་དགོན་པ་ནས་ཕྱིར་ཕུད་ཀྱིས་གྲྭ་ཆས་གྱོན་བཅུག་མི་འདུག
    ད་ལྟ་ཆེས་གསང་བའི་ཐོག་ནས་གཞིས་ལུས་བོད་མི་སྤྱི་དང་ལྷག་པར་གྲྭ་པ་རྣམས་ཀྱིས་ བཙོན་ཁང་གི་དཀའ་སྡུག་བཞིན་རང་ཁྱིམ་ན་མྱོང་གི་ཡོད་པ་ནི། གདན་ས་གསུམ་དང་རྒྱུད་གྲྭ་སྟོད་སྨད། ལྷ་ས་གཙུག་ལག་ཁང་རྣམ་གཉིས་བཅས་སུ་ཡོད་པའི་གྲྭ་པ་རྣམས་ལ་ཉི་མ་མང་པོའི་སྔོན་ ནས་ཆུ་བཀག་ཡོད་པ་མ་ཟད། དགོན་པའི་ལྕགས་རིའི་ཕྱི་རོལ་དུ་གཅིག་ཀྱང་གཏོང་གི་མེད་པས་བཟའ་ཆས་རྫོགས་ཡོད་ འདུག ད་དུང་མི་མང་པོ་ཞིག་ལ་རང་ཁྱིམ་ན་ལྕགས་སྒྲོག་བརྒྱབས་ནས་གཅར་རྡུང་ཚད་མེད་ གཏོང་གི་ཡོད་པས་བཙོན་ཁང་ལས་ལྷག་པའི་དཀའ་སྡུག་མྱོང་གི་ཡོད་པའི་གནས་ཚུལ་ས་ གནས་ནས་ངུ་བཞིན་དུ་བརྗོད་ཀྱི་འདུག དེ་བཞིན་མདོ་སྟོད་སྨད་གཉིས་ཀྱི་དགོན་པ་ཁག་གིས་ཀྱང་མནར་གཅོད་གཅིག་མཚུངས་སུ་ མྱོང་གི་ཡོད་པ་ནི། ཕྱི་ཟླ་༣ ཚེས་༢༣ ནས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྣམས་ལ་བཟའ་ཆས་སྤྲོད་འཇུག་གི་མེད་ལ། ཚེས་༡༦ ཉིན་ནས་དགོན་པའི་གྲྭ་པ་རྣམས་ཕྱི་རུ་ཐོན་བཅུག་མེད་པས་ད་ཆ་གྲྭ་པ་ཕལ་ཆེར་ལ་ བཟའ་ཆས་རྫོགས་འདུག་ཅེས་ཡང་ཡང་ཤོད་ཀྱི་འདུག
    དེང་སང་རྒྱ་གཞུང་གིས་བོད་ཀྱི་ས་ཆ་མང་པོར་ཏཱ་ལའི་ཚོགས་ཁག་ལ་རྒོལ་བ་བརྒྱབ་པ་ ཡིན། ཏཱ་ལའི་བླ་མའི་འདྲ་པར་ཁྱིམ་ལ་མི་ཉར། ཏཱ་ལའི་ཚོགས་ཁག་ལ་ཞུགས་རྒྱུའི་བསམ་བློ་མེད། ཁ་བྲལ་རིང་ལུགས་པའི་རྗེས་སུ་མི་འབྲང༌། མི་རིགས་ཁ་བྲལ་ལ་གཏོང་རྒྱུའི་རེ་ངན་འགྲུབ་རྒྱུ་མ་རེད། གུང་ཁྲན་ཏང་ལ་དགའ་ཞེན་ཡོད། ཅི་བྱས་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན། གུང་ཁྲན་ཏང་གི་བཀའ་དྲིན་ངོས་ཟིན་པ་ཡིན་ཞེས་པའི་དོན་ཚན་བརྒྱད་དེ་མ་བརྗོད་ན་ འཕྲལ་དུ་བཙོན་ཁང་ལ་འཁྲིད་རྒྱུ་ཡིན་ཚུལ་གྱི་འཇིགས་སྐུལ་བྱས་འདུག
    ཉེ་སྔོན་རྔ་པ་རྫོང་ཐོག་ནས་ངོ་རྒོལ་སྐད་འབོད་བྱེད་སྐབས་ཀྱི་སྣེ་ཁྲིད་པ་ཡིན་ ཚུལ་གྱིས་ཕ་ཡུལ་རྔ་པ་རྫོང་ཁོངས་རོང་མཁར་སར་ནས་ཡིན་པའི་རྔ་པ་ཀིརྟི་དགོན་གྱི་ བློ་བཟང་སྦྱིན་པ་སོགས་མི་ཁ་ཤས་བྲོས་བྱོལ་ལ་ཕྱིན་པ་ཉེན་རྟོག་པས་མ་ཟིན་པས། ད་ལྟ་ཉེས་ཅན་གཏེ་བོ་འདི་དག་མི་སུ་ཞིག་གིས་ས་ཆ་གང་ནས་བསད་ན་ཆོག་ཅེས་རྒྱ་ གཞུང་གིས་ཁྱབ་བསྒྲགས་ཡི་གེ་སྦྱར་ཡོད་འདུག ཉེ་སྔོན་རྔ་སྨད་ཀིརྟིའི་གདོང་རི་དགོན་པ་ནས་དགེ་འདུན་པ་༢༣ འཛིན་བཟུང་བྱས་པའི་གྲས་སུ། བློ་བཟང་ཚུལ་ཁྲིམས། བློ་བཟང་བརྩོན་འགྲུས། བློ་བཟང་འཕྲིན་ལས། བློ་བཟང་ཉི་མ། འཇམ་དབྱངས་ཉི་མ། བཅས་ད་ལྟ་བཙོན་ཁང་གང་ཞིག་ཏུ་ཡོད་མེད་ཤེས་རྟོགས་མ་ཐུབ་ནས་ནང་མི་ཚོས་ཉི་མ་མང་ པོར་རྔ་པའི་བཙོན་ཁང་གི་སྒོ་ནས་བསྒུགས་ཀྱང་བཟའ་ཆས་ཙམ་ཡང་སྤྲོད་ས་རག་མི་འདུག རྔ་སྨད་བློ་རྟ་སྡེ་བ་དང༌། ཨ་ཁམས་སྡེ་བ་གཉིས་ཀར་རྒྱ་དམག་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་པ་དང༌། བློ་རྟ་ནས་མི་སུམ་ཅུ་ལྷག་འཛིན་བཟུང་བྱས་འདུག་ནའང་མིང་སོགས་གསལ་པོ་ཤེས་ རྟོགས་མ་བྱུང༌། རྔ་སྨད་ཕྱོགས་ནས་ནག་ཉེས་ཆེ་ཤོས་ཨ་ཁམས་སྡེ་བ་ཡིན་ཞེས་དམག་མི་འཕར་སྣོན་བྱས་ འདུག ལྷ་ས་ནས་ཕྱི་ཟླ་༣ ཚེས་༡༤ ཉིན་འཛིན་བཟུང་བྱས་པའི་རྔ་སྨད་བ་ཏོ་ནས་ཡིན་པའི་སྐ་ཚང་གི་བསྟན་ཁོ་ཡང་གང་དུ་ ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་མེད་འདུག། བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་ནས་གནས་ཚུལ་མཁོ་སྤྲོད་གནང༌།

རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ཅིག་གིས་བོད་དོན་གླེང་བ།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཁབ་འདྲ་མིན་ནང་བོད་དོན་རྒྱབ་སྐྱོར་དང༌། པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་མཛད་སྒོ་ལ་ཞུགས་རྒྱུ་མིན་པ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་དགོས་སྐོར་གསུང་མཁན་མང་དུ་ འགྲོ་ཡི་ཡོད་པ་རེད།     ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇེཀསེ་ རོག་གཎཏྲཔསྤྱྟཔྲ ངྣཐྲཐྲྟགིས་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཚོགས་ཆུང་གི་ངོས་ནས་ཨོ་ལིམ་ཕིག་དཔལ་འབར་ ལ་ས་གནས་གང་སར་ངོ་རྒོལ་བྱེད་མཁན་མང་པོ་ཡོད་པས་སེམས་ཁུར་ཆེན་པོ་བྱེད་ཀྱི་ ཡོད་པ་དང༌། ད་ལྟ་བོད་ནང་གི་གནས་སྟངས་དེ་ཞི་བའི་ངང་གང་མགྱོགས་ཐག་གཅོད་གཏན་འབེབས་དགོས་པ་ མ་གཏོགས། ངོ་རྒོལ་འདིའི་རིགས་ཨོ་ལིམ་ཕིག་རྩེད་འགྲན་གྱི་བརྩི་མཐོང་ངམ་རིན་ཐང་དང་མཐུན་ གྱི་མི་འདུག་བཅས་གསུངས་ཡོད་འདུག། ཟླ་འདིའི་ཚེས་༣ ཉིན་དྷ་སར་རྒྱ་གར་གྱི་མཁས་དབང་སུམ་བཅུ་ཙམ་གྱིས་བོད་དོན་ལ་རྒྱ་གར་གཞུང་གིས་ རྒྱབ་སྐྱོར་དགོས་པ་དང༌། ད་ལྟ་རྒྱ་གར་གྱི་རྐང་རྩེད་སྤོ་ལོའི་རུ་དཔོན་གྱིས་བོད་ནང་གི་གནས་སྟངས་ཛ་དྲག་ ཆགས་པ་ལ་བརྟེན་ནས་ཨོ་ལིམ་ཕིག་དཔལ་འབར་ཁྱེར་དེ་རྒྱ་གར་ནང་ཁྲོམ་སྐོར་བྱེད་ མཁན་གྱི་ནང་ནས་ཕྱིར་འཐེན་བྱས་པ་དེར་བསྟོད་བསྔགས་གནང་ཡོད་པ་རེད། དེ་བཞིན་རྒྱ་གར་གྱི་གནད་ཡོད་མི་སྣ་དང༌། མཁས་དབང་མང་པོ་བོད་དོན་སྐོར་ལ་བགྲོ་གླེང་ཐེངས་མང་འཚོགས་ཡོད་པ་རེད།
    དེ་བཞིན་ནོར་ཝེ་རྩེད་རིགས་བློན་ཆེན་གྱིས་བོད་ནང་གི་དྲག་གནོན་ལ་གཞིགས་ཏེ་ ཨོ་ལིམ་ཕིག་རྩེད་འགྲན་གྱི་མཛད་སྒོར་ཞུགས་རྒྱུར་ཆབ་སྲིད་ཀྱི་རྣམ་འགྱུར་སྟོན་ དགོས་མིན་ལ་བསམ་གཞིག་བྱེད་ཀྱི་ཡོད། མཛད་སྒོར་མ་ཞུགས་ན་དེས་བརྡ་ལན་གསལ་བོ་ཞིག་མཚོན་གྱི་ཡོད་པ་དང༌། རྒྱལ་ཁབ་མང་པོས་ཉེན་བརྡ་གཏོང་བཞིན་པ་དེས་རྒྱ་ནག་གི་དཔོན་རིགས་ཚོ་འགུལ་ བསྐྱོད་རྒྱག་དགོས་པ་ཞིག་ཡོང་སྐོར། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་བརྡ་ལན་ལ་ཉན་འཇོག་བྱས་ན་རྩེད་འགྲན་ལམ་ལྷོང་ ཡོང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། དབྱིན་ཡུལ་གྲོས་ཚོགས་འོག་མའི་འཐུས་མི་ཞིག་གིས་གྲོས་ཚོགས་ནང་རྒྱ་ནག་གིས་ལྷ་ སར་བཙན་གནོན་བྱས་པ་དེ་ཚད་ལས་བརྒལ་བ་རེད་ཅེས་གསུངས་ཡོད་པ་རེད། ཁེ་ན་ཊེའི་སྲིད་བློན་གྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དགོས་ སྐོར་གསུངས་ཡོད་པ་རེད། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མཚན་ཐོག་ཏུ་ཨ་རིའི་གྲོས་ཚོགས་ཀྱི་ འཐུས་མི་༢༥ ལྷག་གིས་བོད་ནང་གི་གནས་སྟངས་དེ་ཞི་བའི་ཐོག་ནས་སེལ་ཐབས་བྱེད་དགོས་པ་དང༌། ྋགོང་ས་མཆོག་དང་མཉམ་དུ་བཀའ་མོལ་གནང་དགོས་པའི་འབོད་སྐུལ་སྙན་ཞུ་ཞིག་ཕུལ་ཡོད་ པ་རེད། རྒྱ་ནག་ནང་གི་རྒྱ་རིགས་ཁྲིམས་རྩོད་པའི་རུ་ཁག་གཅིག་གིས་ད་ཐེངས་བོད་རིགས་མང་ པོ་དམར་གསོད་བཏང་བ་དང༌། འཛིན་བཟུང་བྱས་པའི་གྱོད་གཞིའི་ཐོག་རོགས་སྐྱོར་བྱེད་རྒྱུ་ཡིན་སྐོར་གསུངས་ ཡོད་པ་རེད། འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཟུར་པ་ཁག་ཅིག་དང༌། ནོར་ཝེ་ཞི་བདེའི་དེད་དཔོན་ཁག་ཅིག་གིས་བོད་ནང་གི་བོད་མི་ཚོའི་གནས་སྟངས་ལ་ འཚེ་མེད་ཞི་བའི་ཐོག་ནས་བསམ་གཞིག་དགོས་པ་དང༌། ྋགོང་ས་མཆོག་དང་མཉམ་དུ་བཀའ་མོལ་གནང་དགོས་སྐོར་ལ་འབོད་སྐུལ་གནང་ཡོད་པ་རེད།
    ཟླ་འདིའི་ཚེས་༥ ཉིན་ཧཕ་རན་སིའི་སྲིད་འཛིན་མཆོག་གིས་ཧཕ་རན་སིའི་བློན་ཆེན་ལྷན་ཚོགས་ཐོག་བོད་ དོན་གླེང་སློང་གནང་ཡོད་པ་དང༌། སྲིད་འཛིན་མཆོག་གིས་ཧཕ་རན་སིས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་ནི་རྒྱ་ནག་གི་ཨོ་ ལིམ་ཕིག་རྩེད་འགྲན་མ་འཚོག་གོང་རྒྱ་ནག་གིས་བོད་ནང་གི་གནས་སྟངས་འགྱུར་བ་གཏོང་ སྟངས་ལ་རག་ལས་ཡོད་པ། ཧཕ་རན་སིས་རྒྱ་ནག་ལ་ཉེན་བརྡ་བཏང་བའི་ལན་འདེབས་བསྒུག་ནས་ཡོད་སྐོར་གསར་འགོད་ པར་གསུངས་ཡོད་པ་རེད། དེ་རྗེས་ཧཕ་རན་སིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བློན་ཆེན་གྱིས་ཧཕ་རན་ སིའི་གཞུང་ནས་རྒྱ་ནག་ལ་བོད་ཀྱི་གནད་དོན་ཐོག་དོན་ཚན་བཞི་ནན་བསྐུལ་གནང་ཡོད་པ་ རེད། ༡ བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་མཚམས་འཇོག་དང༌། ༢ ྋགོང་ས་མཆོག་དང་མཉམ་དུ་བོད་རྒྱ་ཞི་མོལ་འགོ་འཛུགས་དགོས་པ། ༣ བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པ། ༤ བོད་ནང་གསར་འགོད་པ་རང་དབང་ཐོག་མྱུར་དུ་གཏོང་དགོས་པ་བཅས་པེ་ཅིང་གི་ཨོ་ལིམ་ ཕིག་མ་འཚོག་གི་སྔོན་ནས་མ་བསྒྲུབ་ན་པེ་ཅིང་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་མཛད་ སྒོའི་ཐོག་ཞུགས་རྒྱུ་ཕྱིར་འཐེན་གནང་རྒྱུ་ཡིན་པ་བརྗོད་ཡོད་པ་རེད། ཧཕ་རན་སིའི་རྩེད་འགྲན་པ་བཅོ་ལྔས་བོད་ནང་གི་དྲག་གནོན་མཚམས་འཇོག་མ་བྱས་ན་ཁོང་ ཚོ་རྩེད་འགྲན་ནས་ཀྱང་ཕྱིར་འཐེན་གནང་སྲིད་པ་རེད་ཅེས་རྒྱ་ནག་གི་སྲིད་འཛིན་ ཧུའུ་ཅིན་ཐའོ་ལ་སྙན་ཞུ་ཞིག་བཏང་ཡོད་འདུག།

བཙན་གནོན་འོག་ནས་རང་སྲོག་བཅད་པ།

རྒྱ་ནག་གི་བཙན་གནོན་འོག་བོད་རིགས་རང་སྲོག་གཅོད་མཁན་མང་དུ་འགྲོ་ཡི་ཡོད་པ་རེད།
ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༧ ཉིན་ཕ་ཡུལ་ཨ་མདོ་རྔ་པའི་རྔ་སྲིབ་ཀ་ཉག་སྡེ་བ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་ གྱི་གྲྭ་བློ་བཟང་སྦྱིན་པས་རང་སྲོག་བཅད་འདུག དེ་ཡང་ཁོང་གིས་ཤུལ་དུ་ཡི་གེ་ཞིག་བྲིས་ཡོད་པའི་ནང་རྒྱ་གཞུང་གིས་ད་ཐེངས་རྔ་པ་ རྫོང་ཁོངས་ནས་གསང་བ་ཕྱིར་བསྒྲགས་བྱེད་མཁན་དང༌། རྔ་པའི་འོས་ལངས་ཀྱི་མགོ་ཁྲིད་མཁན། རྒྱ་གཞུང་གིས་བོད་མི་བསད་པའི་ཕུང་པོ་རྣམས་བདག་པོ་རྒྱག་མཁན་བཅས་རྔ་པ་ཀིརྟི་ དགོན་པ་ཡིན་ཞེས་ནག་ཉེས་ཀྱི་ཞྭ་མོ་གཡོག་བཞིན་པ་འདི་ཀིརྟི་དགོན་པའི་གྲྭ་པ་ གཞན་སུ་གཅིག་ཀྱང་མིན་པར་ཡོད་ཚད་ངས་བྱས་པ་ཡིན་ལ། ནག་ཉེས་འདི་གཞན་སུ་ལ་མེད་ཅེས་དང༌། ཡང་འདི་ལྟར་རྒྱ་གཞུང་གི་དྲག་གནོན་འོག་ཉི་མ་གཅིག་ཕར་ཞོག་ཆུ་ཚོད་གཅིག་དང༌། སྐར་མ་གཅིག་ལ་སྡོད་དགོས་ཀྱང་བཟོད་ཐབས་མི་འདུག་ཅེས་ཡི་གེར་མིང་རྟགས་བརྒྱབ་ ནས་རང་སྲོག་བཅད་ཡོད་པ་རེད།
    རྔ་སྟོད་སྐེས་བཞི་ནས་ཡིན་པའི་རྔ་པ་སྒོ་མང་དགོན་གྱི་གྲྭ་ལེགས་ཚོགས། རང་ལོ་༧༥ ཅན་རང་སྲོག་བཅད་ཡོད་འདུག དེ་ཡང་གནས་ཚུལ་ཡོང་ཁུངས་ནས་བཤད་པར་ཕྱི་ཟླ་༣ ཚེས་༣༠ སྟེ་སྒོ་མང་དགོན་དུ་དམག་སླེབས་པའི་ཉིན་མོ་དེར་ལེགས་ཚོགས་དང་གྲྭ་པ་གཞན་གཉིས་ ཁྱིམ་ཚང་ཞིག་ལ་ཞབས་བརྟན་བསྒྲུབ་ཏུ་ཕེབས་སྐབས་ལམ་བར་ནས་རྒྱ་གཞུང་གི་ཉེན་ རྟོག་པས་གཅར་རྡུང་དྲག་པོ་དང་ཉིན་ཤས་བཀག་སྐྱིལ་བྱས་རྗེས་ཕྱིར་དགོན་པར་བཏང་ འདུག ལེགས་ཚོགས་ཀྱིས་འདི་འདྲ་བྱས་ན་བཟོད་ཐུབ་པ་མི་འདུག་ཅེས་ཡང་ཡང་བཤད་འདུག་ལ། ཁོ་རང་གི་དགེ་ཕྲུག་དང་སྤུན་མཆེད་སོགས་ཀྱིས་བཅོལ་དངུལ་ཡོད་པ་རྣམས་རྩིས་ཁ་ གསལ་བཟོས་ནས་དགེ་ཕྲུག་ནང་ལ་དངུལ་སྐྱེལ་དུ་བཏང་རྗེས་ཁོང་ཡང་རང་ཤི་བརྒྱབ་ཡོད་ པ་རེད།
    རྒྱ་ནག་གཞུང་གིས་མི་མང་དང་དགོན་སྡེ་ཁག་ཏུ་འཇུ་བཟུང་དང༌། དམར་གསོད་ཀྱིས་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། རྔ་པ་རྫོང་ཁོངས་རྨེའུ་རུ་མའི་གནམ་མཚོ་མ་དགོན་པའི་གྲྭ་པ་ཞིག་ཕྱི་ཟླ་༤ ཚེས་༣ ཉིན་མི་མང་གི་མདུན་དུ་རྒྱ་དམག་དང་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་ནས་སྐབས་ ཐོག་དེར་བསད་པ་བོད་མི་མང་པོས་དངོས་སུ་མཐོང་ཡོད་པ་རེད།།

རྫ་ཆུ་ཁར་དམ་དྲག་དང་འཇུ་བཟུང༌།

རྫ་ཆུ་ཁ་དབོན་པོ་དགོན་པ་རྒྱ་དམག་གིས་བསྐོར་ཞིང་གྲྭ་ཤག་སྔོག་བཤེར་དང་གྲྭ་མང་ འཇུ་བཟུང་བྱས་ཏེ་ཧ་ཅང་ཛ་དྲག་གི་འོག་ཏུ་གནས་ཡོད་པ་དང༌། གསུམ་བཅུའི་དུས་དྲན་ནས་ད་ལྟ་བར་གྲྭ་པ་དང་མི་སྐྱ་བསྡོམས་༢༥ ཙམ་འཇུ་བཟུང་བྱས་ཟིན་ཡོད་པ་རེད།
   ཁ་པར་བརྒྱུད་ལམ་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན་ཕྱི་ཟླ་༣ ཚེས་༣༡ ཉིན་རྫ་ཆུ་ཁ་དབོན་པོ་དགོན་དུ་རྒྱ་དམག་བརྒྱད་བརྒྱ་སྐོར་ཞིག་འབྱོར་ནས་གྲྭ་ཤག་ སྔོག་བཤེར་དང༌། ྋསྐྱབས་མགོན་རིན་པོ་ཆེའི་སྐུ་པར་རྡོག་བརྫིས་བཏང་བ་སོགས་བྱས་ཏེ། བོད་མིའི་ཆོས་རིག་དང་བཅས་པར་མཐོང་ཆུང་བརྙས་བཅོས་བྱས་པ་མ་ཟད། ྋགོང་ས་མཆོག་ལ་མཚན་སྨད་དགོས་པ་སོགས་ཀྱི་རྒྱལ་གཅེས་ཆོས་གཅེས་ཞེས་པའི་སློབ་ གསོ་བཏང་པར་གྲྭ་མང་གིས་ངོ་རྒོལ་བྱས་པར་བརྟེན། དགོན་པ་དང་སྲིད་གཞུང་ཨུ་ཡོན་ལྷན་ཁང་བཅས་ཚོགས་འདུ་བསྐོང་སྟེ། ཚོགས་འདུར་སླེབས་སྐབས་དགེ་འདུན་པ་ཚོ་ཁ་ཁར་འཚོགས་དགོས་པའི་མགོ་སྐོར་བཏང་ནས་ དགོན་པའི་དགེ་བསྐོས་ལས་ཐོག་དད་པ་དང༌། སློབ་གྲྭའི་དགེ་རྒན་བློ་བཟང་དོན་གྲུབ། དགོན་པའི་གཞུང་གཉེར་པ་བསོད་བྷེ། ཐུབ་བསྟན་ཚེ་རིང༌། བསོད་ནམས་ཉི་མ། བྷེད་དོ། ཨུ་རྡོ། དགའ་ཡེ་ཞེས་པའི་མི་སྐྱ་གཅིག་བཅས་ཁྱོན་མི་གྲངས་༨ ཀྱི་ཁར་འགྱིག་གི་སྦྱར་རས་བཀབ་ནས་ལག་པ་རྒྱབ་ཏུ་བསྡམས་ཏེ་འཇུ་བཟུང་བྱས་ཡོད་པ་ རེད། སྐབས་དེར་རྫོང་ཉེན་རྟོག་པའི་དཔོན་པོ་ལྕགས་རྡོ་ཞེས་པས་རྒྱ་སྐད་ཐོག་ནས་ཨུ་ རྡོ་མ་གཏོགས་གཞན་ཚང་མ་རྒྱ་ནག་ལ་འཁྱེར་དགོས་པ་ལས་ང་ཚོས་ཐག་གཅོད་མི་ཐུབ་ཚུལ་ བརྗོད་ཡོད་འདུག ད་སྐབས་རྒྱ་དམག་གིས་དགོན་པའི་མཐའ་ཀུན་ནས་བསྐོར་ཏེ་བཙོན་པ་ལྟར་ཐ་ན་འཚོ་བའི་ ཟས་རིགས་རེ་ཉོ་དགོས་ཀྱང་རྒྱ་དམག་རེ་ལྷན་དུ་འགྲོ་དགོས་པའི་གནས་སྟངས་འོག་གནས་ ཡོད་པ་རེད་འདུག ད་ལོ་གསུམ་བཅུའི་དུས་དྲན་གྱི་བོད་མི་གྱེན་ལངས་ཀྱི་ལས་འགུལ་བྱུང་བ་ནས་ད་བར་ རྫ་ཆུ་ཁ་དབོན་པོ་དགོན་པ་གཅིག་པུའི་དགེ་འདུན་པ་དང་མི་སྐྱ་༢༥ ཙམ་འཇུ་བཟུང་བྱས་ཡོད་པ་རེད་ཅེས་སེར་བྱེས་བྱ་བྲལ་ཁང་ཚན་གྱི་གྲྭ་ཚུལ་ཁྲིམས་ རྡོ་རྗེ་དང་བློ་བཟང་སྨོན་ལམ་གཉིས་ཀྱིས་འགྲེལ་བརྗོད་གནང་སོང༌།།
མེ་སོར་གསར་འགོད་པས།

ྋགོང་ས་མཆོག་ཨ་རིར་ཆིབས་བསྒྱུར།

ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་སི་ཨེ་ཊར་གྲོང་ཁྱེར་ནང་དུ་ཞབས་སོར་ འཁོད་ནས་ཚན་རིག་པ་དང༌། ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད། མཁས་དབང་སོགས་མཉམ་འཛོམས་ཀྱི་བགྲོ་གླེང་ཐོག་ཏུ་བྱམས་བརྩེའི་ས་བོན་ཞེས་པའི་ བརྗོད་གཞིའི་ཐོག་ྋགོང་ས་མཆོག་གིས་བཀའ་སློབ་གནང་བ་དང༌། དེ་བཞིན་ཡུལ་དེར་གནས་སྡོད་བོད་རིགས་དང་སོག་རིགས། མི་རིགས་འདྲ་མིན་གྱི་ནང་པ་མང་པོར་མཇལ་ཁ་གནང་ཡོད་པ་རེད།  ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་ྋགོང་ས་མཆོག་རྣམ་གཉིས་ཟླ་བ་ འདིའི་ཕྱི་ཚེས་༢༡ ཉིན་མཇལ་འཕྲད་གནང་རྒྱུ་ཡིན་པ་རེད།།

རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་དང་བོད་མི་འཇུ་བཟུང༌།

རྒྱ་ནག་གིས་དཀར་མཛེས་ཁུལ་གྱི་ཁོངས་གཏོགས་དགོན་སྡེ་ཁག་གི་བླ་མ་རྣམས་ཆེད་ བསྐོང་གིས་ྋགོང་ས་མཆོག་ལ་མཚན་སྨད་ཞུ་དགོས་སྐོར་གྱི་ལས་འགུལ་སྤེལ་ཡོད་ནའང༌། བླ་མ་དང་མི་མང་གིས་ཁས་ལེན་མ་བྱས་པར་བརྟེན་ད་ལྟ་ཛ་དྲག་གི་གནས་སྟངས་འོག་ཡོད་ པ་རེད།
    ཕྱི་ཟླ་༤ ཚེས་༡༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཞེས་པའི་རྫོང་ཁག་༡༨ ཁོངས་ཀྱི་དགོན་སྡེ་གྲྭ་ཚང་གི་འགན་ཁུར་བ་དང༌། ལས་ཁུངས་ཁག་གི་གནད་ཡོད་འགན་འཛིན་བཅས་དར་རྩེ་མདོར་ཆེད་བསྐོང་གིས། ཉེ་སྔོན་ཕྱི་ཟླ་༣ ཚེས་༢༦ ཉིན་རྫ་སེར་ཤུལ་རྫོང་དུ་དགོན་སྡེ་ཁག་གི་ལས་བྱེད་ལ་ལྷ་སར་བོད་མིས་དྲག་སྤྱོད་ བྱས་ཚུལ་གྱི་རྒྱ་གཞུང་གི་དྲིལ་བསྒྲགས་གློག་བརྙན་བསྟན་ཏེ་སློབ་གསོའི་ལས་ འགུལ་སྤེལ་སྐབས་དང་ལེན་ཡག་པོ་མ་བྱས་པ་མ་ཟད། ད་དུང་ཏཱ་ལའི་བླ་མ་དང་གྲོས་མོལ་བྱེད་དགོས་ཞེས་བཤད་པ་དང༌། ལྷག་པར་བླ་མ་གནད་ཡོད་ཅིག་གིས་སྙིང་རྗེ། མི་མང་པོ་བསད་འདུག ཡིན་ནའང་དྲག་ཆས་སྤྲས་པའི་དམག་མི་རྣམས་ཀྱིས་ཅི་བྱས་གང་ཡང་མཐོང་རྒྱུ་མི་འདུག་ པས་དོགས་པ་འདུག ྋསྐྱབས་མགོན་ྋརྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གིས་ནོར་འཁྲུལ་གྱི་ཕྱག་ལས་ཤིག་ གནང་གི་རེད་དྲན་གྱི་མི་འདུག གང་ཡིན་ཟེར་ན་ཁོང་དོན་དམ་དུ་སྙིང་རྗེའི་ལྷ་མཆོག་འཕགས་པ་སྤྱན་རས་གཟིགས་སྐུ་ དངོས་ཡིན་པ་དང༌། ཀུན་རྫོབ་ཏུ་འཛམ་བུ་གླིང་གི་ཞི་བདེའི་དབུ་ཁྲིད་ཡིན་པ་མ་ཟད། རྒྱལ་ཁབ་མང་པོས་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་ཞིག་ཡིན་པས། དྲག་སྤྱོད་པ་ཞིག་ལ་དེ་ལྟར་ཞི་བདེའི་གཟེངས་རྟགས་འབུལ་གྱི་མ་རེད་དྲན་གྱི་ འདུག་ཅེས་བཤད་རྗེས། གཞུང་གིས་ལས་བྱེད་པས་དེ་ནི་ནོར་འཁྲུལ་ཧ་ཅང་གིས་ཚབས་ཆེན་ཡིན་པས། ད་ལན་ཚོགས་ཐོག་འདི་ནས་ནོར་འཁྲུལ་ངོས་ལེན་བྱེད་དགོས་ཞེས་བཤད་འདུག དེ་བཞིན་ཚོགས་འདུ་གྲོལ་རྗེས་དགོན་པ་ཚང་མའི་ཐོག་ཏུ་སྐར་ལྔའི་དར་དམར་བསྒྲེངས་ འཛུགས་དགོས་པ་དང༌། ལྷག་པར་རྫ་སེར་ཤུལ་རྫོང་ཁོངས་སེར་སྐྱ་ཚང་མ་སྐར་ལྔའི་དར་དམར་འོག་ཏུ་འཛུལ་ནས། ཉེ་ཆར་བོད་ནང་བྱུང་བའི་ཟིང་འཁྲུག་ནི་ཏཱ་ལའི་བླ་མས་བྱུས་ངན་བཏིང་སྟེ་བྱུང་བ་ དང༌། ཏཱ་ལའི་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་གྱི་དམ་བཅའ་འཇོག་དགོས་ པའི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་ཀྱང་བྱས་འདུག
    དེ་ལ་གྲྭ་མང་དང་མི་མང་གིས། ད་བར་ང་ཚོས་མགོ་བསྒུར་ནས་བསྡད་པ་ཡིན་ཀྱང་དེ་ལྟ་བུའི་ཚོད་མེད་ཀྱི་ལས་འགུལ་ སྤེལ་ན་སྐེ་བཅད་ཀྱང་བསྒུར་ནུས་ས་མ་རེད་ཅེས་བརྗོད་འདུག ཐོག་མའི་འཆར་གཞི་ལྟར་ན་ཚོགས་འདུ་ཉིན་གཅིག་ནང་གྲོལ་རྒྱུ་ཡིན་འདུག་ཀྱང་བླ་ གྲྭ་རྣམས་ཀྱིས་དང་ལེན་མ་གནང་བར་བརྟེན་ད་དུང་ཉིན་གཉིས་འཕར་མ་འཚོགས་དགོས་ བྱུང་ཡོད་འདུག་ཀྱང་དེ་རྗེས་ཀྱི་གནས་ཚུལ་ཁ་གསལ་ལག་སོན་བྱུང་ཐུབ་མེད།
    སྨར་ཁམས་རྫོང་སྲིད་གཞུང་གི་སྒོ་བྱང་ལ་ཀྲུང་གོའི་བོད་ལྗོངས་སྨར་ཁམས་རྫོང་ ཞེས་བྲིས་པ་ཡོད་པ་དེ་ཟླ་འདིའི་ཚེས་༡༣ ཉིན་མེར་བསྲེག་བཏང་ཡོད་པ་མ་ཟད། རྒྱ་གཞུང་གི་དྲག་གནོན་ཧ་ཅང་ཆེ་མིན་ལ་མ་ལྟོས་པར་ཟླ་འདིའི་ཚེས་༡༤ སྔ་དྲོ་སྨར་ཁམས་རྫོང་དུ་བོད་མིས་ཞི་བའི་སྐད་འབོད་བྱས་པའི་གནས་ཚུལ་ཐོན་ཡོད་ ཀྱང༌། ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད། དེ་བཞིན་ཉིན་ཤས་གོང་སྨར་ཁམས་འོད་ཟེར་དགོན་དུ་རྒྱ་གཞུང་གིས་རྒྱལ་གཅེས་རིང་ ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་སྐབས། དགེ་འདུན་པ་ཚོས་འདོད་མོས་མེད་པའི་རྣམ་འགྱུར་བསྟན་ཏེ་དགོན་པ་ནས་དགོངས་ཞུ་ བྱས་ཡོད་པ་རེད།
    ཟླ་༤ ཚེས་༡༠ དགོང་དྲོ་ལྷ་སའི་འབྲས་སྤུངས་དགོན་པར་དམག་མི་ཕོན་ཆེ་བཏང་སྟེ། སྔར་བས་དམ་དྲག་ཆེ་བ་བྱས་ཐོག་ལས་དོན་རུ་ཁག་མང་པོ་བཏང་སྟེ། དྲག་ཤུགས་ཀྱི་ཐོག་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་དགེ་འདུན་པ་ ཚོས་དང་ལེན་མ་བྱས་པར་ངོ་རྒོལ་ཤུགས་ཆེ་བྱས་པར་བརྟེན། ཚེས་༡༡།༡༢ ལ་གྲྭ་པ་མང་པོ་འཛིན་བཟུང་བྱས་ཡོད་འདུག དེ་བཞིན་འབྲས་སྤུངས་དགོན་པའི་གྲྭ་པ་རྣམས་ནང་དུ་བཀག་ཉར་བྱས་ནས་ཟས་གོས་མ་རག་ པར་ཟླ་བ་གཅིག་ལྷག་བཞག་སྟབས། ལྟོགས་སྐོམ་གྱིས་སྡོད་མ་ཐུབ་པར་ཕྱི་ལ་ཤོར་ཡོང་སྐབས། དམག་མིས་དྲག་ཤུགས་སྤྱད་དེ་བཀག་འགོག་གིས་གྲྭ་པ་མང་པོར་རྨས་སྐྱོན་བཏང་བའི་ གནས་ཚུལ་ཡོད་ཀྱང་ཞིབ་གནས་ད་ལྟ་ཤེས་རྟོགས་ཐུབ་མེད།
    རྒྱ་གཞུང་གིས་བོད་རྒྱ་མི་རིགས་དབར་ཆེད་དུ་དབྱེན་སྦྱོར་དཀྲུག་ཤིང་བྱས་པ་མ་ ཟད། ས་གནས་སོ་སོའི་རྒྱ་གཞུང་གི་ལས་བྱེད་པས་རྒྱ་རིགས་ཀྱི་རྒྱབ་རྩ་བྱས་པར་བརྟེན། ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་གནས་མང་པོར་རྒྱ་རིགས་སློབ་ཕྲུག་གིས་བོད་ རིགས་སློབ་ཕྲུག་ལ་རུབ་རྡུང་བྱེད་པ་དང༌། རྒྱ་རིགས་ཚོང་པས་བོད་རིགས་ལ་ཟོག་རིན་ཧ་ཅང་མཐོན་པོ་ལེན་པ། ཐ་ན་ལྕགས་རྟ་བཟོ་བཅོས་བྱེད་མཁན་རྒྱ་རིགས་ཀྱིས་ཀྱང་བོད་རིགས་ཀྱི་ལྕགས་རྟ་ བཟོ་བཅོས་མི་བྱེད་པ་སོགས་གནས་ཚུལ་ཚབས་ཆེན་མང་པོ་ཐོན་བཞིན་ཡོད། བོད་ཡུལ་གང་སར་རྒྱ་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བྱས་དང་བྱེད་མུས་ ཁོངས། དེ་སྔོན་གྱི་ཆབ་སྲིད་བཙོན་ཟུར་ཕལ་མོ་ཆེ་རྒྱུ་མཚན་འདི་ཡིན་མེད་པར་འཛིན་བཟུང་ བྱས་ཏེ་ད་ལྟ་གར་ཡོད་མི་ཤེས་པར་གྱུར་ཡོད།།

ཆབ་སྲིད་བཙོན་ཟུར་ཞིག་སྐུ་གཤེཌ་པ།

ཟླ་འདིའི་ཚེས་༥ ཉིན་ཆབ་སྲིད་བཙོན་ཟུར་ཁམས་དཀར་མཛེས་རྫོང་དར་རྒྱས་དགོན་གྱི་དགེ་བཤེས་བསོད་ ནམས་ཕུན་ཚོགས་མཆོག་བསྙུན་མནར་གྱིས་སྐུ་གཤེགས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ ཐོན་འདུག ཁོང་ནི་འཆད་རྩོད་རྩོམ་གསུམ་ལ་གཞན་དྲིང་མི་འཇོག་པའི་མཁས་པ་ཆེན་པོ་ཞིག་ཡིན་པ་ དང༌། གསུང་རྩོམ་ཡང་པོད་མང་པོ་ཡོད་པ་རེད། ཁོང་ལ་རྒྱ་གཞུང་གིས་མི་མང་འདུ་འཛོམས་སར་ཁ་བྲལ་གྱི་བྱེད་སྒོ་རྒྱུད་སྐུལ་བྱས་ ཚུལ་དང༌། རྒྱ་གར་དུ་ཕྱིན་ཏེ་ྋགོང་མཆོག་དང་ལྷན་དུ་སྐུ་པར་བསྒྲོན་པ། དཀར་མཛེས་ས་ཁུལ་དུ་ཆོག་མཆན་མེད་པར་ཆོས་ཀྱི་མཛད་སྒོ་ཐེངས་མང་འཚོགས་པ། ྋགོང་ས་མཆོག་གི་ཞབས་བརྟན་བསྒྲུབས་པ་སོགས་ཀྱི་ཉེས་འཛུགས་འོག་ཕྱི་ལོ་༡༩༩༩ ཟླ་༡༠ ཚེས་༢༥ ཉིན་འཛིན་བཟུང་གིས་ལོ་༥ དུས་བཀག་བཙོན་འཇུག་བྱས་རྗེས་གློད་གྲོལ་ཐོབ་ནའང་ས་གནས་སུ་བཟང་བཙོན་ལྟ་བུར་ བཀག་སྐྱིལ་བྱས་ཡོད་པ་རེད།
འཕན་པོ་རྫོང་ནས་བཙོན་པ་གནས་སྤོས།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་འཕན་པོ་ལྷུན་འགྲུབ་རྫོང་དུ་རྒྱ་ གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གཞོན་སྐྱེས་དྲུག་ཅུ་ཙམ་ཟླ་འདིའི་ཚེས་༥ ཉིན་ལྷ་སའི་བཙོན་ཁང་དུ་གནས་སྤོས་བྱས་འདུག འཕན་པོ་རྫོང་གི་བཙོན་ཁང་དུ་མི་མ་ཤོང་སྟབས་ད་ལྟའི་ཆར་ཚོགས་ཁང་ཆེན་པོ་ཞིག་གི་ ནང་མི་ཕོན་ཆེན་པོ་བཀག་ཉར་བྱས་ཡོད་པ་དང༌། དེ་དག་ལས་རྒན་པ་ཁག་གཅིག་ལ་ཁས་ལེན་གྱི་ཡིག་ཆ་འདྲ་མིན་བཟོ་བཅུག་རྗེས་རྒྱ་ སྒོར་༡༠༠༠ ནས་༣༠༠༠ བར་ཉེས་ཆད་བཅད་དེ་གློད་བཀྲོལ་བྱུང་ཡོད་འདུག འཕན་པོར་ངོ་རྒོལ་སྐད་འབོད་བྱེད་སྐབས་ལྷ་སར་སློབ་སྦྱོང་གནང་བཞིན་པའི་སློབ་མ་ ཁག་ཅིག་སོ་སོའི་ཁྱིམ་ཚང་དུ་གུང་སེང་ལ་སླེབས་ཡོད་པ་རྣམས་འཛིན་བཟུང་བྱས་ཏེ་ད་ ལྟའི་ཆར་གར་ཡོད་གནས་ཚུལ་ཤེས་མཁན་མི་འདུག། བལ་ཡུལ་གསར་འགོད་པས།
མངའ་རིས་སུ་ཞི་བའི་ངོ་རྒོལ།
གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ཟླ་འདིའི་ཚེས་༡༠ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། ཉིན་ཤས་སྔོན་མངའ་རིས་ས་ཁུལ་རུ་ཐོག་རྫོང་ཁོངས་སུ་བོད་མི་ན་གཞོན་བཞི་ལྔ་ཞིག་ ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས། བོད་ཀྱི་གནད་དོན་ྋགོང་ས་མཆོག་དང་གྲོས་མོལ་གྱིས་ཐག་གཅོད་དགོས་པ་དང༌། བོད་མིར་དྲག་གནོན་དང་མི་གསོད་ཁྲག་སྦྱོར་བྱེད་མཚམས་འཇོག་དགོས་པའི་དགོས་འདུན་ བཏོན་པར་རྒྱ་གཞུང་གིས་ཉེས་རྡུང་དྲག་པོ་དང་བཅས་འཛིན་བཟུང་བྱས་ཏེ་སེང་གེ་ གྲོང་བརྡལ་དུ་བཙོན་འཇུག་བྱས་ཡོད་འདུག།
 
ཝཱ་ཎ་མཐོ་སློབ་ཀྱི་བོད་དོན་ལས་འགུལ།

ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་སློབ་རྣམས་ཀྱིས་གསུམ་ བཅུའི་དུས་དྲན་དང༌། བུད་མེད་སྒེར་ལངས་བཅས་སུ་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང༌། ཕྱི་ཚེས་༡༤ ཉིན་བོད་ནང་དུ་དམར་གསོད་བཙོན་འཇུག་གི་གནས་ཚུལ་ཡིད་སྐྱོ་བ་དེ་ཉིད་བྱུང་བར་ བརྟེན། ཕྱི་ཚེས་༡༥ ཉིན་སཱ་ར་ནཱ་ཐའི་དགེ་ལུགས་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་ས་ གནས་སུ་བོད་ནང་དུ་སྐུ་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་འདས་ མཆོད་སྨོན་ལམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང༌། སྐབས་དེར་བོད་མི་༤༠༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད། དེའི་ཕྱི་དྲོ་ས་གནས་གཞོན་ནུའི་གོ་སྒྲིག་འོག་མར་མེའི་ཁྲོམ་སྐོར་དང༌། ཕྱི་ཚེས་༡༦ ཉིན་མཐོ་སློབ་ཀྱི་རྒྱལ་སྒོའི་མདུན་ཐང་ནས་དགེ་ལས་ཁག་ཅིག་དང་ས་གནས་བོད་རིགས་ མི་མང༌། བོད་རིགས་སློབ་གཉེར་བ་དང༌། ལ་དྭགས། སྤི་ཏི། རྟ་དབང༌། ཤར་པ། སོག་པོ། ར་ཤི་ཡ། འབྲུག་པ། རྟ་མང༌། འབྲས་ལྗོངས་པ་བཅས་ཀྱིས་སློབ་གཉེར་བ་དང༌། རྒྱ་གར་ཡུལ་མི་བཅས་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བྱས་པ་ དང༌། ཁྲོམ་སྐོར་བ་༥༠༠ ལྷག་གིས་ལམ་ཐག་ཀི་ལོ་མི་ཊར་༤༥ ལྷག་ལ་སྐད་འབོད་དང་བཅས་གོམ་བགྲོད་བྱས། ཚེས་༡༧ ཉིན་སྐད་འབོད་མར་མེའི་ཁྲོམ་སྐོར་དང༌། ས་གནས་རང་བདེན་ཚོགས་ཆུང་གི་སྣེ་ཁྲིད་འོག་སློབ་གཉེར་བ་ཚང་འཛོམས་ཀྱིས་སྨོན་ ལམ་གང་རྒྱས་འཚོགས། ༡༨ ཉིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་གཉེར་བ་རྣམས་ཀྱིས་གོ་སྒྲིག་སྣེ་ཁྲིད་འོག་ ངག་བཅད་ཀྱི་མྱ་ངན་གོམ་བགྲོད་ཅིག་གནང་བ་དེར་སྐབས་དེར་སློབ་གཉེར་བ་མི་གྲངས་ ༢༠༠ ཙམ་མཉམ་ཞུགས་བྱས། ཚེས་༢༢ ཉིན་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ལགས་དང༌། སྤྱི་འཐུས་བསྟན་འཛིན་མགོན་པོ་ལགས་གཉིས་ས་གནས་སུ་ཆེད་ཕེབས་གནང་བ་བཞིན། བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ གསར་འཛུགས་བྱས་པའི་བྱུང་རིམ་དང༌། ད་ལྟ་བོད་ནང་གི་གནས་སྟངས། ལས་འགུལ་སྤེལ་ཕྱོགས་སོགས་བཀའ་སློབ་གནང༌། ཚེས་༢༣ ཉིན་སཱ་ར་ནཱ་ཐའི་མཆོད་རྟེན་གྱི་སྒོ་དྲུང་དུ་ཞི་བའི་ངོ་རྒོལ་དང༌། ཡིག་ཆ་འགྲེམས་སྤེལ། དེ་བཞིན་གསར་འགོད་པ་དང་འབྲེལ་བ། ཡུལ་སྐོར་སྤྲོ་འཆམ་པ་དག་ལས་མཚན་རྟགས་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ ཆེའི་མཚན་ཐོག་ཛ་དྲག་གནས་བབས་དང་འབྲེལ་བའི་སྙན་ཞུ་༥༠༠ ཙམ་དང༌། གོང་མཚུངས་གྲངས་འབོར་བཅས་སྦྲག་ཐོག་དང༌། མྱུར་འཕྲིན། གློག་འཕྲིན་བཅས་བརྒྱུད་ནས་གཏོང་ཐུབ་པ་བྱུང་ཡོད། ཚེས་༢༦ ཉིན་དགེ་སློབ་མི་མང་བཅས་༢༥༠ ཙམ་ཡུ་པི་མངའ་སྡེའི་རྒྱལ་ས་ལཀ་ནའུ་རུ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་ འགུལ་སྤེལ་ཞིང༌། གསར་འགོད་གསལ་བསྒྲགས་བྱས་པ་དེ་གསར་ཤོག་གྲངས་༡༦ དང༌། གསར་བརྙན་ཁང་༡༠ ཙམ་གྱི་ནང་དུ་གསལ་བསྒྲགས་བྱུང་ཡོད་པ་རེད། ཚེས་༣༠ ཉིན་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ནས་ལས་བྱེད་ཆེད་གཉེར་གདན་ཞུས་ཐོག་ཆུ་མོ་ གངྒཱར་བོད་ནང་ནས་མེ་མདའི་འོག་སྐུ་སྲོག་ཤོར་བའི་ཕུང་པོའི་པར་རིས་༧༠ ལྷག་འགྲེམས་སྟོན་བྱས་པར་ས་གནས་ཀྱི་གནད་ཡོད་མི་སྣ་དང་མི་མང་གང་མང་གིས་དོ་ སྣང་ཤུགས་ཆེ་བྱུང་ཡོད་པ་རེད། ཕྱི་ཟླ་༤ ཚེས་༣ ཉིན་ཀཅརཱི་ས་གནས་ཉེན་རྟོག་ལས་ཁུངས་ཀྱི་སྒོ་མདུན་དུ་ཉིན་ཞག་ཕྲུགས་གཅིག་རིང་ ཟས་བཅད་ངོ་རྒོལ་བྱས་པ་དང༌། ལས་འགུལ་དེར་དགེ་ལས་སློབ་ཕྲུག་དང་མི་མང་བཅས་༢༨༠ ཙམ་ཞུགས་དང༌། དབུ་འཛུགས་མཛད་སྒོ་རུ་ས་གནས་ཀྱི་གནད་ཡོད་མི་སྣ་གང་མང་ཆེད་ཕེབས་ཀྱིས་གསུང་ བཤད་གནང་ཞིང༌། ས་གནས་ཡུལ་མི་བརྒྱ་ཕྲག་གཅིག་ཆུ་ཚོད་གཉིས་རིང་མཉམ་ཞུགས་གནང༌། དེ་བཞིན་ས་གནས་མི་མང་དང་སློབ་གཉེར་བ་གྲངས་༣༥ ཙམ་གྱིས་དབུ་སྐྲ་བྲེགས་ནས་མྱ་ངན་ཞུས་ཡོད་རེད། དེ་བཞིན་གོང་གི་དུས་ཚེས་དེ་དག་རིང་བར་མཚམས་མེད་པར་སྒྲོལ་མ་དང་སྨོན་ལམ་གང་ མང་གསོག་སྒྲུབ་ཞུས་ཡོད་པ་དང༌། ས་གནས་དེར་སྤེལ་བའི་ལས་འགུལ་གྱི་རྣམ་གྲངས་ཁག་ལ་བརྟེན་བོད་ནང་གི་གནས་སྟངས་ དང་བོད་པའི་བདེན་དོན་བཅས་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཧ་ཅང་ཁྱབ་བསྒྲགས་ཤུགས་ཆེ་ བྱུང་ནས་མི་མང་གིས་ཤེས་རྟོགས་དང་རྒྱབ་སྐྱོར་ཐོབ་པར་ཕན་ནུས་རླབས་ཆེ་ཐོན་ཡོད་ པ་རེད། གོང་གསལ་གྱི་གནས་ཚུལ་འདི་དག་ཝཱ་ཎ་ས་གནས་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་གནས་ཚུལ་ བཏང་བ་སྙིང་བསྡུས་བྱས་ནས་བཀོད་པ་ཡིན།།

གསུམ་བཅུའི་དུས་དྲན་ཉིན་གྱི་ལྷ་སའི་མཐོང་ཐོས།

ཉེ་ཆར་བོད་ནས་ནས་བྲོས་བྱོལ་དུ་ཡོང་ཞིང་ད་ལྟ་བོད་གཞུང་སྣེ་ལེན་ཁང་འབྱོར་བ་ཕ་ ཡུལ་ཁམས་ནས་ཡིན་པའི་བུ་མོ་ཞིག་གིས། ཕ་མའི་བདེ་འཇགས་ཀྱི་ཆེད་དུ་རང་གི་མིང་གསར་ཤོག་ཏུ་མི་འགོད་པའི་རེ་སྐུལ་དང་ བཅས་ཕྱི་ཟླ་༣ ཚེས་༡༠ ཉིན་དངོས་སུ་ལྷ་སར་སྐད་འབོད་ཀྱི་ཁྲོད་དུ་ཞུགས་པ་དང༌། དངོས་སུ་མཐོང་བའི་གནས་ཚུལ་ཁག་འགྲེལ་བརྗོད་བྱས་པ་ལྟར་ན། ང་ཆུང་ནས་ད་བར་སློབ་གྲྭ་འགྲིམས་ནས་སློབ་འབྲིང་མཐར་ཕྱིན་ཚར་ཙམ་ཡིན། ཕྲན་ལ་མཚོན་ན་སྔོན་ནས་རྒྱ་གར་ལ་རང་དབང་གིས་སློབ་སྦྱོང་བྱེད་དུ་འགྲོ་རྒྱུའི་ འདུན་པ་ཆེན་པོ་ཡོད་པ་མ་ཟད། ཕ་མས་ཀྱང་ཞལ་བཞེས་ཐོབ་ཡོད་པས་ལོ་གསར་གྱི་རྗེས་སུ་ཨ་ཕས་ཕྲན་རྒྱ་གར་ལ་གཏོང་ ཆེད་དུ་ལམ་ཁྲིད་པ་གླ་རྒྱུ་སོགས་ལྷ་ས་བར་དུ་སྐྱེལ་མ་རུ་ཡོང་བ་དང་ལྷ་སར་ཕྱི་ ཟླ་༣ ཚེས་༣ ཉིན་འབྱོར། བོད་ཟླ་གཉིས་པའི་ཚེས་༣ དང་ཕྱི་ཟླ་༣ ཚེས་༡༠ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག་ལྷ་སའི་བར་སྐོར་ལ་འགྲོ་སྐབས་གྲྭ་པ་གཉིས་འཛིན་བཟུང་བྱས་ནས་ཁྲིད་ འགྲོ་ཡི་ཡོད་པ་མཐོང་སོང་བ་དང༌། བར་སྐོར་གྱི་མཆོད་མེ་བླུག་ས་རུ་གྲྭ་པ་དེ་གཉིས་ལ་གློག་རྒྱུག་གཞུས་པ་སོགས་ ཉེས་རྡུང་ཚད་མེད་གཏོང་བཞིན་བར་སྐོར་གྱི་ཉེན་རྟོག་ལྟ་སྲུང་ཁང་དུ་བཅུག་སོང༌། ཅུང་ཙམ་ནས་གྲྭ་པ་གཉིས་ཉེན་རྟོག་པའི་རླངས་འཁོར་གྱི་ནང་དུ་རྡོག་རྫོང་བརྒྱབ་ སྟེ་བཅུག་ནས་ཁྲིད་སོང་བ་དང༌། གྲྭ་པ་གཉིས་ཤི་མིན་རོ་མིན་དུ་གྱུར་འདུག མི་མང་གི་སེམས་ཀྱིས་མ་བཟོད་པར་གྲྭ་པ་བསད་སོང་ཞེས་སྐད་འབོད་དང་མཉམ་དུ། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་ཡིན་ཞེས་སྐད་འབོད་མང་པོ་བརྒྱབ་སོང༌། སྐབས་དེར་མདོ་ཁམས་ནས་ཡོང་བའི་གནས་སྐོར་བ་ཕོ་སར་རྒྱ་ཆས་སྟོད་ཐུང་ཆ་འགྲིག་ སྐྱ་སྐྱ་གོན་མཁན་མགོ་རིལ་ཞིག་གིས་ལག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་བོད་རང་ བཙན་ཡིན། ཞེས་སྐད་འབོད་ཤུགས་ཆེ་བྱས་པ་དང་ཉེན་རྟོག་པ་བཞི་ལྔ་ཞིག་གིས་ཁོང་འཛིན་བཟུང་ བྱས་ནས་རྡུང་རྡེག་གཏོང་བཞིན་བར་སྐོར་ལྟ་སྲུང་ཁང་དུ་ཁྲིད་སོང༌། མི་མང་གི་ངོས་ནས་སྐབས་དེར་གོང་ལྟར་སྐད་འབོད་བྱེད་བཞིན་ཡོད་པ་དང༌། དམག་མི་དང་ཉེན་རྟོག་པ་རླངས་འཁོར་སུམ་ཅུ་ལྷག་ཅིག་སླེབས་སོང༌། མི་མང་ཧ་ཅང་འབོར་ཆེན་སླེབས་འདུག ཇོ་ཁང་གི་མདུན་གྱི་བསང་ཁྲིའི་འགྲམ་གྱི་ཕྱག་འཚལ་མཁན་རྣམས་ལ་ཕྱག་འཚལ་རྒྱུ་ མཚམས་འཇོག་དང་རེ་ཟུང་གི་ལག་ཏུ་སྒོར་མོ་བཟུང་བ་དེ་དག་ཀྱང་ཉེན་རྟོག་པས་གཏོར་ བ་དང་ཁོང་རྣམས་ལ་རྡོག་རྒྱག་གཞུ་བ་དང་གཤེ་གཤེ་ནན་པོ་བཏང་སོང༌། གུས་མོ་དང་གུས་མོའི་ཕ། ཨ་ཞང་བཅས་ཀྱིས་ཀྱང་མི་མང་དེ་དག་གི་མཉམ་དུ་སེམས་ཀྱིས་མ་བཟོད་པར་སྐད་འབོད་ རྒྱུན་རིང་བྱས་པ་ཡིན། ཉེན་རྟོག་པས་མི་མང་ལ་སྐད་འབོད་མཚམས་འཇོག་མ་བྱས་ན་འཕྲལ་དུ་མེ་མདའ་རྒྱག་རྒྱུ་ དང༌། འཛིན་བཟུང་བྱེད་ཀྱི་ཡིན་ཞེས་འཇིགས་སྐུལ་བྱས་སོང༌། ཉེན་རྟོག་པ་པར་རྒྱག་མཁན་མང་པོ་འདུག་ཀྱང་ཕྱི་རྒྱལ་པ་དང་བོད་མི་སུ་གཅིག་ལ་པར་ རྒྱག་བཅུག་མ་སོང༌། ཕྱི་ཚེས་༡༡ ཉིན་ཕོ་བྲང་པོ་ཏཱ་ལ་དང༌། ནོར་བུ་གླིང་ག་རུ་མཆོད་མཇལ་ལ་སོང་ཡང་ལྷ་ཁང་རེ་ཟུང་ལས་སྒོ་ཕྱེ་མེད་པར་ཉེན་ རྟོག་པས་དམ་དྲག་ནན་པོ་བྱེད་བཞིན་འདུག ཕྱི་ཚེས་༡༢ ཉིན་གྱི་ཞོགས་པ་ལམ་ཡིག་མེད་ཀྱང་ཨ་ཕས་ལམ་ཁྲིད་པ་གོ་སྒྲིག་བྱས་ཟིན་པས་ཕ་ཡིས་ ཕྲན་རླངས་འཁོར་གྱི་ནང་དུ་མ་འཛུལ་གྱི་བར་སྐྱེལ་མ་བྱས་ནས་འགྲམ་དུ་སླེབས་པ་ དང༌། ལམ་ཁྲིད་པས་རི་སྒང་བརྒྱུད་ནས་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་སོང་ཞེས་གསུངས་ སོང༌།།

ཨ་མདོ་གཙོས་ས་ཁུལ་དུ་དམ་དྲག་དང་མི་མང་འཇུ་བཟུང༌།

ཟླ་༣ ཚེས་༢༡ ནས་ཟླ་༤ ཚེས་༩ བར་ཨ་མདོ་གཙོས་ས་ཁུལ་རྒྱལ་མོ་དགོན་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ སྤེལ་བའི་སྐབས་སུ། རྒྱ་གཞུང་གི་ལས་བྱེད་པས་དེ་སྔོན་ངོ་རྒོལ་བྱེད་མཁན་གྱི་གྲྭ་པ་རྣམས་རྩིས་ སྤྲོད་དགོས་ཞེས་བཙན་བཀའ་བཏང་བ་དང༌། དགེ་འདུན་མང་ཚོགས་ནས་ང་ཚོར་མི་འདི་དང་འདི་ཡིན་ཞེས་རྩིས་སྤྲོད་བྱེད་རྒྱུ་ མེད། ང་ཚོ་ཚང་མས་མཉམ་དུ་ལས་འགུལ་སྤེལ་བ་ཡིན་ཞེས་བཤད་ཡོད་པ་དང༌། བཙོན་ཁང་དང་ཁྲིམས་ཁང་ནང་འགྲོ་ཆོག་ཟེར་ནས་དགེ་འདུན་པ་༡༩ དམག་མིའི་སར་ཕྱིན་སྐབས་པར་བརྒྱབ་པ་དང་མིང་ཐོ་བཀོད་ནས་ཕྱིར་དགོན་པར་ལོག་ཡོད་ འདུག དེ་རྗེས་གྲྭ་པ་མང་པོས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ང་ཚོས་ཤེས་ཀྱི་ཡོད། སློབ་གསོ་རྒྱག་དགོས་དོན་མེད་ཅེས་ཟེར་ནས་ལས་འགུལ་ནང་མ་ཞུགས་པའི་རྐྱེན་གྱིས་ དགེ་འདུན་པ་དང་མི་སྐྱ་༢༠ ལྷག་འཇུ་བཟུང་བྱས་ཡོད་འདུག
    འཇུ་བཟུང་བྱས་པའི་ནང་མིང་ཤེས་རྟོགས་བྱུང་བ་སྦྱིན་པ་དང༌། བཟོད་པ། འཇམ་དབྱངས་རྒྱ་མཚོ། བསྟན་པ། སྐལ་བཟང་སྦྱིན་པ། སྐལ་བཟང་རྒྱ་མཚོ། བརྩོན་འགྲུས་རྒྱ་མཚོ། འཇམ་དབྱངས་ཚུལ་ཁྲིམས། བསོད་ནམས་རྒྱ་མཚོ་བཅས་དགེ་འདུན་པ་དགུ་དང༌། མི་སྐྱ་མགྲོན་བུ་ཐར། ཀླུ་འབུམ་ཡག་གཉིས་སོགས་ཡིན་འདུག རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་ནང་མ་ཞུགས་ན་དགོན་པ་སྒོ་རྒྱག་ རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་སྐབས། གྲྭ་པ་ལོ་ཆུང་རྣམས་ནས་དགོན་པ་སྒོ་བརྒྱབ་ཀྱང་འགྲིག ང་ཚོར་དགོས་པ་བོད་ལ་རང་བཙན་དང༌། ྋགོང་ས་མཆོག་བོད་ལ་ཕྱིར་ཕེབས་བཅུག་དགོས་པ། ཆོས་དད་རང་མོས་དང༌། འགྲོ་བ་མིའི་ཐོབ་ཐང་དགོས་སྐོར་སོགས་བཤད་ཡོད་འདུག
ཚེས་༩ ཉིན་དང་ཐོག་མི་༡༡ དང་དེ་རྗེས་མི་༤ བཅས་ཁག་གཉིས་འཇུ་བཟུང་བྱས་ཡོད་པ་དང༌། དེ་ཡང་སྔོག་རུ་སྡེ་བ་ནས། སངས་རྒྱས་མཁར་དང༌། སངས་རྒྱས། ལྷ་མོ་བཀྲ་ཤིས། ཀླུ་འབུམ་བཀྲ་ཤིས། འཕགས་པ་བཀྲ་ཤིས། སྐལ་བཟང་ཚེ་རིང༌། སྐལ་བཟང་སྐྱབས། གར་ཐུབ་ཚེ་རིང༌། པདྨ་ཚེ་རིང༌། བཀྲ་ཤིས་སོགས་འཇུ་བཟུང་བྱས་པ་རྣམས་ལ་རྒྱ་སྒོར་༣༠༠༠ རེ་ཆད་པ་བཅད་ཡོད་འདུག་ལ་ཁོ་ཚོ་ད་དུང་བཙོན་ཁང་དུ་ཡོད་འདུག འགོ་བ་སྡེ་བ་ནས་འབྲུག་པ་མཁར་དང༌། པདྨ་རྡོ་རྗེ། རིན་ཆེན་དོན་གྲུབ། གླུ་གར་སོགས་འཛིན་བཟུང་གིས་ད་ལྟ་བཙོན་ཁང་གང་དུ་ཡོད་མེད་སོགས་གསལ་ཁ་མེད་པ་ རེད་འདུག ཕྱི་ཚེས་༡༤ ཉིན་རྒྱལ་མོ་དགོན་རྒྱ་དམག་༡༠༠༠ ལྷག་གིས་བསྐོར་ནས་དམ་དྲག་འོག་ཏུ་ཡོད་པ་རེད།།    

རྒྱལ་སྤྱིའི་སློབ་མའི་བོད་དོན་རྒྱབ་སྐྱོར།

བོད་ནང་གི་ཛ་དྲག་གི་གནས་སྟངས་དང་སྟབས་བསྟུན་ནས། ཝཱ་ཎའི་ལེགས་སྦྱར་གཙུག་ལག་སློབ་མཐོ་སློབ་ཆེན་མོ་ཁག་གི་རྒྱ་གར་མཐའ་མཚམས་ཀྱི་ ཧི་མ་ཡའི་སློབ་མ་ཁག་ཅིག་དང་ཕྱིའི་རྒྱལ་ཁབ་ཁག་ནས་འབྱོར་བ་བཅས་ཀྱི་གོ་སྒྲིག་ འོག་ཟླ་འདིའི་ཚེས་༨ ཉིན་རྒྱ་གར་གྱི་ཡུལ་གྲུ་གཞན་ཁག་གི་སློབ་མ་རྣམས་ཀྱིས་གཙོས་འབར་མའི་སློབ་ ཕྲུག་དང༌། ཐའེ་ལན་ཊ། ཀོ་རི་ཡ། སོག་པོ། ཤྲིལིངྒ༌། འབྲུག བལ་ཡུལ་སོགས་ཀྱི་སློབ་མ་གྲངས་བརྒྱ་ལྷག་དང་མཉམ་དུ་བོད་ཀྱི་གཙུག་ལག་སློབ་ གཉེར་ཁང་དུ་ཡོད་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་ཕྲུག་བརྒྱ་ལྷག་བཅས་མཉམ་ འཛོམས་ཀྱིས་ལེགས་སྦྱར་མཐོ་སློབ་ཆེན་མོ་ནས་འགོ་འཛུགས་ཀྱིས་ཁྲོམ་གཞུང་གི་རང་ དབང་སྐྱེད་ཚལ་བར་དུ་ཕྱིན་ནས་ལེགས་སྦྱར་མཐོ་སློབ་ཁང་གི་ལྟ་གྲུབ་སྨྲ་བའི་ སློབ་དཔོན་ཆེན་མོ་ར་ཇ་ནཱི་ཤ་ ཤུཀལ་དང༌། ཆབ་སྲིད་ཀྱི་སློབ་དཔོན་ཆེན་མོ་སོམ་ནཱ་ཐ་ ཏྲི་པཱ་ཋི། སྤྱི་ཚོགས་ཚན་རིག་སློབ་དཔོན་ཆེན་མོ་བཅས་ཕེབས་ཡོད་པ་དང༌། ཁོང་ཚོས་མགྲིན་གཅིག་དབྱངས་གཅིག་ཐོག་རྒྱ་གར་གྱི་བོད་དོན་ཐོག་ལ་དམིགས་བསལ་ རྒྱབ་སྐྱོར་བྱེད་དགོས་པ་དང༌། བོད་དང་རྒྱ་གར་གཉིས་ཀྱི་ལོ་རྒྱུས་ཐོག་ནས་རིག་གཞུང་དང་འབྲེལ་བ་ཤུགས་ཆེ་ཡོད་ སྐོར་དང༌། རྒྱ་གཞུང་གི་དཔོན་རིགས་རྣམས་དང་ྋགོང་ས་མཆོག་གི་སྐུ་ཚབ་མཉམ་ཞི་མོལ་བྱེད་ དགོས་པ། ཞི་བདེ་ལ་དགའ་བའི་བོད་རིགས་ཀྱི་ཐོག་ཏུ་དྲག་གནོན་མཚམས་འཇོག་དགོས་སྐོར་གྱི་ གཏམ་བཤད་གནང༌། དེ་བཞིན་མཐའ་མཚམས་ཀྱི་སློབ་ཕྲུག་ཁག་ཅིག་གིས་ཚོར་ཤུགས་ཆེན་པོའི་ཐོག་བོད་ཀྱི་ གནད་དོན་དང་བོད་ཀྱི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ལ་གལ་ཆེན་པོ་ཡིན་པ་སོགས་ ཀྱི་གཏམ་བཤད་གནང་ཡོད་འདུག། ཇོ་ལེབས་ཆོས་འཕེལ་གྱིས་གནས་ཚུལ་མཁོ་སྤྲོད་གནང༌།།

རྒྱ་གར་བྱང་ཤར་ཁུལ་གྱི་བོད་དོན་ལས་འགུལ།

ལོ་འདིའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ནས་བོད་ས་སྟོད་སྨད་བར་གསུམ་རང་ དབང་རང་བཙན་གྱི་ཆེད་དུ་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་དང༌། རྒྱ་ནག་གཞུང་གིས་དྲག་གནོན་དང་དམར་གསོད་རྡུང་རྡེག་དང་བཙོན་འཇུག་བཟོད་ཐབས་ བྲལ་བ་ཞིག་བྱས་པར་བརྟེན། བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གསར་འཛུགས་དང་གཞུང་མང་མཉམ་འབྲེལ་གྱིས་ ལས་འགུལ་སྤེལ་བཞིན་པ་དང༌། སྤྱི་འཐུས་རྣམས་ཁག་བགོས་ཀྱིས་ས་གནས་ཁག་ཏུ་ཆེད་གཏོང་བྱས་ནས་ལས་འགུལ་སྤེལ་ བཞིན་པ་ལྟར། རྒྱ་གར་བྱང་ཤར་ས་ཁུལ་དུ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང༌། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཕེབས་ཡོད་པ་དང༌། བྱང་ཤར་ཁུལ་གྱི་ལས་འགུལ་སྐོར་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་འདི་ག་གསར་ཁང་ ལ་ངོ་སྤྲོད་གནང་དོན། ཁོང་གཉིས་ཐོག་མ་ཕྱི་ཟླ་༣ ཚེས་༢༧ ཉིན་མེའོ་ཆོས་འཕེལ་གླིང་དང༌། ཕྱི་ཚེས་༢༩ ཉིན་ཏེ་ཙུ་དར་རྒྱས་གླིང་གཞིས་ཆགས་སུ་ཕེབས་ནས་མི་མང་ལ་བོད་ནང་གི་ཛ་དྲག་གནས་ སྟངས་ངོ་སྤྲོད་དང༌། ས་གནས་སོ་སོར་ས་གནས་ཛ་དྲག་ལས་འགུལ་ཚོགས་ཆུང་གསར་འཛུགས་བྱས། ཏེ་ཙུ་དེ་རྒྣདདྲྤ རྫོང་གི་རྒྱལ་ས་ཡིན་སྟབས་ཀི་ལོ་མི་ཊར་བདུན་ལྷག་ལ་ཁྲོམ་སྐོར་བྱེད་པའི་སྐབས་ སུ་མི་མང་ལ་དོ་སྣང་ཆེན་པོ་བྱུང་ཡོད་པ་དང༌། མེའོ་དང་ཏི་ཙུ་ཡི་མི་འཐུས་དང་བཅས་ཨ་སམ་མངའ་སྡེའི་གྲོང་ཁྱེར་ ཁདྲཏཔྱསྤྱཐྲཎཔྱདདུ་སོང་ནས། གྲོང་ཁྱེར་དེ་རུ་ཚོང་རྒྱག་མཁན་བོད་པ་དང༌། ཏེ་ཙུ་པུར་དུ་ཡོད་པའི་བོད་པ་ཚོང་པ་བཅས་ཀྱིས་ཕྱི་ཚེས་༣༡ ཉིན་བོད་པ་དང་བོད་པ་མ་ཡིན་པའི་གཉེ་ཤངས་པ་དང༌། ཀློ་པ་སོགས་ཀྱི་ཚོང་ཁང་སྒོ་བརྒྱབ་ནས་མི་སུམ་བརྒྱ་བཞི་བརྒྱ་ཞིག་གིས་ ཁདྲཏཔྱསྤྱཐྲཎཔྱདདུ་ཁྲོམ་སྐོར་བྱས་པས། གསར་འགོད་པའི་གནས་ཚུལ་སྤེལ་ཕྱོགས་དང༌། མི་མང་ལ་དོ་སྣང་སླེབས་སྟངས་སོགས་སྔར་དང་མི་འདྲ་བའི་ལས་འགུལ་ཤུགས་ཆེན་པོ་ བྱུང་ཡོད་པ་རེད། གོང་ཚེས་ཉིན་གྱི་ཕྱི་དྲོ་བསྟན་འཛིན་སྒང་གཞིས་ཆགས་སུ་སོང་བ་དང༌། ས་གནས་སུ་སླེབས་དུས་ས་གནས་ཛ་དྲག་ཚོགས་ཆུང་ས་གནས་ནས་བཙུགས་ཟིན་འདུག མི་མང་ལ་ལམ་སྟོན་ཞུ་རྒྱུ་ཚང་མ་ཞུས་པ་དང༌། ཕྱི་ཚེས་༡ གི་དགོང་དྲོ་འབུམ་སྡེ་ལ་རུ་སོང༌། རྫོང་གི་ས་ཆ་ལྟེ་བ་རུ་དེའི་ཁྱབ་ཁོངས་ཀྱི་མི་མང་རྣམས་སྐད་བཏང་ནས་གནས་སྟངས་ ངོ་སྤྲོད་བྱས་པ་དང༌། ས་གནས་རང་ནས་དེ་སྔོན་ནས་བཟུང་ལས་འགུལ་ཧ་ཅང་ཡག་པོ་སྤེལ་འདུག ཕྱི་ཚེས་༣ ཉིན་ཀི་ལོ་མི་ཊར་བདུན་བརྒྱད་ཅིག་ལ་གོམ་བགྲོད་ཀྱིས་ཁྲོམ་སྐོར་བྱས་པ་དང༌། སྐབས་དེར་བོད་པ་ཙམ་མ་ཡིན་པར་མོན་པ་དང༌། ལྷག་པར་དུ་དགོན་པ་ཁག་གཉིས་ཀྱི་དགེ་འདུན་པ་དང་ཡུལ་མི་བཅས་མི་གྲངས་༦༠༠ ཙམ་འཛོམས་ཡོད་པ་དང༌། བོད་སྐད་དང། ཡུལ་སྐད། དབྱིན་སྐད་བཅས་ཀྱི་ཐོག་ནས་ལས་འགུལ་ངོ་སྤྲོད་ཀྱི་གསུང་བཤད་དང༌། ས་གནས་རྫོང་དཔོན་དང་ཐུག་ནས་སྙན་ཞུ་ཕུལ་བ་དང་དགོང་མོ་མར་མེའི་ཁྲོམ་སྐོར་ སོགས་ལས་འགུལ་ཧ་ཅང་ཚགས་ཚུད་བྱུང་ཡོད་པ་དང༌། དེ་བཞིན་དགའ་ལྡན་རབ་རྒྱས་གླིང་དགོན་པས་སྤྱི་འཐུས་གཉིས་གཙོ་མགྲོན་གདན་ཞུས་ ཀྱིས་ྋགོང་ས་མཆོག་གི་སྐུ་ཚེ་བརྟན་པ་དང་བོད་དོན་གྱི་ཆེད་དུ་ལས་ཀ་བྱེད་མཁན་ ཚང་མའི་སྐུ་ཚེ་བརྟན་ཆེད་དུ་ཚེ་སྒྲུབ་ཅིག་གནང་ཡོད་འདུག ཤི་ལོང་དུ་ས་གནས་ཛ་དྲག་ཚོགས་ཆུང་གསར་འཛུགས་དང་ཕྱི་ཚེས་༥ ཉིན་ཤི་ལོང་གྲོང་ཁྱེར་དུ་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་པོ་ཞིག་བྱས་པ་དང༌། ཕྱི་ཚེས་༦ ཉིན་སྨོན་ལམ་དང༌། ཕྱི་ཚེས་༧ ཉིན་སྐྲ་འབྲེག་པའི་ལས་འགུལ་སོགས་ངེད་གཉིས་ཡོད་མེད་ལ་མ་ལྟོས་པར་ཡག་ཐག་ཆོད་ གནང་བཞིན་པ་རེད།
    ལས་འགུལ་ཆེ་ཤོས་དེ་ཨ་སམ་གྱི་རྒྱལ་ས་གྷུ་ཝ་ཊའི་གསྤྱཕཎདཎྤདྲདེ་རྒྱ་གར་བྱང་ ཤར་ཁུལ་གྱི་ལམ་ཁ་ལྟེ་བ་དེ་ཆགས་ཡོད་པར་བརྟེན། དེ་ནས་ཕྱི་ཚེས་༨ ནས་ཉིན་གསུམ་རིང་ལས་འགུལ་སྤེལ་བ་དང༌། ཕྱི་ཚེས་༨ ཉིན་ཏེ་ཙུ་གཞིས་ཆགས་དང༌། མེའོ་གཞིས་ཆགས། ཀ་ལ་ཐང༌། ཀྲུ་ཀྲིང༌། བསྟན་འཛིན་སྒང༌། ཨི་ཊ་ན་གྷར། རྟ་དབང༌། དྷི་རང༌། རུ་པ། བསྟན་དགའ། འབུམ་སྡེ་ལ། ཤི་ལོང༌། དྷི་མ་པུར། ཀོ་ཧི་མཱ། ཏིན་སུ་ཀི་ཡ། དྷིབ་རུ་གྷར་བཅས་ས་གནས་ཚང་མ་བསྡོམས་པས་མི་ལྔ་བརྒྱ་ཙམ་ཞིག་འཛོམས་སོང༌། ཉིན་གཅིག་ཟས་བཅད་ངོ་རྒོལ་བྱས་པ་དང༌། དགོང་མོ་མར་མེའི་ཁྲོམ་སྐོར་བྱས། ཕྱི་ཚེས་༩ ཉིན་ཕུང་པོའི་ཁྲོམ་སྐོར་བྱས་པ་དང༌། མི་༡༤༢ ཀྱི་ཕུང་པོ་རྫུན་མ་བཟོས་པ་དེ་དག་མགོ་རིལ་བཟོས་ཡོད་པ་མི་༢༨༤ ཡིས་ཁྲོམ་གཞུང་བརྒྱུད་ནས་གདན་འདྲེན་ཞུས་ཏེ་ལས་འགུལ་སྤེལ་ཡུལ་ས་གནས་ལྟེ་བ་ རུ་སླེབས་སྐབས། མི་ཚང་མ་ཡར་ལངས་ནས་ངུ་འབོད་བྱས་པ་དང༌། མི་མང་པོས་དེ་སྔོན་ཕ་མ་གྲོངས་སྐབས་ཀྱང་དེ་འདྲ་ངུ་མ་མྱོང་ཞེས་བརྗོད་མཁན་མང་ པོ་འདུག་ལ། མི་མང་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་སོང༌། སྐབས་དེར་རྒྱ་གར་གྱི་གཞས་པ་གྲགས་ཅན་ཞིག་དང༌། ས་གནས་ཀྱི་གནད་ཡོད་མི་སྣ་མང་པོ་ཞིག་ཕེབས་ནས་ཕུང་པོ་དེ་དག་ལ་མེ་ཏོག་འབུལ་བ་ སོགས་གནང་སོང༌། ཕུང་པོ་དེ་དག་དགོང་མོ་བོད་ནས་ཡོང་བའི་རྫ་ཡུལ་གཙང་པོའི་འགྲམ་དུ་ཞུགས་འབུལ་ ཞུས་དང༌། རྒྱུད་སྟོད་ཀྱི་གྲྭ་པ་དང་མོན་པའི་སྐུ་ཞབས་ཁག་ཅིག་ཕེབས་ནས་མཆོད་འབུལ་བྱས་པ་ རེད། ཕྱི་ཚེས་༡༠ ཉིན་བོད་ནང་དུ་མནར་གཅོད་ཇི་ལྟར་མྱོང་བཞིན་ཡོད་མེད་ཁྲོམ་གཞུང་ནས་འཁྲབ་སྟོན་ གྱི་ལམ་བསྟན་པའི་སྐབས་སུ་བོད་ནང་དུ་དངོས་ཡོད་གནས་ཚུལ་མྱོང་བཞིན་ཡོད་ཀྱང༌། ཕྱིར་བསྒྲགས་བྱེད་ཐབས་མེད་པར་བརྟེན། ང་ཚོའི་འཁྲབ་སྟོན་གྱི་ལམ་ནས་ཁྱབ་བསྒྲགས་བྱེད་ཀྱི་ཡོད་ཚུལ་འགྲེལ་བརྗོད་བྱས། ས་གནས་མི་མང་གི་ངོས་ནས་ཁྱོད་ཚོའི་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་སྤེལ་ བའི་ལས་འགུལ་དེ་དག་ཧ་ཅང་ཡག་པོ་འདུག འདི་ལ་རྒྱབ་སྐྱོར་ཡོད་ཅེས་དོ་སྣང་ཧ་ཅང་ཆེན་པོ་གནང་སོང༌། ཉིན་མཐའ་མ་དེ་ཨ་རུ་ན་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་ཐུབ་བསྟན་བསྟན་པ་ལགས་ ཀྱིས་བོད་པའི་སྙིང་སྟོབས་དང་སེམས་ཤུགས་ལ་བསྔགས་བརྗོད་དང༌། རྒྱ་གར་དེ་བོད་པའི་དགེ་རྒན་ཡིན་ཟེར་གྱི་ཡོད་པ་རེད། བོད་པ་དེ་སློབ་ཕྲུག་ཡིན་པའི་ཆ་ནས་དཀའ་ངལ་འཕྲད་སྐབས་དགེ་རྒན་གྱིས་བལྟ་དགོས་ པ་གལ་ཆེན་པོ་ཡིན་སྐོར་སོགས་གསུང་བཤད་གནང་ཡོད་པ་དང༌། གཞན་ཡང་གནད་ཡོད་མི་སྣ་གང་མང་ཞིག་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད། ཉེ་ཕྱོགས་ཀྱི་ས་གནས་སོ་སོར་ཚོགས་ཆུང་བཙུག་ཡོད་ཀྱང༌། ས་གནས་ཚང་མའི་ས་གནས་འགོ་འཛིན་དང་ས་གནས་རེ་ཟུང་གི་ལས་དྲུང་སོགས་ལས་གྲུབ་པའི་ བྱང་ཤར་དབུས་ཀྱི་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་གསར་འཛུགས་བྱས་ཡོད་པ་དང༌། མ་འོངས་པར་བྱང་ཤར་སྤྱི་ལ་ཁྱབ་པའི་ལས་འགུལ་ཞིག་སྤེལ་དགོས་པའི་སྐབས་ཚོགས་ཆུང་ དེས་འགན་ཁུར་ནས་ལས་འགུལ་སྤེལ་རྒྱུ་ཡིན་ཚུལ་བཅས་འགྲེལ་བརྗོད་གནང་སོང༌། སྐབས་འདིའི་བྱང་ཤར་ཁུལ་གྱི་ལས་འགུལ་དེ་དག་དབུས་དང་ས་གནས་ཀྱི་གསར་ཤོག་ཁག་ དང༌། རླུང་འཕྲིན་དང་བརྙན་འཕྲིན་སོགས་ཀྱི་ནང་དུ་ཁྱབ་བསྒྲགས་ཧ་ཅང་ཤུགས་ཆེ་བྱུང་ ཡོད་པ་རེད།།

ནིའུ་ཡོག་ཏུ་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༧ ཉིན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཚེས་༦ ཉིན་ནིའུ་ཡོག་གྲོང་ཁྱེར་གྱི་སེནཊ་པོའལ་དང་སེནཊ་ཨེན་ཌིརུ་ྔྤ་ངཎསྤྱརྡ ྋ ྔྤ་རྐྱརྣརྟཔྱྟཕ སྐྲདསྤྱཔྱཏྲདཡི་ཡེ་ཤུ་ལྷ་ཁང་དུ་ནང་པ་དང༌། ཡེ་ཤུ། ཧིན་དྷུ། ཇི་ཝིཤ། ཁ་ཆེ་བཅས་ཀྱི་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པ་དང་བོད་མི་གཙོས་པས་བོད་དོན་རྒྱབ་ སྐྱོར་བ་མི་མང་༡༥༠༠ ཙམ་ལྷན་འཛོམས་ཐོག་བོད་ནང་དུ་ཞི་བདེ་ཡོང་ཆེད་དང་དེ་བཞིན་བོད་དོན་ཐོག་རང་ སྲོག་ཤོར་མཁན་རྣམས་དང་ད་ལྟ་མུ་མཐུད་དྲག་གནོན་འོག་མྱངས་དང་མྱོང་བཞིན་པའི་ བོད་རིགས་ཚང་མའི་ཆེད་དུ་ཞལ་འདོན་དང་བསྔོ་སྨོན་གནང་ཡོད་འདུག ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་ནང་དུ་རྒྱ་མིའི་ནང་པའི་སྡེ་ཚན་ཞིག་ཀྱང་ཕེབས་ ཞུགས་གནང་ཡོད་འདུག ལས་འགུལ་དེའི་གོ་སྒྲིག་ཚོགས་ཆུང་ནང་ཆོས་ལུགས་ཚོགས་པ་བརྒྱད་ཡོད་པའི་ནང་གཅིག་ བོད་ཀྱི་ཐེབས་རྩ་ཁང་ཡོད་པ་དང༌། ཆོས་ལུགས་དབུ་ཁྲིད་རྣམས་ཀྱི་བོད་དོན་ཐོག་ཟུང་འབྲེལ་གསུང་འཕྲིན་ཞིག་འགྲེམས་ སྤེལ་གནང་བའི་ནང༌། ཨ་རིའི་མངའ་སྡེ་གསུམ་ནས་ཕེབས་པའི་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་ཀྱིས་ ཟུང་འབྲེལ་ཐོག་ཨ་རིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་གཉིས་ལ་རྒྱ་ནག་དམར་ཤོག་ གཞུང་ལ་ནན་སྐུལ་ཞུ་རྒྱུར། བོད་ནང་དུ་བོད་མི་ཚོར་གདུག་རྩུབ་དྲག་གནོན་གང་མགྱོགས་མཚམས་འཇོག་དང༌། ཞི་རྒོལ་དང་འབྲེལ་ཡོད་ཆབ་སྲིད་བཙོན་པ་ཚང་མ་མྱུར་དུ་གློད་བཀྲོལ་དང་བོད་ཀྱི་ གནད་དོན་ཞི་བའི་ངང་གསལ་ཐབས་ཡོང་ཆེད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང་མཉམ་ དུ་ཞི་བའི་གྲོས་མོལ་དགོས་རྒྱུ་བཅས་ཞུས་ཡོད་འདུག མཛད་སྒོ་དེར་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་སྐུ་ཚབ་རྣམ་པས་བཀའ་སློབ་ གསུང་བཤད་གང་ལེགས་གནང་ཡོད་པ་དང༌། མཐའ་མར་བོད་ཀྱི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་དར་ལོ་ལགས་ཀྱིས་ བོད་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། དེ་ནས་ནིའུ་ཡོག་དང་ནིའུ་ཇར་སིའ་གཉིས་ཀྱི་བོད་རིགས་གནས་སྡོད་ཚོགས་པ་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་སློབ་ཕྲུག་རང་དབང་ཚོགས་ཆུང༌། ཡུ་ཨེས་ཊི་སི་ ྕྔཅསྐྲ བཅས་ཚོགས་པ་ལྔས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམ་པ་དང་གསུང་བཤད་གནང་མཁན་ ཚང་མར་མཇལ་དར་ཕུལ་ཡོད་འདུག དེ་ནས་ལས་འགུལ་གྱི་མཇུག་བསྡོམ་དུ་འཛུལ་ཞུགས་གནང་མཁན་ཚང་མས་མར་མེའི་ཁྲོམ་ སྐོར་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་པ་རེད།།

རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ཅིག་གིས་བོད་དོན་གླེང་བ།

གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར། ཨ་རིའི་མང་གཙོ་ཚོགས་པའི་ད་ལྟའི་སྲིད་འཛིན་གྱི་འོས་མི་ལྕམ་ཁུ་ལེན་ཊོན་དང༌། སྐུ་ཞབས་ཝོ་བྷ་མ། གཞུང་འཛིན་ཚོགས་པའི་འོས་མི་བཅས་ཀྱིས་རྒྱ་ནག་གིས་བོད་ནང་དྲག་གནོན་བྱས་པ་ལ་ སྐྱོན་བརྗོད་བྱས་པ་དང༌། ཨ་རིའི་སྲིད་འཛིན་ལས་ཐོག་བྷུ་ཤུ་མཆོག་རྒྱ་ནག་ཏུ་འཚོག་རྒྱུའི་རྒྱལ་སྤྱིའི་ ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་ཕེབས་མི་ཉན་པའི་འབོད་སྐུལ་ གནང་ཡོད་པ་རེད། དེ་བཞིན་དབྱིན་ཡུལ་གྱི་སྲིད་བློན་མཆོག་དང༌། རྗར་མེ་ནིའི་སྲིད་བློན། པོ་ལན་ཌའི་སྲིད་བློན། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ བཅས་ཀྱིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྐྱོན་བརྗོད་དང་སྦྲགས་རྩེད་ འགྲན་གྱི་མཛད་སྒོར་ཞུགས་རྒྱུ་མིན་པ་ཐག་གཅོད་གནང་ཡོད་པ་རེད།
    ཟླ་འདིའི་ཚེས་༡༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ཀྱང་རྒྱ་ནག་གི་ རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོར་ཕེབས་རྒྱུ་མིན་པ་གསལ་བསྒྲགས་གནང་ཡོད་ནའང་ རྒྱུ་མཚན་གང་ཡིན་གསལ་ཁ་མེད་པ་རེད། ཨི་ཊ་ལིར་ཡོད་པའི་སྦག་སྦག་མགྱོགས་ཚད་འགྲན་སྡུར་བྱེད་མཁན་ཚོ་ཕྱི་ཟླ་༥ པའི་ཚེས་༤ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་འཚོག་རྒྱུའི་སྦག་སྦག་འགྲན་སྡུར་གྱི་ རྩེད་འགྲན་ཐོག་མཉམ་ཞུགས་སྐབས་བོད་ནང་གི་བོད་མིའི་ཐོག་རྒྱབ་སྐྱོར་མཚོན་ཐབས་ ཀྱི་ངོ་རྒོལ་ལས་འགུལ་ཁག་ཅིག་སྤེལ་རྒྱུ་ཡིན་པ་དང༌། རྩེད་འགྲན་པ་རྣམས་ཀྱིས་རྒྱལ་སྤྱིའི་ནང་སྲིད་འཛིན་དང་སྲིད་བློན་སོགས་ཆབ་ སྲིད་མི་སྣ་རྣམས་ལ་ཕྱི་ཟླ་༨ པའི་ནང་འཚོག་རྒྱུའི་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོ་ བཀག་འགོག་བྱ་དགོས་སྐོར་གསུངས་ཡོད་པ་རེད། དེ་བཞིན་རྗར་མེ་ནི་གཞུང་འབྲེལ་གྱི་ཐོག་ནས་རྒྱ་ནག་གིས་བོད་ལ་དྲག་གནོན་དགོས་ པ་མཚམས་འཇོག་དགོས་པ་དང༌། བོད་ནང་དུ་རྟོག་ཞིབ་པ་གཏོང་དགོས་སྐོར་སོགས་གསུངས་ཡོད་པ་རེད།
    ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་གིས་ྋགོང་ས་ མཆོག་དང་ཞི་མོལ་མ་གནང་ན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཚོགས་ཁོངས་རྒྱལ་ ཁབ་ཁག་གི་འགོ་ཁྲིད་རྣམས་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་གྱི་དབུ་འབྱེད་མཛད་ སྒོར་ཕེབས་རྒྱུ་ཕྱིར་འཐེན་གནང་དགོས་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང༌། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་གྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཡོ་རོབ་ མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་ཆོད་དེར་སྐྱོན་བརྗོད་བྱས་ཡོད་པ་རེད།
    ཟླ་འདིའི་ཚེས་༨ ཉིན་ཨ་རིའི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་མཚམས་འཇོག་ དགོས་པ་དང༌། ྋགོང་ས་མཆོག་དང་མཉམ་དུ་བོད་ཀྱི་གནད་དོན་ཐོག་ཞི་མོལ་གནང་དགོས་པ། ད་ལྟ་བོད་མི་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན་བྱས་པར་ཁ་རྡུང་གཏོང་རྒྱུ་སོགས་ ཀྱི་དོན་ཚན་དྲུག་འཁོད་པའི་གྲོས་ཆོད་ཅིག་བཞག་ཡོད་པ་དང༌། གྲོས་ཆོད་དེར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཡོད་པའི་འཐུས་མི་༤༡༣ གྱིས་རྒྱབ་སྐྱོར་དང༌། གཅིག་གིས་འགག་བྱ་བྱས་ཡོད་པ་དང༌། གྲོས་ཚོགས་གོང་མའི་ནང་འཐུས་མི་ཡོངས་ཀྱིས་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་ པ་རེད། རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་གསར་འགོད་ལྷན་ཚོགས་ཐོག་ཨ་རིའི་གྲོས་ ཚོགས་ནས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་ལ་འཁྱོག་བཤད་བྱས་ཏེ་རྒྱ་ནག་ གི་ནང་སྲིད་ལ་ཐེ་ཇུས་བྱས་པ་དེས་རྒྱ་ནག་མི་མང་གི་སེམས་ལ་གནོད་ཚེ་ཚབས་ཆེ་ བཟོས་ཡོད་ལུགས་སོགས་ཀྱིས་ཨ་རིའི་གྲོས་ཚོགས་ནས་བོད་དོན་ཐོག་གྲོས་ཆོད་བཞག་པར་ སྐྱོན་བརྗོད་བྱས་ཡོད་པ་རེད།།

    རྒྱ་གར་གྲོང་ཁྱེར་མུམ་བྷེ་རུ་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༩ ཉིན་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་མོན་གྷོ་འདོད་རྒུ་གླིང་གི་སྐྱ་སེར་༡༨༠༠ ཙམ་དང༌། བྷན་དྷ་ར་གཞིས་ཆགས་ནས་མི་གྲངས་༡༥༠ ཙམ་ཁྱོན་བསྡོམས་གཞིས་ཁག་གཉིས་ནས་མི་འབོར་༢༠༠༠ ཙམ་གྱིས་ཉིན་གསུམ་རིང་རྒྱ་གར་ལྷོ་རྒྱུད་མུམ་བྷེ་གྲོང་ཁྱེར་ནང་བོད་ནང་གི་ བོད་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་དང་བོད་མིའི་བདེན་དོན་འཐབ་རྩོད་ བྱེད་བཞིན་པ་འདི་དག་འཛམ་གླིང་མི་མང་ཡོངས་ཀྱིས་གསལ་རྟོགས་ཡོང་བ། ལྷག་དོན་ས་གནས་ཡུལ་མིས་ཤེས་རྟོགས་ཡོང་ཆེད་དུ་ལས་འགུལ་སྤེལ་ཆེད་འབྱོར་བ་དང༌། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་སྤྱི་འཐུས་གསེར་རྟའི་ཚུལ་ཁྲིམས་འོད་ ཟེར་རྣམ་གཉིས་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་ དྲུང༌། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྒྱ་གར་བ་ར་མེས་ཤ་ ངཎནདྲ ྔདཎསོགས་ཀྱིས་གཙོ་འགན་ཆེ་བཞེས་གནང་བའི་ཐོག་ས་གནས་བོད་གཞུང་མང་ལས་འགུལ་ཛ་ དྲག་ཚོགས་ཆུང་སོ་སོས་གོ་སྒྲིག་ལམ་སྟོན་གྱིས་ཚེས་༡༠ ནས་༡༣ བར་ཉིན་གསུམ་རིང་བོད་དོན་ཆེད་ལས་འགུལ་སྤེལ་ཡོད་པ་རེད། ཚེས་༡༠ ཡི་ཞོགས་པ་ཆུ་ཚོད་༩།༠༠ ཐོག་མུམ་བྷེ་ཨ་ཛ་དི་མ་ཡི་དྷན་རྐྱབཎརྟ རྒྱཎདྲརྟཎརྣ ཟེར་བ་ནས་འགོ་འཛུགས་ཀྱིས་སེར་སྐྱ་མི་མང་ཡོངས་ཀྱིས་བྱང་ཆུབ་སེམས་མཆོག་སྐྱོར་ བཞིན་རྒྱ་མཚོའི་ཁ་བར་དུས་ཡུན་ཆུ་ཚོད་གཉིས་ལྷག་རིང་ལ་མུམ་བྷེ་གྲོང་ཁྱེར་གྱི་ སྲང་ལམ་གང་མང་བརྒྱུད་ནས་ཞི་བའི་གོམ་བགྲོད་བྱས་མཐར། བོད་ཧིན་གཉིས་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་སོགས་སྨོན་ལམ་གསུང་གྲུབ་པ་ དང་འབྲེལ་བོད་དོན་རོགས་སྐྱོར་བ་ཁག་ཅིག་གིས་བོད་དོན་ཐད་ལ་གསུང་བཤད་དང༌། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་ཐེངས་འདིའི་ལས་འགུལ་སྤེལ་ དགོས་དོན་དང་འབྱུང་ཁུངས་སོགས་ཀྱི་ཐད་ལ་གསུང་བཤད་གནང་རྗེས་གསར་འགོད་པའི་དྲི་ བར་ལན་འདེབས་གནང་སོང༌། ཉིན་དེའི་དགོང་མོ་ཆུ་ཚོད་༦།༣༠ ཐོགཨ་ཛ་དི་ མ་ཡི་དྷན་རྐྱབཎརྟ རྒྱཎདྲརྟཎརྣསྡོད་གནས་བར་ཆུ་ཚོད་གཅིག་གི་རིང་མར་མེའི་ཁྲོམ་སྐོར་གྱི་མཛད་ སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་རྒྱལ་པོའི་སྲས་མོ་ཁཎརྣརྣཕྲ ཁྟརྣབྣརྣཐྲསྣྲཎདང༌། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ྒྟརྡརྡཕྲ ཁྣཔྱདྟ Rami Sha  དང་ Divya Tuyaསོགས་ཆེད་ཕེབས་ཀྱིས་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་ཀྱིས་བོད་མིའི་ལས་ འགུལ་ལ་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང་ཡོད་པ་རེད། ད་རེས་བོད་ནང་དམར་གསོད་དྲག་གནོན་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་ དང་གདུང་སེམས་མཉམ་བསྐྱེད་མཚོན་དོད་ཆེད་ཧིན་སྒོར་འབུམ་གསུམ་ཞལ་འདེབས་གནང་ ཡོད་པ་དང༌། ཡང་བོད་དོན་རྒྱབ་སྐྱོར་བ་རྒྱ་གར་ཞིག་གིས་ཧིན་སྒོར་འབུམ་གཅིག་གནང་ཡོད་པ་རེད།
    ཚེས་༡༡ ཉིན་ཞོགས་པ་ཆུ་ཚོད་༡༠ བའི་ཐོག་ཨ་ཛ་དི་ མ་ཡི་དྷན་ས་གནས་སུ་བོད་ནང་གི་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཆེད་ནང་པ་ཡོངས་ ཀྱི་དགེ་འདུན་པ་དང་ནང་པའི་མི་མང་སོགས་མཉམ་ཚོགས་གནང་ཏེ་སྨོན་ལམ་རྒྱས་པ་ཞིག་ འཚོགས་ཡོད་པ་རེད། དེའི་ཐོག་ཏུ་རྒྱ་གར་ནང་པའི་ཆོས་ཚོགས་ཀྱི་ཆོས་དཔོན་གལ་ཆེན་ཁག་ཅིག་ཀྱང་ཆེད་ ཕེབས་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་གནང་བ་དང་ཐུགས་སྨོན་གནང་སོང་ལ། དེ་བཞིན་བོད་བརྒྱུད་ནང་པ་ཡོངས་ཀྱིས་བདེན་ཚིག་སྨོན་ལམ་དང་རྒྱལ་བའི་ཞབས་བརྟན་ སྒྲོལ་མ་ཉེར་གཅིག་དང༌། བཛྲ་གུརུ་སོགས་བགྲང་གསོག་གནང་ཡོད་པ་རེད། ཉིན་དེའི་དགོང་མོ་Nardulla Tank Ground ཟེར་བའི་ཐང་ཆེན་དུ་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་ཞིག་འཚོགས་ཡོད་པ་དང༌། དེའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་Ashok  Singal (v.h.p) སོགས་རྒྱ་གར་དཔོན་རིགས་ཁག་ཅིག་ཆེད་ཕེབས་ཀྱིས་བོད་དོན་ཐད་ལ་གསུང་བཤད་གནང་བ་ དང་མར་མེའི་ཁྲོམ་སྐོར་བྱས་ཡོད་པ་རེད། དེའི་ཕྱི་ཉིན་བདག་ཉིད་ཆེན་པོ་གྷན་དྷི་དང༌། སློབ་དཔོན་ཨམ་བྷེ་ཁར་གྱི་འདྲ་སྐུ་བཞུགས་ཡུལ་སོགས་ཆེད་ཕེབས་ཀྱིས་སྨོན་ལམ་ མཉམ་འཚོགས་གནང་ཡོད་པ་རེད།
    ཚེས་༡༢ ཉིན་མོན་གྷོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བཀའ་རམས་འཛིན་གྲྭས་གཙོས་མི་གྲངས་ ༡༠༠ ལྷག་ཙམ་ཞིག་ཧེཌྷར་བྷ་དི་དང་ཨ་མྲ་ཝ་དི་ས་གནས་ཁག་ཏུ་ཕེབས་ནས་བོད་དོན་ཆེད་ལས་ འགུལ་ཤུགས་ཆེན་སྤེལ་བཞིན་ཡོད་པ་རེད།།
མོན་གྷོ་གསར་འགོད་པས་མུམ་བྷེ་ནས།


        དྲག་གནོན་འོག་གི་བོད་མིའི་ཞི་རྒོལ།

འདི་ལོའི་ཕྱི་ཟླ་༣ ཚེས་༡༠ སྟེ། གསུམ་བཅུའི་དུས་དྲན་ཐེངས་༤༩ པ་ནས་འགོ་བཙུགས་ཏེ་བོད་ཆོལ་ཁ་གསུམ་གྱི་གྲོང་ཁྱེར་དང༌། གྲོང་གསེབ་སོགས་ཁྱད་མེད་ཀྱིས་བོད་རིགས་གནས་སྡོད་བྱེད་ས་ཆེས་མང་པོའི་ནང་བོད་ རིགས་སེར་སྐྱ་རྒན་གཞོན་དབྱེར་མེད་ཀྱིས་རྒྱ་ནག་གི་བཙན་གནོན་འོག་ཏུ་སྡོད་ཐུབ་ མེད་པའི་ཞི་རྒོལ་བྱས་པ་དེར། རྒྱ་ནག་གཞུང་འབྲེལ་གྱིས་ཞི་རྒོལ་བ་དེ་ཚོ་ནི་དྲག་སྤྱོད་པ་ཡིན་ཚུལ་དང༌། ལྷ་སར་དྲག་སྤྱོད་པ་༩༠༠ ཙམ་འཇུ་བཟུང་དང༌། ༢༥༠ ཙམ་གྱིས་མགོ་བཏགས་བྱས་ཡོད་པ་དང༌། དམག་མི་དང་ཉེན་རྟོག་པས་མི་བསད་མེད་ལ། དྲག་སྤྱོད་པས་མི་༡༨ བསད་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། ཟླ་འདིའི་ཚེས་༡༣ ཉིན་བོད་རང་སྐྱོང་ལྗོངས་ཞེས་པའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆི་ལི་ཡིས་ དམག་མི་དང་ཉེན་རྟོག་པར་ཞི་རྒོལ་བར་དྲག་གནོན་བྱས་པ་ལ་བསྟོད་བསྔགས་བཏང་ཡོད་པ་ དང༌། ཁ་བྲལ་བར་ངོ་རྒོལ་གྱིས་རྒྱལ་ཁ་ལེན་དགོས་སྐོར་གྱི་བསྒྲགས་གཏམ་སྤེལ་ཡོད་ནའང༌། བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་ནང་དུ་ད་ལྟའི་ཞི་རྒོལ་གྱི་དོན་རྐྱེན་འོག་ ཉུང་མཐར་བོད་མི་བརྒྱ་དང་ལྔ་བཅུ་ཙམ་དམར་གསོད་བཏང་ཡོད་པའི་གསལ་བསྒྲགས་སྤེལ་ ཡོད་པ་རེད།
    བོད་མི་ཞི་རྒོལ་བ་རྣམས་ཀྱིས་འབོད་ཚིག་ནི་བོད་རང་བཙན་གཙང་མ་ཡིན་པ་དང༌། ད་ལྟ་བོད་ལ་རང་བཙན་དང་རང་དབང་དགོས་པ། ྋགོང་ས་མཆོག་བོད་དུ་ཕེབས་འཇུག་དགོས་པ། པཎ་ཆེན་ཆུང་སྲིད་ཀྱིས་དབུས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་ཀྱི་ ཡོད་པ་བཅས་རེད་འདུག དེ་ལ་བརྟེན་ནས་རྒྱ་ནག་གིས་བོད་ཀྱི་ས་ཁུལ་གང་སར་དྲག་དམག་འབོར་ཆེན་བཀྲམ་པ་ དང༌། ཞི་རྒོལ་བའི་ནང་དུ་མེ་མདའ་གང་བྱུང་བརྒྱབ་ནས་བོད་མི་གང་མང་དམར་གསོད་བཏང་ཡོད་ པ་མ་ཟད། ཕུང་པོ་ལ་བདག་རྒྱག་མ་བཅུག་པར་དམག་གིས་དབོར་ཏེ་མེར་བསྲེག་བཏང་བ་སོགས་ཀྱི་ གནས་ཚུལ་ས་གནས་གང་སར་གཅིག་མཚུངས་སུ་བྱུང་དང་འབྱུང་བཞིན་ཡོད་པ་མ་ཟད། དེ་རྗེས་མི་གཅིག་ཀྱང་ཕྱི་ལ་ཐོན་མ་བཅུག་པར་མི་ཚང་རེ་རེ་སྔོག་བཤེར་གྱིས་ས་ གནས་རེ་ནས་མི་ལྔ་བརྒྱ་དང༌། བདུན་བརྒྱ་ཙམ་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།
    ལྷ་སར་བོད་མདོ་ཁམས་ནས་ཡོང་མཁན་མང་ཆེ་བ་འཇུ་བཟུང་དང༌། ཁག་ཅིག་ཕྱིར་འཕུད་བྱེད་ཀྱི་ཡོད་པ་དང༌། ཧ་ཅང་མང་པོ་དམར་གསོད་བཏང་བ་དངོས་སུ་མཐོང་མཁན་བྱུང་ཡོད་པ་མ་ཟད་འཇུ་བཟུང་བྱས་ པ་ཡང་ལྷ་སའི་ཉེ་འཁོར་གྱི་བཙོན་ཁང་ཁེངས་ནས་ས་གནས་གཞན་དུ་དབོར་འདྲེན་བྱེད་ ཀྱི་ཡོད་པ་མ་ཟད། མདོ་སྟོད་སྨད་ཀྱི་ས་གནས་མང་པོར་སློབ་གྲྭ་སྒོ་བརྒྱབ་སྟེ་སློབ་མའི་སྡོད་ཁང་ དུ་དམག་འགྲེམས་འཇོག་བྱས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཨ་མདོ་རྔ་པ་ས་ཁུལ་གྱི་ཞི་རྒོལ་ཐོག་ཁ་ཤས་ལ་རྨས་སྐྱོན་བྱུང་ བ་ལས་སྲོག་ཤོར་བ་གཅིག་ཀྱང་མེད་ཚུལ་བཤད་ཡོད་ནའང༌། ས་གནས་དེར་མི་ཧ་ཅང་མང་པོ་བསད་པ་མ་ཟད་དམར་གསོད་བཏང་བའི་ཕུང་པོའི་འདྲ་པར་ རྒྱལ་ཕྱི་ནང་དུ་འགྲེམས་སྤེལ་བྱེད་ཐུབ་ཡོད་པ་རེད།
    དེང་སྐབས་བོད་ཆོལ་ཁ་གསུམ་གྱི་དགོན་སྡེ་ཁག་ལ་དམིགས་བསལ་དམ་དྲག་གིས་དགེ་ འདུན་པ་ནང་དུ་བཀག་ཉར་བྱས་ཏེ་ཟ་བཅའ་མ་རག་པའི་དཀའ་ངལ་འོག་ཏུ་གནས་ཡོད་པ་མ་ཟད། ཟླ་འདིའི་ཚེས་༡༠ ནས་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ལྟོགས་སྐོམ་མ་བཟོད་པར་ ཕྱི་ལ་ཐོན་སྐབས་དམག་གིས་དྲག་གནོན་བྱས་ཏེ་མང་པོར་རྨས་སྐྱོན་བྱུང་ཡོད་པ་རེད། རྒྱ་ནག་གཞུང་གི་དཔོན་རིགས་དང་ཉེན་རྟོག་པ་དགོན་སྡེ་ཁག་གི་ནང་དུ་ཡོང་ནས་ྋགོང་ ས་མཆོག་ལ་མཚན་སྨད་དགོས་པའི་བཀའ་རྒྱ་གཏོང་གི་ཡོད་པ་དང༌། བོད་མི་ཚོས་དེ་ལས་ལྡོག་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། རྒྱ་གཞུང་གིས་བོད་མི་འཇུ་བཟུང་བྱས་པ་དང་དམར་གསོད་གཏོང་རྒྱུ་ཤུགས་ཆེ་རུ་བཏང་ སྟེ་ཟླ་འདིའི་ཚེས་༣ ཉིན་ཁམས་སྟོང་འཁོར་དགོན་དུ་ཉིན་གཅིག་ལ་མི་༡༤ ཙམ་དམར་གསོད་བཏང་བ་རེད། དེ་བཞིན་ལྷ་ས་གཙོས་ས་གནས་གང་སར་ཞི་རྒོལ་བ་མང་པོ་དམར་གསོད་བཏང་ཡོད་ནའང༌། ཞི་རྒོལ་རྒྱུན་མ་ཆད་ནས་ཟླ་གཅིག་དང་ཉིན་ལྔ་འགྲོ་བཞིན་ཡོད་ལ། ྋགོང་ས་མཆོག་གིས་དབུས་བོད་གཞུང་མང་གཉིས་ནས་རྒྱ་ནག་གིས་དྲག་གནོན་མཚམས་འཇོག་ ཡོང་ཐབས་ལ་རྒྱལ་སྤྱིའི་ཐོག་འབོད་སྐུལ་ཐེངས་མང་གནང་ཡོད་པ་དང༌། ཕྱི་སྡོད་བོད་རིགས་རྣམས་ས་གནས་གང་སར་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་ཐེངས་གཉིས་ལ་འགྲོ་སྐབས་ཁོང་ཚོར་ཡང་རང་ དབང་གིས་མི་མང་ལ་འདྲི་གཅོད་དང༌། ས་གནས་གང་སར་འགྲོ་བསྐྱོད་བྱེད་རྒྱུའི་རང་དབང་རྒྱ་གཞུང་གིས་སྤྲད་མེད་པ་མ་ཟད་ དམག་མི་དང་ཉེན་རྟོག་པས་སྒྲིག་ཆས་མ་གྱོན་པར་མི་མང་གི་ནང་གསང་ཉུལ་བྱེད་ཀྱི་ ཡོད་ནའང༌། ལྷ་ས་ནས་ཕྱི་ཟླ་༣ ཚེས་༢༧ དང༌། བླ་བྲང་ནས་ཟླ་འདིའི་ཚེས་༩ ཉིན་གསར་འགོད་པའི་སྔོན་དུ་བོད་ནང་རང་དབང་མེད་པའི་སྐད་འབོད་བྱས་པ་རྒྱལ་ སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སླེབས་ཡོད་ནའང༌། རྒྱ་ནག་གཞུང་གིས་བོད་མི་འཇུ་བཟུང་བྱེད་རྒྱུ་མང་དུ་གཏོང་གི་ཡོད་ལ། ཕྱི་ལོགས་སུ་ཏཱ་ལའི་ཁ་བྲལ་བའི་མི་ཉུང་ཤས་ཤིག་གིས་དྲག་སྤྱོད་བྱས་པ་ཡིན་ཚུལ་ གྱི་འཁྱོག་བཤད་འདྲ་མིན་བྱེད་བཞིན་ཡོད་པ་རེད། ད་ལྟ་བོད་ནང་དུ་རང་དབང་གི་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱང་བཀག་ འགོག་བྱས་ནས་ཞིབ་ཕྲའི་གནས་ཚུལ་རག་རྒྱུར་ཧ་ཅང་དཀའ་ངལ་གྱི་གནས་སུ་གྱུར་ཡོད་པ་ རེད།།

        ལྡི་ལིར་བོད་སྐྱོབས་རེ་འབོད་ཀྱི་ལས་འགུལ།

 བོད་རིགས་གནས་སྡོད་བྱེད་སའི་ས་གནས་གང་སར་བོད་དོན་ལས་འགུལ་འདྲ་མིན་སྤེལ་ བཞིན་ཡོད་ལ། ཟླ་འདིའི་ཚེས་༡༠ སྟེ་བོད་ནང་དུ་རྒྱ་གཞུང་ལ་དངོས་སུ་ཞི་རྒོལ་བྱས་ནས་ཟླ་གཅིག་འཁོར་བའི་ཉིན་ནས་ ཚེས་༡༢ བར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་རེད། དེ་ཡང་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་ཟླ་འདིའི་ཚེས་༡༠ ནས་རྒྱ་གར་གྱི་རྒྱལ་ས་གྲོས་ཚོགས་ཀྱི་གཞུང་ལམ་ཐོག་ཏུ་མི་མང་སུམ་སྟོང་ལྔ་ བརྒྱ་ཙམ་གྱིས་རྔམ་སྟོན་ཁྲོམ་སྐོར་དང༌། ཟས་བཅད་ངོ་རྒོལ། མར་མེའི་ཁྲོམ་སྐོར། བོད་ནང་དུ་རྒྱ་ནག་གིས་མནར་གཅོད་གཏོང་སྟངས་སྐོར་གཏམ་བརྗོད་འཁྲབ་སྟོན་སོགས་ ཉིན་གསུམ་རིང་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་རེད།
    ཚེས་༡༡ ཉིན་ལས་འགུལ་བར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཆོག་གིས་མི་མང་ལ་ལས་ འགུལ་སྤེལ་ཕྱོགས་ལ་ལམ་སྟོན་གསུང་བཤད་གནང་དོན། ¿ང་ཚོའི་ཕུགས་རྒྱང་རིང་པོའི་འཆར་གཞི་བྱེད་དགོས་པ་རེད་མ་གཏོགས། བདུན་ཕྲག་ཁ་ཤས་དང༌། ཟླ་བ་ཁ་ཤས་ནང་ལ་རྫོགས་འགྲོ་བའི་ལས་འགུལ་གྱི་ངོ་བོར་བལྟ་རྒྱུ་ཡོད་པ་མ་རེད། ལྷག་པར་དུ་ད་ལྟ་ང་ཚོས་རྩོམ་བཞིན་པའི་ལས་འགུལ་འདི་ལྟ་བུར་མཚོན་པ་ཡིན་ན། འདི་འདྲའི་ལས་འགུལ་མི་མང་འདུ་འཛོམས་བྱེད་རྒྱུ། ཁྲོམ་སྐོར་བྱེད་རྒྱུ། འབོད་ཚིག་སྒྲོག་རྒྱུ། ཚོགས་འདུ་འཚོག་རྒྱུ་རྐྱང་རྐྱང་གིས་ང་ཚོས་ནམ་རིང་སྒྲུང་གིས་འཁྱོལ་ཐབས་ཡོད་པ་ མ་རེད། དེར་བརྟེན་བོད་ཀྱི་བདེན་མཐའ་མ་གསལ་གྱི་བར་དུ་ང་ཚོའི་ལས་འགུལ་མུ་མཐུད་དུ་ འགྲོ་རྒྱུའི་ཆེད་དུ་ལས་འགུལ་གྱི་རྣམ་གྲངས་འདྲ་མ་འདྲ་ག་རེ་བྱེད་དགོས་པ་རེད། ལྷག་པར་དུ་འཛུགས་སྐྲུན་དང་འབྲེལ་བའི་ལས་འགུལ་ག་འདྲ་བྱེད་དགོས་པ་རེད། བོད་ནང་ལ་ག་འདྲ་ཞིག་སྙོབ་ཐུབ་པའི་བསམ་བློ་གཏོང་དགོས་པ་རེད། རྒྱལ་སྤྱིའི་ནང་ལ་ག་འདྲ་ཞིག་ང་ཚོའི་ལས་འགུལ་དེ་རྒྱུན་གནས་ཐུབ་པ་ཞིག་བཟོ་ དགོས་ཀྱི་རེད། དེ་ཚོའི་ཐོག་ལ་ངེས་པར་དུ་དགོངས་པ་བཞེས་དགོས་རྒྱུ་རེད་བསམ་གྱི་འདུག དེ་རིང་ཁྱེད་རང་ཚོ་མང་ཆེ་བ་ལྡི་ལིའི་ཕྱི་ལོགས་ནས་ཕེབས་པ་ཡིན་ས་རེད། དེ་ཚོ་ཚང་མར་ངས་རྗེས་སུ་ཡི་རངས་ཡོད། བསྔགས་བརྗོད་ཡོད། གལ་ཆེ་ཤོས་དེ་ངས་བསྐྱར་ལྡབ་བྱས་ནས་ཞུས་ན། ྋགོང་ས་མཆོག་གི་དབུ་ཁྲིད་འོག་ཤར་བསྐྱོད་བྱེད་རྒྱུ་དང༌། རྒྱ་མི་རིགས་ལ་དགྲ་རུ་མི་བཟོ་བ། འཚེ་མེད་ཞི་བ་ལས་མི་འདའ་བ་དང༌། ཡུལ་ཁྲིམས་དང་མི་འགལ་བ། ཡུལ་མིས་སུན་སྣང་མི་བྱེད་པ་དེ་འདྲའི་ཐོག་ནས་ང་ཚོས་ལས་འགུལ་རྒྱུན་མཐུད་པ་ དགོས་པ་གལ་ཆེན་པོ་ཞེ་དྲག་རེད། ང་ཚོའི་ལས་འགུལ་གྱི་ནུས་པ་འདྲ་དེ་བོད་ནང་ལ་སླེབས་ཀྱི་ཡོད་པ་རེད། ཚོར་གྱི་ཡོད་པ་རེད་¿ཅེས་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད།
    དེ་བཞིན་རྒྱ་གར་གྱི་སློབ་མ་ལྔ་བརྒྱ་ཙམ་དང༌། ལྡི་ལི་བསམ་ཡས་གླིང་གི་བོད་པའི་སློབ་མ་ཚོ་མཉམ་འཛོམས་ཀྱིས་བོད་ནང་གི་ད་ལྟའི་ གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དང༌། བོད་ནང་དུ་ཕྲུ་གུར་སློབ་སྦྱོང་འདྲ་མཉམ་དགོས་སྐོར་གྱི་རྔམ་སྟོན་ཁྲོམ་སྐོར་ བྱས་ཡོད་པ་རེད།་དེ་ཡང་ཚེས་༡༡ ཉིན་ལྡི་ལིར་རྐང་འཁོར་སྐོར་བསྐྱོད་ཀྱི་བོད་དོན་ལས་འགུལ་ཞིག་བཀའ་བློན་ཁྲི་པ་ ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང༌། ལས་འགུལ་དེ་ནི་ཉིན་གསུམ་རིང་སྤེལ་ཡོད་པ་རེད། ལས་འགུལ་བ་ནི་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང༌། བྷེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འཛིན་གྲྭ་བཅུ་གཉིས་ཀྱི་སློབ་མ་རྣམས་ཀྱིས་ཡིག་ རྒྱུགས་ཚར་བ་སྟབས་བསྟུན་རང་ངོས་ཀྱིས་ལས་འགུལ་སྤེལ་བ་ཞིག་ཡིན་འདུག
    ཚེས་༡༧ ཉིན་རྒྱ་ནག་ཏུ་འཚོག་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་ དེ་ལྡི་ལིར་འབྱོར་གྱི་ཡོད་པར་བརྟེན། བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་ངོས་ནས་དཔལ་འབར་སྐོར་བསྐྱོད་ལ་ངོ་རྒོལ་བྱེད་ ཀྱི་མེད་ནའང༌། ཉིན་དེར་རྒྱ་གར་གཞུང་ལ་ཆོག་མཆན་ཞུས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་ རྒྱས་གཏོང་དགོས་པ་དང༌། བོད་ནང་དུ་དྲག་གནོན་མཚམས་འཇོག་དགོས་སྐོར་གྱི་རྔམ་སྟོན་ཁྲོམ་སྐོར་གནང་རྒྱུ་ ཡིན་པ་རེད།།  

གསར་འགོད་པའི་མདུན་དུ་རྒྱ་གཞུང་ལ་ཞི་རྒོལ།

རྒྱ་ནག་གིས་སྟངས་འཛིན་ནན་པོའི་འོག་བོད་ནང་དུ་རྒྱལ་སྤྱིའི་གསར་འགོད་པ་ཐེངས་ གཉིས་པ་དེ་བསྐྱོད་ཡོད་པ་དང༌། གསར་འགོད་པ་རྣམས་མདོ་སྨད་བླ་བྲང་དུ་འབྱོར་སྐབས། དགེ་འདུན་པ་ཉི་ཤུ་ཙམ་གྱིས་བོད་ཀྱི་རྒྱལ་དར་འཕྱར་ཏེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པ་དང༌། ྋགོང་ས་མཆོག་བོད་ནང་དུ་ཆིབས་བསྒྱུར་གནང་འཇུག་དགོས་སྐོར་གྱི་སྐད་འབོད་གནང་ ཡོད་པ་རེད། གསར་འགོད་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན་དགེ་འདུན་པ་རྣམས་ཀྱིས་ངོ་ རྒོལ་བྱེད་བཞིན་པའི་སྐབས་དེར་རྒྱ་ནག་གཞུང་གིས་གསར་འགོད་པ་རྣམས་ལམ་སང་ས་ ཕྱོགས་གཞན་དུ་ཁྲིད་པ་དང༌། གྲྭ་བ་རྒན་པ་ཞིག་གིས་གྲྭ་བ་ངོ་རྒོལ་བྱེད་མཁན་རྣམས་ཀྱང་ཡར་ཁྲིད་ཡོད་འདུག དེ་རྗེས་གྲྭ་བ་རྣམས་ཀྱི་གནས་སྟངས་གསལ་ཁ་གང་མེད་པ་རེད། ཕྱི་དྲོ་དེར་དགོན་པའི་ཉེ་འགྲམ་དུ་རྒྱ་དམག་གང་མང་བཏང་ཡོད་པ་མ་ཟད། ཉེན་རྟོག་པ་དང༌། དམག་མི་སྒྲིག་ཆས་མ་གྱོན་པ་མང་པོས་མི་མང་དཀྱུས་མའི་ནང་དུ་རྟོག་ཞིབ་ཆད་མེད་ བྱེད་བཞིན་ཡོད་པ་རེད།།  

        བཀའ་ཤག་གིས་བོད་ནང་གི་ཛ་དྲག་གནས་སྟངས་གསལ་བསྒྲགས།

ཞི་བདེ་ལྷིང་འཇགས་བསྐྱར་གསོ་བྱེད་རྒྱུའི་མངོན་འདོད་ཅིག་ཡོད་དམ། མེད་དམ་བསམ་པའི་དོགས་པ་ཟ་དགོས་པའི་གནས་ཚུལ་མང་པོ་ཞེ་དྲག་ཆགས་ཀྱི་འདུག
ཟླ་འདིའི་ཚེས་༡༨ ཉིན་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་གཞུང་བཀའ་ཤག་གི་ངོས་ ནས་བོད་ནང་གི་གནས་སྟངས་ཛ་དྲག་གི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་ རེད། དེའི་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་¿དེ་རིང་ང་ཚོ་འདིར་ གསར་འགོད་པ་རྣམ་པ་མཇལ་རྒྱུའི་དོན་དག་ཁག་གཉིས་ཡོད། དང་པོ་དེ་བར་ལམ་ཞིག་ནས་བོད་ཀྱི་ནང་དུ་གནས་ཚུལ་ཛ་དྲག་ཆེན་པོ་ཡོད་ཙང༌། གསར་འགྱུར་བརྒྱུད་ལམ་མང་པོ་ཞིག་ནས་རེ་རེ་བཞིན་བཅར་འདྲི་དགོས་ཀྱི་ཡོད་ཅེས་ གསུང་མཁན་མང་པོ་ཡོང་གི་འདུག དེ་ཚོར་དུས་ཚོད་ཀྱི་དབང་གིས་གོ་སྐབས་ཕུལ་ཐུབ་ཡོད་པ་མ་རེད། དེ་རིང་འདིར་སྡེབས་གཅིག་ལ་དྲི་བ་ཡོད་ན་གོ་སྐབས་ཕུལ་དགོས་དྲན་སོང༌། གཉིས་པ་དེ་ད་ལྟ་ྋསྐྱབས་མགོན་རིན་པོ་ཆེ་དྷ་སར་བཞུགས་མེད་པ་ཡིན་ཙང༌། བོད་ནང་གི་གནས་ཚུལ་གལ་ཆེ་བ་དེ་ཚོ་ངོ་སྤྲོད་ཅིག་ཞུ་རྒྱུའི་སྐབས་ལ་སླེབས་ཀྱི་ འདུག ད་ལྟ་ང་ཚོས་སེམས་ཁྲལ་ཆེ་ཤོས་དེ་བོད་ནང་དུ་ཞི་བདེ་ལྷིང་འཇགས་བསྐྱར་གསོ་བྱེད་ མ་ཐུབ་ནས་བདུན་ཕྲག་ལྔ་ལྷག་ཅིག་ཕྱིན་པ་རེད། ད་ལྟ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་ཀྱི་སྣེ་མོ་བ་ཚོར་ཞི་བདེ་ ལྷིང་འཇགས་བསྐྱར་གསོ་བྱེད་རྒྱུའི་མངོན་འདོད་ཅིག་ཡོད་དམ། མེད་དམ་བསམ་པའི་དོགས་པ་ཟ་དགོས་པའི་གནས་ཚུལ་མང་པོ་ཞེ་དྲག་ཆགས་ཀྱི་འདུག བོད་རྩ་མེད་ལ་གཏོང་རྒྱུའི་ཆེད་དུ་ཁག་འཇོག་ས་གཅིག་ལ་བོད་ནང་དུ་ཞི་བདེ་ལྷིང་ འཇགས་མེད་པ་དང༌། ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་འཇོག་རྒྱུའི་ཆེད་དུ་ཉི་མ་རེ་རེ་བཞིན་བོད་པ་ ཚོའི་སེམས་ནང་ལ་གནོད་བྱེད་ཀྱི་ལས་ཀ་དེ་ཚོ་བྱས་ནས། གང་ལྟར་བོད་མིས་བཟོད་སྒོམ་མ་ཐུབ་པའི་གནས་སྟངས་ཐོག་ལ། ཡང་མིན་ན་རྒྱ་ནག་ལ་འཚེ་བའི་ཐོག་ནས་ཁ་གཏད་ཅིག་གཅོག་རོགས་བྱས་ན་བསམ་པ་དེ་ འདྲའི་རེ་བ་རྒྱག་གི་མེད་འགྲོ་བསམ་པའི་དོགས་པ་ཡོང་གི་འདུག དོགས་པ་ཡོང་དགོས་པའི་རྒྱུ་མཚན་དེ་ཚོ་ཡིག་ཐོག་ལ་རེ་རེ་བཞིན་དུ་བྲིས་ཡོད་¿ ཅེས་གསུངས་ཡོད་པ་རེད།
    ཡིག་ཐོག་གསར་འགོད་གསལ་བསྒྲགས་དེའི་ནང་དུ་དོགས་པ་ཡོང་དགོས་པ་དོན་ཚན་བརྒྱད་ འཁོད་པའི་ནང༌། ༡ ཕྱི་ཟླ་༣ ཚེས་༡༤ ཉིན་རྒྱུན་ལྡན་དང་མི་འདྲ་བར་ཆུ་ཚོད་ཁ་ཤས་རིང་འགོ་ཁྲིད་ཚོས་བཀག་འགོག་དང་ཚོད་ འཛིན་མེད་པར་ལངས་བཅུག་པ་དང༌། ༢ ཉིན་དེའི་དྲག་སྤྱོད་ནང་ཞུགས་མཁན་ས་གནས་བོད་རིགས་ཡུལ་མིས་མཐོང་མྱོང་མེད་པའི་ མི་དེ་འདྲ་མང་པོ་ཡོད་པ། ངོ་རྒོལ་བའི་སྣེ་ཁྲིད་མཁན་ནང་རྒྱ་མིའི་དམག་མིས་བོད་ཆས་གྱོན་མཁན་དང༌། གྲྭ་ཆས་གྱོན་མཁན་ཡོད་པ་དངོས་སུ་མཐོང་མཁན་བྱུང་བ། ༣ རྒྱ་ནག་གཞུང་གིས་དགོན་པའི་ནང་མེ་མདའ་དང་མདེའུ་རྙེད་ཡོད་ཚུལ་བཤད་པ་དེ་སྔོན་ མ་མགོན་ཁང་གི་སྲུང་མའི་མདུན་དུ་ཕུལ་བཞག་ཡོད་པའི་བེད་སྤྱོད་མེད་པ་དེ་དག་དང༌། དགོན་པའི་ནང་རྗེས་སུ་དམག་མིས་ཁྱེར་ཡོང་བའི་མཚོན་ཆའི་རིགས་བོད་མིས་ཉར་ཚགས་ བྱས་ཡོད་ལུགས་ཀྱིས་ཉེས་འཛུགས་བྱས་པ། ༤ རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་རང་བཙན་རྩོད་ལེན་པས་རང་སྲོག་བློས་གཏོང་ གིས་གཏོར་རྒོལ་བྱེད་རྒྱུའི་འཆར་གཞི་ཡོད་ཚུལ་བཤད་པ། ༥ རྒྱ་ནག་གཞུང་གི་འགོ་ཁྲིད་ཁ་ཤས་ཀྱིས་གྲྭ་བ་ཁ་ཤས་ཀྱིས་ཆབ་མདོ་ས་ཁུལ་དུ་འབར་ རྫས་བརྒྱབ་ནས་ཁང་པ་གཏོར་སྐྱོན་བཏང་བའི་སྐྱོན་འཛུགས་བྱས་ཡོད་ཀྱང་ཁུངས་ཐུབ་ ཀྱི་དཔང་རྟགས་གང་ཡང་མེད་པ། ༦ བོད་ནང་རྒྱ་ནག་ལ་དགའ་ཞེན་དགོས་པའི་ཆབ་སྲིད་བསམ་བློའི་སློབ་གསོ་སླར་ཡང་འགོ་ འཛུགས་ཀྱིས་དགོན་སྡེ་ཁག་དང༌། ཁྱིམ་ཚང་གི་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་དགོས་པའི་བཀའ་རྒྱ་བཏང་ བ། ༧ བོད་ནང་གང་སར་བོད་མི་ཚོའི་སེམས་ལ་གནོད་བྱེད་ཀྱི་ྋགོང་ས་མཆོག་ལ་ངོ་རྒོལ་གྱི་ ལས་འགུལ་གདུག་རྩུབ་ཆེན་པོས་སྤེལ་བཞིན་ཡོད། ༨ རྒྱ་ནག་གཞུང་གིས་གོ་རིམ་ལྡན་པའི་ཐོག་ནས་རྒྱ་རིགས་དང་བོད་མིའི་བར་འགལ་ཟླ་ བཟོ་རྒྱུའི་ཆེད། རྒྱ་རིགས་ལ་མི་རིགས་རིང་ལུགས་ཀྱིས་ཞེན་ཁོག་དགོས་ལུགས་དང༌། ཏཱ་ལའི་རུ་ཚོགས་ཞེས་ཚིག་རྩུབ་བེད་སྤྱོད་མཚན་སྨོད་བྱེད་བཞིན་ཡོད་པ་རེད་ཅེས་ སོགས་འཁོད་ཡོད་པ་རེད།།

རེབ་གོང་དུ་རྒྱ་གཞུང་ལ་ངོ་རྒོལ་དང་མི་མང་འཛིན་བཟུང༌།

འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་འདི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་སུ་རེབ་གོང་སེར་སྐྱ་མི་མང་སྟོང་ཕྲག་ མང་པོས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ནས་བཟུང༌། རེབ་གོང་རོང་པོ་དགོན་ཆེན་གྱི་ཉེ་འཁྲིས་སུ་རྒྱ་དམག་ཆིག་ཁྲི་སུམ་སྟོང་ལྷག་ སླེབས་ཡོད་པ་དང༌། གྲྭ་མང་དང་དམག་མིའི་དབར་ཛ་དྲག་ཅན་གྱི་འཁྲུག་འཛིང་ཁག་ཡོང་བའི་ཉེན་ཁ་ཡང་ཐེངས་ མང་བྱུང་ཡོད། ཡིན་ནའང་དེའི་རྗེས་ནས་ད་ལྟའི་བར་འཛིན་བཟུང་བཙོན་འཇུག་བྱས་མེད་ཀྱང༌། རྒྱ་གཞུང་གིས་སྨོན་ལམ་སྐབས་ཟིང་ཆ་སློང་མཁན་དང། དེའི་རྗེས་རིམ་པ་བཞིན་ཕྱི་ཟླ་༣ ཚེས་༡༧ ཉིན་བསངས་གཏོང་མཁན། སྒྲོལ་ཐང་ནས་མར་མེའི་ཁྲོམ་སྐོར་བྱེད་མཁན། མཆོད་མེ་སྟོང་མཆོད་སྦར་ནས་ངོ་རྒོལ་གྱི་རྣམ་པ་སྟོན་མཁན་རྣམས་རྒྱ་དམག་ལ་རྩིས་ སྤྲོད་བྱེད་དགོས་པའི་བརྡ་ལན་ཐེངས་མང་བཏང་ཡང་གཅིག་ཀྱང་རྩིས་སྤྲད་བྱས་མེད་པ་ རེད།
    ཕྱི་ཟླ་༤ ཚེས་༡༢ ཉིན་སླར་ཡང་ཉེན་བརྡ་བཏང་ནས་ཀྲུང་དབྱང་ལ་མགོ་བཏགས་པའི་རྣམ་པ་སྟོན་ཕྱིར་གྲྭ་ ཚང་གི་གྲྭ་པ་བློ་བཟང་དོན་གྲུབ་ལོ་༢༠ ཅན་དང༌། རྒྱུད་པ་གྲྭ་ཚང་གི་གྲྭ་པ་བློ་བཟང་དོན་གྲུབ་ལོ་༣༠ ཅན། རྒྱུད་པ་གྲྭ་ཚང་གི་གྲྭ་པ་གྲགས་པ་རང་ལོ་༢༨ ཅན་བཅས་ངེས་པར་རྩིས་སྤྲོད་དགོས་པའི་ཉེན་བརྡ་ནན་པོ་བཏང་བ་མ་ཟད། གྲྭ་པ་དེ་གསུམ་གནས་སྐབས་ཉིན་ཤས་རིང་སློབ་གསོ་བརྒྱབ་སྟེ་ཉར་རྒྱུ་ལས། བཙོན་འཇུག་དོ་དམ་མི་བྱེད་ཚུལ། ཁོང་ཚོས་ལག་ཐོགས་ཁ་པར་སོགས་མཉམ་ཁྱེར་བྱེད་ཆོག་ལ། ཟ་བཏུང་ཡང་སོ་སོའི་འདོད་མོས་བཞིན་བྱེད་ཆོག ཁོང་གསུམ་རྩིས་སྤྲོད་བྱས་ན་གཞན་འཛིན་བཟུང་བྱེད་རྒྱུ་མིན་པ། རྩིས་སྤྲད་མ་བྱས་པར་དམག་གི་གྲྭ་ཚང་ནང་དུ་འཛུལ་ནས་གྲྭ་པ་ཆ་ཚང་འཛིན་བཟུང་ བྱེད་དགོས་ན་མི་ལེགས་པ་སོགས་བསླུ་བྲིད་དང་གནོན་ཤུགས་སྤྲད་པར་བརྟེན། རེབ་གོང་ྋསྐྱབས་མགོན་གྱིས་གྲྭ་པ་དེ་གསུམ་དམིགས་བསལ་གཟིམ་ཤག་ཏུ་བསྐོངས་ནས་ སློབ་གསོ་དང་འབྲེལ། གྲྭ་པ་གཞན་རྣམས་སྐྱོབ་ཆེད་དང༌། དགོན་པའི་ནང་ཟིང་ཆ་མི་ཡོང་སླད་རང་འགུལ་གྱིས་རྒྱ་དམག་གི་བཙོན་ཁང་དུ་འགྲོ་ དགོས་པའི་སྐུལ་མ་བཏང་བར། གྲྭ་པ་གཞན་སུ་ལའང་ཤེས་མ་བཅུག་པར་དགོན་པའི་དོ་དམ་མི་སྣ་དང་ལྷན་དུ་ཁོང་གསུམ་ ཕྱི་ཚེས་༡༣ ཉིན་བཙོན་ཁང་དུ་བསྐྱོད། ཚེས་༡༤ ཉིན་གྲྭ་མང་གིས་ཤེས་རྟོགས་བྱུང་ནས་དགོན་པའི་དོ་དམ་པ་དང་མཉམ་དུ་ཁ་རྩོད་དྲག་ པོ་ཤོར་བ་མ་ཟད། དགོན་པའི་རྒྱུན་ཇ་སོགས་ཚོགས་ཀྱང་འཚོགས་མི་འདུག དེ་ནི་རོང་པོ་དགོན་ཆེན་གྱི་དབུ་མའི་འཛིན་གྲྭ་མན་ཆད་ཀྱི་གྲྭ་པ་སུ་འཛིན་བཟུང་ བྱས་ཀྱང༌། ཚང་མས་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུའི་མནའ་བསྐྱལ་ཡོད་པས་རེད། ཉིན་དེར་གྲྭ་མང་བཙོན་ཁང་དུ་བསྐྱོད་ནས་གྲྭ་པ་གསུམ་དང་མཉམ་དུ་ཟ་མ་མཉམ་ཟ་སོགས་ རྒྱུན་ལྡན་ལྟར་ཡིན་པ་དང༌། བཙོན་ཁང་དེར་རེབ་གོང་ཕྱོགས་ནས་འཛིན་བཟུང་བྱས་པའི་བཙོན་པ་བརྒྱ་ལྷག་འདུག་ཟེར། དེའི་ཕྱི་ཉིན་ཟ་མ་སྐྱེལ་དུ་འགྲོ་སྐབས་གྲྭ་པ་དེ་གསུམ་དང་བཙོན་པ་གཞན་རྣམས་གར་ སོང་ཆ་མེད་དུ་གྱུར་འདུག་པ་དང༌། འབྲེལ་ཡོད་ལ་སྐད་ཆ་དྲིས་ཀྱང་རྣམ་འགྱུར་ལེགས་པ་མ་བསྟན་པར་བརྟེན། ཕྱི་ཚེས་༡༦ ཉིན་དབུ་མའི་འཛིན་གྲྭ་མང་རྣམས་ཚོགས་འདུ་འཚོགས་ནས། ད་རེས་རྒྱ་དམག་གིས་མགོ་སྐོར་བསླུ་བྲིད་བྱས་ཏེ་ཁ་བཤད་དོན་ལ་མ་གནས་པར་བརྟེན། ཡིན་མིན་གྱི་དབྱེ་ཐག་གསལ་པོ་གཅོད་རྒྱུ་ཡིན་ཚུལ་སོགས་གྲོས་བྱས་འདུག་པ་དང༌། རྒྱ་དམག་གིས་སླར་ཡང་མཚོན་ཆ་སོགས་ཐོགས་ཏེ་རེབ་གོང་རོང་བོ་དགོན་ཆེན་གྱི་མཐའ་ བསྐོར་ཡོད་འདུག
    ཟླ་འདིའི་ཚེས་༡༧ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་༡༡ ཙམ་ལ་རོང་བོ་དགོན་ཆེན་གྱི་གྲྭ་པ་ཉི་ཤུ་ལྷག་ཙམ་གྱིས་ཚེས་༡༣ ཉིན་འཛིན་བཟུང་བྱས་པའི་གྲྭ་པ་རྣམས་གློད་དགོས་པའི་སྐད་འབོད་ཁྲོམ་སྐོར་བྱས། དམག་མི་རླངས་འཁོར་༡༩ ཡོང་ནས་གྲྭ་པ་དེ་དག་འཛིན་བཟུང་བྱས། སླར་ཡང་གྲྭ་པ་བརྒྱད་ཅུ་ལྷག་གིས་ངོ་རྒོལ་སྐད་འབོད་བྱས་པ་དང༌། གཡས་གཡོན་མི་མང་རྒན་གཞོན་མང་པོ་དང༌། ལྷག་པར་དུ་དགུང་ལོ་བརྒྱད་ཅུ་ཙམ་ལ་ཕེབས་པའི་རོང་པོ་དགོན་ཆེན་གྱི་ཁྲི་ཟུར་ཨ་ ལགས་ཁ་སོ་ཚང་ཡང་བར་འབྱེད་དུ་ཕེབས། རྒྱ་དམག་གིས་དབྱེ་འབྱེད་མེད་པར་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་གྲྭ་པ་ཡོངས་ དང༌། དེ་མིན་བར་དུ་ཡོང་བའི་མི་མང་རྣམས་ལ་ཉེས་རྡུང་ཚབས་ཆེན་བཏང་བ་མ་ཟད། ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་གྲྭ་པ་ཡོངས། ཨ་ལགས་ཁ་སོ་ཚང་ལ་རྨས་སྐྱོན་ཚབས་ཆེ་བཏང་ཡོད་པ་དང༌། དེ་མིན་མི་མང་བཅས་ཁྱོན་བསྡོམས་སེར་སྐྱ་མི་མང་གང་མང་འཛིན་བཟུང་བྱས་ཡོད་པ་ རེད།
    ཕྱི་ཚེས་༢༠ ཉིན་བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་སྤེལ་བ་ལྟར་ན་མི་༤༤༠ ལྷག་འཛིན་བཟུང་བྱས་ནས། དགོན་པ་ཡོངས་རྫོགས་རྒྱ་དམག་གིས་བསྐོར་ཏེ་གྲྭ་པ་རྣམས་ཕྱི་ལ་འགྲོ་མི་ཆོག་པ་ དང༌། ཕྱི་མི་དགོན་པའི་ནང་འགྲོ་མི་ཆོག་སོགས་ད་ལྟའི་ཆར་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་ འདུག།

བཙོན་པ་མུག་ཤི་ཐེབས་བཞིན་པ།

ཕྱི་ཟླ་༣ ཚེས་༡༤ ཉིན་འཛིན་བཟུང་བྱས་པའི་ནང་ནས་ཁམས་འཇོ་མདའ་ནས་ཡིན་པའི་ཚོང་པ་མིང་འདོན་འདོད་ མེད་པ་གཉིས་ཉེ་ཆར་གློད་གྲོལ་བཏང་ཡོད་པ་དང༌། ཁོང་གཉིས་ཀྱིས་བརྗོད་དོན་ལྟར་ན། གོང་ཚེས་ཉིན་འཛིན་བཟུང་བྱས་པ་རྣམས་ཐོག་མ་རྒུ་ཚ་བཙོན་ཁང་དུ་བཀག་སྐྱིལ་དང༌། རྗེས་སུ་མཚོ་སྔོན་གོར་མོའི་ཕྱོགས་སུ་དབོར་འདྲེན་གྱིས་བཙོན་ཁང་དུ་རྡུང་རྡེག་ ཚབས་ཆེན་བཏང་བ་དང༌། ལྷག་པར་དུ་ཁ་ལག་མ་སྤྲད་པར་བརྟེན། མི་མང་པོ་མུག་ཤི་ཐེབས་བཞིན་ཡོད་པ་དང༌། མི་མང་པོས་རང་རང་གི་གཅིན་པ་བཏུང་ནས་ལྟོགས་སྐོམ་སེལ་ཐབས་བྱེད་བཞིན་ཡོད་པ། ཁོང་གཉིས་ལ་མཚོན་ནའང་ཁ་ལག་མ་རག་པར་གཟུགས་པོ་ཉམས་ཞན་ནད་གཅོང་ཅན་དུ་གྱུར་ཡོད་ པ་མ་ཟད། བཀག་སྐྱིལ་བྱེད་ཡུལ་གནམ་གཤིས་ཧ་ཅང་གྲང་བས་ད་ལྟའི་ཆར་གཅིན་པ་གཏན་ནས་བསྐུམ་ མི་ཐུབ་པར་གྱུར་ཡོད་འདུག ཁོང་གཉིས་གོར་མོ་ནས་ལྷ་སར་ཁྲིད། ལྷ་ས་ནས་ཆབ་མདོར་ཁྲིད་ནས་ཉིན་ཤས་སྔོན་གློད་གྲོལ་བཏང་འདུག ཁོང་གཉིས་ཀྱིས་བཙོན་ཁང་ནང་དུ་ཡོད་པའི་བོད་མི་རྣམས་ཀྱི་ད་ལྟའི་གནས་སྟངས་ཆེས་ ཛ་དྲག་ཏུ་གྱུར་ཡོད་སྟབས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་འཕྲལ་དུ་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་ རོགས་ཞུ་ཞེས་འདི་ག་གསར་ཁང་ལ་འགྲེལ་བརྗོད་གནང་སོང༌།།

ཞིང་ལས་མཚམས་འཇོག་གི་ངོ་རྒོལ།

ཁམས་མི་ཉག་ས་ཁུལ་གྱི་ཞིང་པས་ཞིང་ལས་མཚམས་འཇོག་གིས་རྒྱ་གཞུང་ལ་ངོ་རྒོལ་ལས་ འགུལ་སྤེལ་བཞིན་ཡོད་པ་དང༌། ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། དེང་སྐབས་ཁམས་མི་ཉག་མགར་ཐར་དང༌། རྒྱུག་སོ་གྲོང༌། ཀ་བཞི་ཆ། འགྲུམ་མདའ་སོགས་ཀྱི་ས་ཁུལ་གྱི་ཞིང་པ་རྣམས་ཀྱིས་སྟོང་སྐོར་དང༌། རྟའུ་སོགས་བོད་ས་ཡོངས་སུ་རྒྱ་ནག་གིས་ཚུལ་མིན་བཙན་གནོན་གྱིས་མི་བསད་ཁྲག་ སྦྱོར་དང༌། བཙོན་འཇུག མནར་གཅོད་སྡུག་སྦྱོང་གཏོང་གི་ཡོད་པར་བརྟེན་མི་འགྱངས་བར་བོད་མི་ཚང་མ་བསད་དེ་ མེད་པ་ཆགས་ས་རེད། དེར་བརྟེན་ང་ཚོས་ཞིང་ལས་བྱས་ནས་འདུག་རྒྱུ་ཡོད་ས་མ་རེད་ཟེར་ནས་རྒྱ་ནག་ལ་ངོ་ རྒོལ་བྱེད་བཞིན་ཡོད་པ་རེད་འདུག ས་གནས་འགོ་ཁྲིད་ཚོས་ཞིང་ལས་བྱ་དགོས་ཚུལ་གྱི་སློབ་གསོ་བྱེད་ཀྱི་ཡོད་པས་མ་ཚད། ཞིང་ལས་མྱུར་ཏུ་འགོ་འཛུགས་བྱས་ན་མཐུན་རྐྱེན་རྒྱ་སྒོར་བཞི་བརྒྱ་རེ་སྤྲད་ཀྱི་ ཡིན་སྐོར་སོགས་ཀྱང་བརྗོད་ཡོད་འདུག ཡིན་ཡང་ཞིང་པ་ཚོས་ཁས་ལེན་མ་བྱས་པར་ཞིང་ལས་མཚམས་འཇོག་གི་ལས་འགུལ་མུ་མཐུད་ནས་ སྤེལ་བཞིན་ཡོད་པ་རེད་འདུག།

 མེ་མདའ་རྒྱག་ཆོག་པའི་ཆོག་མཆན།

 རྒྱ་ནག་གིས་ཨོ་ལིམ་ཕིག་དཔལ་འབར་དེ་ཇོ་མོ་གླང་མའི་རྩེར་འཁྱེར་འཆར་ཡོད་ པ་དང༌། བོད་ནང་ནས་དེར་ཡུལ་སྐོར་སྤྲོ་འཆམ་པ་སོགས་ད་ལྟ་ནས་གཏོང་གི་མེད་པ་རེད། ཉེ་ཆར་བལ་ཡུལ་ནང་སྲིད་ལྷན་ཁང་ནས་ཇོ་མོ་གླང་མར་ཨོ་ལིམ་ཕིག་དཔལ་འབར་འཁྱེར་ སྐབས་ཤར་ཁུམ་བུ་ལ་ས་གནས་ཁུལ་དུ་སྲུང་སྐྱོབ་ནན་པོ་བྱེད་རྒྱུ་ཡིན་ཚུལ་དང༌། གལ་ཏེ་དཔལ་འབར་འཕྲོག་པ་སོགས་ཀྱི་གནས་ཚུལ་རིགས་བྱུང་ཚེ་ཉེན་རྟོག་པས་མེ་མདའ་ རྒྱག་ཆོག་པའི་བཀའ་བཏང་ཡོད་པ་རེད།། བལ་ཡུལ་གསར་འགོད་པས།

    ལི་ཐང་དུ་ཞི་བའི་ངོ་རྒོལ་གྱི་དོན་རྐྱེན་ཁག

ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༥ ཉིན་ཐོག་མ་ལི་ཐང་གཡོན་རུ་ཀེ་བཀྲ་སྡེ་བ་ནས་ཡིན་པ་རྙིང་མ་དགོན་པའི་སློབ་དཔོན་ དང་འགན་འཛིན་གཅིག་ལྕོགས་གྲྭ་འབར་ཆུང་བློ་སྦེ་དང༌། གཞན་ཡང་བོད་མི་སྐོར་ཞིག་གིས་རྒྱ་མིའི་དམག་མི་དབོར་འདྲེན་བྱེད་སའི་མོ་ཊ་མང་ པོ་རུ་བསྒྲིགས་ནས་ཡོང་བཞིན་པའི་ལམ་བཀག་ནས། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་ཕར་རྒྱུགས་ཤིག རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ནས་ཆུ་ཚོད་ ཕྱེད་ལྷག་བཀག་པ་དང་ཉེན་རྟོག་པས་འབར་ཆུང་བློ་སྦེ་འཛིན་བཟུང་བྱས་ཀྱང་གཞན་ འཛིན་བཟུང་བྱེད་ཐུབ་མེད་པ་རེད། འབར་ཆུང་བློ་སྦེ་འཛིན་བཟུང་བྱས་པ་ཤེས་རྗེས་མི་མང་སྟོང་ཕྲག་མང་པོ་འཛོམས་ནས་ ཁོང་གློད་དགོས་པ་དང༌། ཉེ་སྔོན་ལི་ཐང་ལ་ཉེས་པ་ཆེན་པོ་ལྔ་བཙུགས་ནས་ས་ཁུལ་དུ་གཏེར་ཁ་སྔོག་འདོན་བྱེད་ ཀྱི་ཡིན་ཟེར་བ་དེ་གཏན་ནས་སྔོག་མི་ཆོག་ཅེས་བརྗོད་འདུག རྒྱ་གཞུང་གིས་འབར་ཆུང་བློ་སྦེ་ཕྱིར་གློད་གྲོལ་བྱས་ཡོད་པ་རེད།  ཉིན་དེར་ལི་ཐང་ཨོ་ཐོག་ནས་ཡིན་པ་བློ་བཟང་དོན་གྲུབ་ཀྱིས་ལི་ཐང་རྫོང་དུ་སྐད་ འབོད་ཤུགས་ཆེ་བྱས་ནས་འཛིན་བཟུང་བྱས་ཡོད་པ་རེད། ཕྱི་ཚེས་༡༦ ཉིན་ལི་ཐང་རྫོང་དུ་གྲྭ་ཨ་སྐལ་ལགས་ཀྱིས་སྐད་འབོད་བྱས་པ་མ་ཟད། ལི་ཐང་རྫོང་ཉེན་རྟོག་ཁང་གི་སྒོ་རུ་ཉིན་ཞག་གསུམ་རིང་ཟས་བཅད་ངོ་རྒོལ་བྱས་པ་ དང༌། ཐོག་མ་ཉེན་རྟོག་པ་ལ་ཁྱོད་རང་ཚོས་ངའི་གཟུགས་པོ་ལ་སྔོག་གཤེར་གྱིས། མཚོན་ཆ་ཁབ་རྩེ་ཙམ་ཡང་མེད། རྒྱ་ནག་གཞུང་ལ་རྒྱག་རེས་བརྒྱབ་ནས་ཁ་གཏད་གཅོག་མི་ཐུབ་པ་ཤེས་ཀྱི་ཡོད། བོད་རིགས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་དགོས་འདུན་ འདོན་གྱི་ཡོད་ཅེས་བཤད་ཡོད་པ་དང༌། མཐར་ཁོ་རང་གི་ནང་དུ་ཁུར་ཡོད་ནའང་ཉི་མ་མང་པོ་ལ་ཟས་མི་ཟ་བ་དང་གཉིད་མི་ཁུག་པར་ ངོ་རྒོལ་བྱས་འདུག་ལ། སྤུན་མཆེད་རྣམས་ཀྱིས་འབོད་སྐུལ་བརྒྱུད་ལས་འགུལ་མཚམས་འཇོག་བྱས་ཀྱང་གཟུགས་པོ་ ཧ་ཅང་སྐྱོ་བོ་ཆགས་ཡོད་འདུག རྒྱ་གཞུང་གི་རྒྱལ་དར་དགོན་པ་ཁག་ཏུ་འཛུགས་དགོས་པའི་བཀའ་རྒྱ་བཏང་ཡོད་ཀྱང༌། དགོན་པའི་ངོས་ནས་ང་ཚོས་འཛུགས་ཀྱི་མིན། གལ་སྲིད་རྫོང་གིས་བཙུགས་པ་ཡིན་ན་དེ་ལུགས་ཡིག་ཐོག་ནས་དགོས་ཚུལ་སོགས་བརྗོད་ ནས་ད་ལྟའི་ཆར་རྒྱལ་དར་འཛུགས་ཐུབ་མེད་པ་རེད།
    ཕྱི་ཟླ་༤ ཚེས་༤ དང་༥ སོ་སོར་རྒྱ་གཞུང་གི་ལས་བྱེད་པས་ལི་ཐང་དགོན་ཆེན་དུ་བརྗོད་བྱ་གང་ཡང་མ་འཁོད་ པའི་ཤོག་བུ་ཞིག་ཐོག་གྲྭ་མང་ནས་ས་ཡིག་རྒྱག་དགོས་པའི་སྐོར་བཤད་པ་དང༌། དམིགས་བསལ་དགོན་པའི་འགན་ཁུར་ལས་སྣེ་རྣམས་ནས་དེའི་ཐོག་མཐུན་འགྱུར་སྤྲད་དགོས་ སྐོར་སོགས་བཤད་ཡོད་འདུག་ཀྱང་ཁོང་རྣམས་དང་གྲྭ་མང་བཅས་ནས་ཡིག་ཐོག་ཏུ་གང་ཡང་མ་ འཁོད་པའི་ཤོག་སྟོང་འདིའི་ཐོག་ཁྱོད་ཚོས་གང་འབྲི་རྒྱུ་ཡིན་མིན་མི་ཤེས་པའི་ས་ ཡིག་རྩ་བ་ནས་རྒྱག་ཐུབ་ཀྱི་མེད་ཚུལ་གསུངས་འདུག་པས་ཁོ་ཚོ་ལོག་དགོས་བྱུང་འདུག ཡང་བསྐྱར་ལི་ཐང་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་གི་གྲྭ་པ་རྣམས་ལ་ཕྱི་ཟླ་༤ ཚེས་༢༠ བར་དུས་ཚོད་སྤྲད་དེ་ས་རྟགས་འགོད་དགོས་པ་དང་མི་རེ་རེ་བཞིན་སྐར་ལྔའི་དར་དམར་ རེ་བཟུང་ནས་པར་རྒྱག་དགོས་ཤིང༌། གལ་སྲིད་མ་ཡོང་ཚེ་ལས་སླ་པོ་འཇོག་རྒྱུ་མིན་ཚུལ་སོགས་བཤད་ཡོད་འདུག་ཀྱང་ཕྱི་ ཚེས་༢༠ ཉིན་མཚན་ཉིད་གྲྭ་ཚང་གི་གྲྭ་མང་ནས་ཡོང་རྒྱུ་མིན་པའི་བརྡ་ལན་ཡིག་ཐོག་ནས་སྤྲད་ ཡོད་འདུག ཕྱི་ཟླ་༤ ཚེས་༡༧ དང་༡༨ ཉིན་གཉིས་རིང་ལི་ཐང་རྫོང་གི་ཉེ་འགྲམ་གྱི་རི་གདོང་དུ་ཡོད་པའི་དམག་མི་ཁྲི་ གཅིག་ལྷག་ཡོད་པའི་དམག་སྒར་གྱི་སྡོད་གུར་དང་དམག་མི་ཉུང་དུ་ཕྱིན་ཡོད་པ་མངོན་ གསལ་ཡིན་འདུག་པས་དེའི་རྒྱུ་མཚན་ཁག་ཅིག་གིས་ན་ནིང་ཕྱི་ཟླ་༨ པ་ནས་བཟུང་རི་ཁོག་བྲུས་ཡོད་པའི་ནང་གབ་ཟིན་ཡོད་སྐོར་དང༌། རེ་ཟུང་གིས་ཡུ་ནན་ཕྱོགས་སུ་རྙོག་གྲ་ཆགས་ནས་དེའི་ཕྱོགས་སུ་ཕྱིན་ཡོད་སྐད། ཡང་རེ་འགས་ལི་ཐང་ཕྱོགས་སུ་རྒྱལ་སྤྱིའི་གསར་འགོད་པ་ཡོང་རྒྱུ་ཡིན་སྐད་ཀྱིས་ ཕྱིར་འཐེན་བྱས་སྐོར་ཡང་བཤད་ཀྱི་ཡོད་འདུག
ལི་ཐང་ཕྱོགས་སུ་ད་ལོའི་དབྱར་རྩྭ་དགུན་འབུ་བརྐོ་སྐབས་བོད་མི་ནང་ཁུལ་སྡེ་བ་ སུ་འདྲ་ཞིག་གི་མི་ཡིན་ཡང་དངུལ་སྐར་མ་གཅིག་ལེན་རེས་བྱ་རྒྱུ་མིན་པའི་དམ་བཅའ་ བརྟན་པོ་བཞག་ཡོད་འདུག་ཀྱང་རྒྱ་གཞུང་གིས་སྡེ་བ་གཞན་པའི་མི་རེའི་ལག་ནས་སྒོར་ ༡༠༠༠ རེ་ལེན་འཆར་ཡོད་འདུག་པས་བོད་མི་རྣམས་ཀྱིས་མ་འོངས་པར་གལ་སྲིད་འདི་དང་འབྲེལ་ བའི་རྙོག་གྲ་ཆགས་ཚེ་འགན་ཁྱོད་ཚོས་ཁུར་དགོས་སྐོར་བཤད་ཀྱི་ཡོད་འདུག།
བོད་ལ་ཞི་བའི་གོམ་བགྲོད་མུ་མཐུད་བསྐྱོད་བཞིན་ཡོད་པ་རེད།
བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་མཁན་རྣམས་ཟླ་འདིའི་ཚེས་༡༩ ཉིན་སླར་ཡང་འགོ་འཛུགས་ཀྱིས་མུ་མཐུད་དུ་བསྐྱོད་བཞིན་ཡོད་པ་དང༌། གོ་སྒྲིག་པའི་ངོས་ནས་སྔོན་མ་དཀའ་ངལ་ག་རེ་འཕྲད་ནའང་མདུན་བསྐྱོད་བྱེད་རྒྱུ་ དམ་བཅའ་བྱས་ཡོད་པ་ལྟར་མུ་མཐུད་མདུན་བསྐྱོད་བྱེད་རྒྱུ་ཡིན་པ་འགྲེལ་བརྗོད་ བྱས་འདུག
    འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་དྷ་ས་ནས་བོད་བར་དུ་ཞི་བའི་ གོམ་བགྲོད་ཅིག་འགོ་འཛུགས་བྱས་ཡོད་པ་དང༌། རུ་ཁག་དང་པོ་ཀང་ར་རྫོང་ཁོངས་ནས་རྒྱ་གར་སྐོར་སྲུང་བས་འཇུ་བཟུང་གིས་ཉིན་༢༠ ཙམ་ལ་བཙོན་འཇུག་བྱས་ཡོད་པ་དང༌། དེ་རྗེས་རུ་ཁག་གཉིས་པ་བསྐྱོད་བཞིན་པའི་སྐབས་རྒྱ་གར་གཞུང་གིས་ྋགོང་ས་མཆོག་ལ་ གོམ་བགྲོད་དེ་མཚམས་འཇོག་དགོས་སྐོར་ཞུས་པར་བརྟེན། ྋགོང་ས་མཆོག་གིས་གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ཆེད་ བསྐོང་གིས་མཚམས་འཇོག་དགོས་པར་བཀའ་གནང་རྗེས། གཞོན་ནུ་ཚོགས་པས་ཁས་ལེན་མ་ཞུས་པར་བརྟེན་གོ་སྒྲིག་ཚོགས་ཆུང་ནང་ནས་གནས་སྐབས་ ཕྱིར་འཐེན་བྱེད་དགོས་བྱུང་བ་དང༌། ཚོགས་པ་གཞན་བཞི་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་ནང་འཛུལ་ཞུགས་ཀྱིས་གོམ་ བགྲོད་པ་རྣམས་ལྡི་ལི་བར་དུ་བསྐྱོད་ནས་ཉིན་འགའི་རིང་མཚམས་འཇོག་བྱས་ཡོད་ནའང༌། དེ་རྗེས་ཚོགས་པ་ཁག་གི་བར་གོ་བསྡུར་གནང་རྗེས་ཟླ་འདིའི་ཚེས་༡༩ ཉིན་ལྡི་ལི་ནས་སླར་ཡང་ཚོགས་པ་ལྔ་མཉམ་རུབ་ཀྱིས་ལས་འགུལ་དེ་མུ་མཐུད་བསྐྱོད་ བཞིན་ཡོད་པ་རེད། གོ་སྒྲིག་བྱེད་མཁན་གྱི་ཚོགས་པ་ལྔ་ནི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་དང༌། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་བཅས་ཡིན་པ་དང༌། གོམ་བགྲོད་པ་དང་ཐོག་གི་རུ་ཁག་དང་པོ་དང་གཉིས་པའི་ཐོག་མི་མང་དུ་བཏང་ནས་ད་ལྟ་ ཉིས་བརྒྱ་ལྔ་བཅུ་ཙམ་ཡོད་པ་རེད།།

        བལ་ཡུལ་དུ་ཞུམ་པ་མེད་པའི་བོད་མིའི་ཞི་རྒོལ།

བལ་ཡུལ་ཁུལ་དུ་བོད་མིས་རྒྱ་ནག་གཞུང་ཚབ་མདུན་དུ་ཞི་བའི་ངོ་རྒོལ་སྐད་འབོད་ རྒྱུན་ཆད་མེད་ལ། བལ་བུལ་ཉེན་རྟོག་པས་བཀག་འགོག་བྱས་པ་མ་ཟད། རྡུང་རྡེག་དྲག་པོ་བཏང་ནས་བོད་མི་མང་པོར་རྨས་སྐྱོན་བྱུང་བ་དང༌། དྲན་པ་འཐོར་བ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་རེད།
    ཟླ་འདིའི་ཚེས་༡༦ ཉིན་རྒྱ་ནག་གཞུང་ཚབ་ཁང་རྙིང་པའི་མདུན་དུ་གཞིས་ལུས་བོད་མིར་གདུང་སེམས་མཉམ་ སྐྱེད་ཀྱིས་ཀ་ཐ་མན་གྲུའི་ཁུལ་གྱི་བོད་མི་ཞི་རྒོལ་བ་༡༥༠ ཙམ་སླེབས་ཡོད་པ་དང༌། ཉིན་དེར་རྒྱལ་སྤྱིའི་གསར་འགོད་པ་དེ་ཙམ་སླེབས་མ་ཐུབ་སྟབས་ཉེན་རྟོག་པས་ཚང་མར་ རྡུང་རྡེག་དྲག་པོ་བཏང་སྟེ་མི་གཉིས་ལ་རྨས་སྐྱོན་ཚབས་ཆེན་པོ་ཕོག་སྟེ་གཅིག་ཛ་ དྲག་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་རེད། དེར་རྒྱ་ནག་གཞུང་ཚབ་ཁང་རང་ནས་མི་མང་པོས་པར་ལེན་པ་སོགས་བྱས། བོད་པའི་ནང་ནས་ཀྱང་གསར་འགོད་པ་ཡིན་མདོག་བྱས་ནས་པར་རྒྱག་མཁན་ཧ་ཅང་མང་ལ། ཁོང་ཚོས་ཉེན་རྟོག་པས་ཞི་རྒོལ་བྱེད་མཁན་ལ་བརྡུང་ཚེ་བཀག་པ་དང་ཁ་རྡུང་བཏང་བ། རྡུང་མི་ཆོག་ཟེར་ནས་སྐད་རྒྱག་པ་སོགས་བྱས་ཀྱང༌། ཉེན་རྟོག་པས་རྡུང་རྡེག་མི་བྱེད་རྒྱུར་ཅི་ཡང་མ་ཕན་པར། ད་དུང་ཁོང་ཁྲོ་དྲག་པོས་རྡུང་རྡེག་དེ་བས་མང་དུ་བཏང་ཡོད། ཉིན་དེར་བོད་མི་༡༡༥ འཛིན་བཟུང་བྱས་འདུག དེའི་དགོང་མོར་གཅིག་ཀྱང་གློད་ཀྲོལ་མ་བཏང་པ་བཀག་ཉར་བྱས་ཡོད་པ་རེད།
    ཚེས་༡༧ ཉིན་རྒྱ་གར་དུ་ཨོ་ལིམ་ཕིག་དཔལ་འབར་ཁྱེར་བའི་ཉིན་མོར་རྒྱ་ནག་གཞུང་ཚབ་ཁང་མཐའ་ འཁོར་ཡོངས་རྫོགས་ཉེན་རྟོག་པས་སྲུང་སྐྱོབ་དམ་པོ་བྱས་ཡོད་པ་དང༌། ཞོགས་པ་ཆུ་ཚོད་༡༠ ནས་རྒྱ་ནག་གཞུང་ཚབ་ཁང་རྙིང་པའི་ཉེ་འགྲམ་དུ་བོད་རིགས་གཞོན་སྐྱེས་མི་༣༠ ཙམ་གྱིས་ཞི་བའི་སྐད་འབོད་བྱས་པར་ཉེན་རྟོག་པ་ཧ་ཅང་མང་པོས་འཛིན་བཟུང་བྱས། སླར་ཡང་ཆུ་ཚོད་༢།༣༠ ཐོག་གྲྭ་བཙུན་གཙོས་པས་ཞི་རྒོལ་བྱེད་མཁན་མི་༢༠༠ ལྷག་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་སླེབས་ནས་ཡུན་རིང་ཙམ་ཞི་བའི་སྐད་ འབོད་བྱས་སོང༌། དེའི་ནང་དུ་ཧི་མཱ་ལ་ཡི་མི་རིགས་ཀྱི་གྲྭ་བཙུན་ཧ་ཅང་མང་པོ་འདུག ཉེན་རྟོག་པས་གདུག་རྩུབ་ཆེན་པོས། བུད་མེད་ཚོའི་སྐྲ་ལ་འཇུས་ནས་འཛིན་བཟུང་བྱས་པ་དང༌། སྐྱེས་པ་དང་གྲྭ་བཙུན་དག་གི་རྐང་པར་འཇུས་ནས་འཛིན་བཟུང་བྱས། ཉེན་རྟོག་པ་བུད་མེད་ཀྱིས་ངོ་རྒོལ་བྱེད་མཁན་བུད་མེད་འཛིན་དགོས་པ་དང༌། སྐྱེས་པས་སྐྱེས་པ་འཛིན་དགོས་པའི་སྒྲིག་གཞི་གང་ཡང་མེད་པར་གང་བྱུང་འཛིན་བཟུང་ བྱས། དེར་ཉེན་རྟོག་པས་བཙུན་མ་ཞིག་ལ་བརྡུང་བས་བཙུན་མ་དེས་ཕྱི་རྒྱལ་བ་ཞིག་ལ་འཐམ་ ནས་མ་གློད་སྟབས། ཕྱི་རྒྱལ་དེས་ཉེན་རྟོག་པར་རྡུང་རྡེག་བྱེད་མི་ཆོག་ཚུལ་འགྲེལ་བཤད་བྱས་པར། ཉེན་རྟོག་པས་ཕྱི་རྒྱལ་བ་དེར་རྡུང་རྩིས་བྱས། སླར་ཡང་ཕྱི་རྒྱལ་གསར་འགོད་པ་ཞིག་གིས་བཀག་ནས་ཁྱེད་ཚོ་དུད་འགྲོ་རེད་སོགས་ཟེར་ ནས་སྐད་འབོད་བྱས་སྟབས་ཉེན་རྟོག་པ་མང་པོ་ཞིག་གིས་ཁོའང་རྡུང་གྲབས་བྱས་སོང༌། ཉེན་རྟོག་དཔོན་པོ་ཞིག་གིས་མ་རྡུང་ཟེར་ཁུལ་བྱས་ཀྱང་ཉེན་རྟོག་པ་གཞན་འགའ་ཤས་ ཀྱིས་རྡོག་ཐོ་གཞུས་སོང༌། ཉིན་དེའི་ཆུ་ཚོད་༤ ཙམ་ལ་ཚེས་༡༦ ཉིན་འཛིན་བཟུང་བྱས་ཡོད་པའི་བོད་མི་དེ་དག་གློད་མཚམས་སུ་སླར་ཡང་རྒྱ་ནག་གཞུང་ ཚབ་མདུན་དུ་སྐད་འབོད་བྱས། བོད་མི་དེ་དག་ལ་རྡུང་རྡེག་བྱས་པས་མ་ཚད་ཕྱི་རྒྱལ་གསར་འགོད་པ་དེར་ཡང་བརྡུངས་ ནས་སྟོད་གོས་ཚང་མ་རལ་འདུག ཉིན་དེར་ཞི་རྒོལ་བ་༤༩༧ བཙོན་ཁང་ཁག་བཞིའི་ནང་བཅུག་ཡོད་པ་རེད།
    ཚེས་༡༨ ཉིན་བོད་མི་༡༠༠ ལྷག་ཙམ་རྒྱ་ནག་གཞུང་ཚབ་ཁང་གསར་པར་ཞི་རྒོལ་བྱེད་དུ་ཕྱིན་པ་དང༌། དེར་བོད་མི་ཞི་རྒོལ་བ་ཚོར་རྡུང་རྡེག་དང་འཛིན་བཟུང་བྱས་པས་མ་ཚད། ཕ་ཡུལ་དྲ་རྒྱའི་གསར་འགོད་པ་བསྟན་འཛིན་དང༌། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་ཚེ་དབང་གཉིས་ཀྱང་འཛིན་ བཟུང་བྱས་ཡོད་པ་རེད། ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བྱེད་དགོས་པའི་གནད་དོན་གང་ཡིན་གསལ་བཤད་གང་ ཡང་བྱས་མི་འདུག།
    ཚེས་༢༡ ཉིན་ཕུལ་ཅོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་བོད་མི་༡༤༠ སྐོར་ཞིག་གིས་ཞི་བའི་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་མི་རེ་རེ་བཞིན་དབྱུག་ རྡུང་བྱས་པ་དང༌། འགྲམ་ལྕག་དང་རྡོག་ཐོ་གཞུས་རྒྱུ་ཚང་མའི་གཤིས་ཀ་ལྟ་བུ་ཆགས་ནས་ཉེན་རྟོག་པ་ཕལ་ ཆེར་ལ་དུད་འགྲོ་ཁྱུ་དེད་བྱས་པའི་སྣང་བ་ཙམ་ལས་མི་ཞིག་ལ་བརྡུངས་པའི་སྣང་བ་མི་ འདུག ལས་འགུལ་བ་དྲན་ཤེས་འཐོར་ནས་རིལ་སྐབས་ད་དུང་རྡོག་ཐོས་གཞུས་ནས་ཁོས་དྲན་པ་ཐོར་ རྫུན་བྱེད་ཀྱི་ཡོད་རེད་ཟེར་ནས་ལམ་ཟུར་ལ་གཡུགས་སོང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་སྒོ་ཆེན་འགྲམ་ནས་མི་གཉིས་ཡར་བརྒྱུགས་སྟབས། དེ་གཉིས་ལས་གཅིག་ལ་ཉེན་རྟོག་པ་བདུན་གྱིས་རུབ་བརྒྱབས་ནས་རྡུང་རྡེག་ཚབས་ཆེན་ བྱས་པ་མ་ཟད། འཛིན་བཟུང་བྱས་ནས་རླངས་འཁོར་ནང་ཁྲིད་སྐབས་སུའང་ཉེན་རྟོག་པའི་ཆས་སྤྲས་མེད་ པའི་ཕོ་སར་ཞིག་གིས་ལག་པ་ཡ་གཅིག་གིས་སྐེའི་ཨོག་མ་ནས་བཙིར་ཞིང་ལག་གཡས་པས་ འགྲམ་ལྕག་གཞུས་བཞིན་ཁྲིད་སོང༌། དེར་ལམ་ཟུར་ནས་བལ་ཡུལ་གྱི་ཡུལ་མི་འགའ་ཤས་ཤིག་གིས་ཀྱང་ཉེན་རྟོག་པ་ལ་མ་རྡུང་ ཟེར་ནས་སྐད་བརྒྱབ་ཀྱང་ཅི་ཡང་མ་ཕན། རྒྱུན་དུ་ཞི་བའི་སྐད་འབོད་བྱེད་སྐབས་གཞོན་ནུ་ཚོགས་པའི་མི་ཡིན་ཟེར་བ་འགའ་ རེས་གསར་འགོད་པ་ཡིན་མདོག་བྱས་ནས་ཉེན་རྟོག་པས་རྡུང་རྩིས་བྱེད་སྐབས་བཀག་པ་དང་ རྡུང་མི་ཆོག་ཟེར་ནས་སྐད་བརྒྱག་པ། པར་ལེན་པ་སོགས་བྱས། ཉེན་རྟོག་པས་དངོས་སུ་དྲག་གནོན་བྱེད་སྐབས་སུ་གང་བར་འདུམ་བྱེད་མཁན་མི་འདུག ཕོ་སར་ཞིག་དྲན་པ་ཐོར་ནས་ལམ་ཟུར་དུ་གཡུག་སྐབས་བོད་དོན་ལྟ་ཞིབ་ཁང་གི་ལས་བྱེད་ ཕྱི་རྒྱལ་བ་བུད་མེད་ཞིག་གིས་ཡར་བསླངས་པ་ལས་གཞན་ལྟ་རྟོགས་བྱེད་མཁན་གྱི་ཚོགས་ སྐྱིད་ཁག་གི་ཚོགས་མི་མཐོང་རྒྱུ་མི་འདུག ཉིན་དེར་མི་༡༤༠ འཛིན་བཟུང་བྱས་ཡོད་པ་རེད།།
ཀླུ་ཆུ་ཤིས་ཚང་དུ་ངོ་རྒོལ་དང་འཛིན་བཟུང༌།
འདི་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་མདོ་སྨད་ཀླུ་ཆུའི་ཤིས་ཚང་སེར་སྐྱ་མི་མང་ གིས་ཀྱང་ཐེངས་འགར་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་འཛིན་བཟུང་གང་མང་བྱས་འདུག དེ་ཡང་རྒྱ་གར་དུ་ཡོད་པའི་ཤིས་ཚང་ནས་ཡིན་པའི་སློབ་གཉེར་བ་ཁག་ཅིག་གིས་གནས་ ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༣ ཚེས་༡༦ ཉིན་ཤིས་ཚང་སྒར་གསར་དགོན་པའི་གྲྭ་༢༥༠ ལྷག་གིས་སྣེ་ཁྲིད་འོག་བོད་མི་སྐྱ་སེར་༦༠༠ ཙམ་གྱིས་ཀླུ་ཆུ་རྫོང་གི་ཁྲོམ་གཞུང་དུ་དུས་ཡུན་ཆུ་ཚོད་༢ ལྷག་ལ་ངོ་རྒོལ་སྐད་འབོད་བྱས་ཀྱང༌། རྒྱ་གཞུང་གི་ཉེན་རྟོག་པས་བཀག་འགོག་གང་ཡང་མ་བྱས་པར་ཤིས་ཚང་དགོན་པའི་གྲྭ་བ་ རྣམས་ཀྱིས་མུ་མཐུད་དུ་གོམ་བགྲོད་སྐད་འབོད་ཀྱིས་རྫོང་ཐོག་ནས་ཕྱིར་ལམ་ཐག་ལ་ སྤྱི་ལེ་བརྒྱད་ཡོད།ཤིས་ཚང་དགོན་པའི་ཉེ་འདབས་སུ་ཡོད་པའི་ཤང་སྲིད་གཞུང་དུ་ སོང་ནས་རྒྱ་མིའི་རྒྱལ་དར་ཕབ་ནས། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་ཉིན་དེའི་ལས་འགུལ་མཇུག་སྒྲིལ་བྱས་འདུག ཕྱི་ཚེས་༡༧ ཉིན་རྫོང་ཉེན་རྟོག་པ་དང་འབྲེལ་ཡོད་ལས་བྱེད་མང་པོ་དགོན་པར་སླེབས་ནས་གྲྭ་མང་ བསྡུ་སྐོང་གིས་ལས་འགུལ་འདི་རིགས་སྤེལ་མི་ཆོག་པ་དང༌། དགོན་པའི་ལས་སྣེ་དང་ལྷག་དོན་དཔེ་ཁྲིད་རྒན་སོགས་ཀྱིས་སོ་སོའི་དགེ་ཕྲུག་ཚོར་ སློབ་གསོ་ནན་པོ་གཏོང་དགོས་པའི་བཀོད་ཁྱབ་བཏང༌། ཉིན་དེ་ནས་བཟུང་དགོན་པའི་གྲྭ་པ་སུ་གཅིག་ཀྱང་དགོན་པའི་ཕྱི་ལོགས་སུ་ཐོན་མི་ ཆོག་པའི་བཙན་བཀའ་བཏང་བ་སོགས་དམ་དྲག་ཤུགས་ཆེ་བྱས་འདུག
    ཕྱི་ཚེས་༡༨ ཉིན་ཀླུ་ཆུ་རྫོང་གི་ཉེ་འཁྲིས་སུ་ཆགས་པའི་ཤིས་ཚང་མ་ངེ་སྡེ་བ་དང༌། དཔལ་རྒུར་སྡེ་བ་གཉིས་ཀྱི་གཞོན་སྐྱེས་ཁག་ཅིག་གིས་སྣེ་ཁྲིད་དེ་བོད་མི་རྒན་ གཞོན་༡༠༠༠  ཙམ་གྱིས་རྫོང་གི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱས་ཤིང༌། སྲིད་གཞུང་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་སོགས་ལས་ཁུངས་སོ་སོའི་ར་སྐོར་དུ་ སྒྲེང་འཛུགས་བྱས་པའི་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་སོགས་དུས་ཡུན་ཆུ་ཚོད་༡ ལྷག་ལ་སྐད་འབོད་ཤུགས་ཆེ་བྱས་འདུག ཉིན་འདིར་ཡང་རྒྱ་གཞུང་གིས་དམ་དྲག་དང་བཀག་འགོག་ཅི་ཡང་བྱས་མི་འདུག ཕྱི་ཚེས་༡༩ ཉིན་ཤིས་ཚང་དཔོན་སྐོར་སྡེ་བའི་ཡུལ་མི་༤༠༠ ལྷག་གིས་ངོ་རྒོལ་སྐད་འབོད་ཀྱིས་ཀླུ་ཆུ་རྫོང་ཐོག་ཏུ་འགྲོ་གྲབས་བྱེད་སྐབས་ རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མི་རླངས་འཁོར་གསུམ་ལྷག་ཡོང་སྟེ་མང་ཚོགས་ ཁྲོད་ཆུ་འབྱིན་དུག་རླངས་བཏང་སྟེ་བཀག་འགོག་བྱས་འདུག་ལ། སྐབས་དེར་ངོ་རྒོལ་བ་རྣམས་ཀྱིས་ཡུལ་དེའི་སློབ་གྲྭའི་ར་སྐོར་དུ་སྒྲེང་འཛུགས་ བྱས་པའི་བོད་ཀྱི་རྒྱལ་དར་དེའང་མར་ཕབ་སྟེ་ཉེན་རྟོག་པས་འཕྲོག་འཁྱེར་བྱས་ཡོད་ འདུག དེ་བཞིན་ཤིས་ཚང་བླ་རི་འགུལ་དང་ཐང་ལུང་མདོ་སོགས་ས་གནས་གཞན་དུའང་ཡུལ་མི་རྣམས་ ཀྱིས་ངོ་རྒོལ་སྐད་འབོད་བྱས་འདུག
    ཕྱི་ཟླ་༤ བའི་ཚེས་ཤར་ནས་ཀླུ་ཆུ་མ་ངེས་སྡེ་བའི་ཡུལ་མི་༧༠ ལྷག་འཛིན་བཟུང་བྱས་ཏེ་ཉིན་འགར་རྡུང་རྡེག་དང་ཚ་འདྲི་ལན་མང་བྱས་རྗེས་མི་རེར་ རྒྱ་སྒོར་༣༠༠༠ རེ་བརྩིས་སྡོམ་རྒྱ་སྒོར་ཁྲི་༢༢ ལྷག་གི་ཉེས་ཆད་བཏང་སྟེ་གནས་སྐབས་གློད་གྲོལ་ཙམ་བཏང་ཡོད་ནའང༌། ད་དུང་མུ་མཐུད་དུ་འཛིན་རེས་གློད་རེས་ཀྱིས་ད་ལྟའི་བར་སྔ་ཕྱི་ཐེངས་གསུམ་ལྷག་ ལ་འཇུ་བཟུང་བྱས་ཡོད་འདུག དེ་བཞིན་ཕྱི་ཟླ་༤ ཚེས་༡༥ དགོང་མོར་ཤིས་ཚང་དགོན་པའི་གྲྭ་སངས་རྒྱས་རྒྱ་མཚོ་དང་འཇམ་དཔལ་རྒྱ་མཚོ། འཇམ་དབྱངས་བསྟན་པ། ཆོས་གྲགས། འཇམ་དབྱངས་བསྟན་པ། འཇིགས་མེད་བསྟན་འཛིན། སྐལ་བཟང་བརྩོན་འགྲུས། བསྟན་པ་སོགས་བསྡོམས་གྲྭ་༢༨ འཇུ་བཟུང་བྱས་ཏེ་ཁོ་ཚོ་ད་ལྟ་ཀླུ་ཆུ་རྫོང་གི་བཙོན་ཁང་དུ་བཀག་ཉར་བྱས་འདུག དེ་མིན་ཕྱི་ཟླ་༤ ཚེས་༡༦ དགོང་མོའི་ཆུ་ཚོད་༢ ཐོག་གློ་བུར་དུ་དམག་མི་༡༠༠༠ ལྷག་ཡོང་སྟེ་དགོན་པའི་གྲྭ་ཤག་རེ་རེ་སྔོག་གཤེར་བྱས་འདུག་ལ། སྐབས་དེར་གྲྭ་མཁས་གྲུབ་ཅེས་པའི་ཤག་ནས་སྒོར་མོ་འབོར་ཆེན་ཞིག་ཀྱང་འཕྲོག་ འཁྱེར་བྱས་ཡོད་འདུག དགོང་མོ་དེར་ཡང་བསྐྱར་གྲྭ་འཇམ་དབྱངས་རྒྱ་མཚོ་དང༌། སྐལ་བཟང་ཚུལ་ཁྲིམས། སངས་རྒྱས་རྒྱ་མཚོ། བློ་བཟང་ཚུལ་ཁྲིམས་བཞི་འཇུ་བཟུང་བྱས་འདུག་ལ། ད་ལྟ་ཤིས་ཚང་དགོན་པའི་ནང་དུ་ཉིན་བསྟུད་མར་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ ཀྱི་སློབ་གསོའི་ལས་འགུལ་སྤེལ་བཞིན་ཡོད་འདུག།

        མ་ཉེས་ཁ་གཡོག་ཕོག་པའི་གོ་འཇོ་ཐང་སྐྱ་དགོན།

འབྲེལ་ཡོད་ཁག་ཅིག་ནས་གནས་ཚུལ་བཏང་འབྱོར་ལྟར་ན། ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བརྒྱ་རྩ་ བརྒྱད་ཀྱི་ནང་ཚན། འབྱུང་བ་མེ་ཡི་ཁ་གནོན་མེ་འདུལ་མ་ཕྱི་ལོ་༦༥༣ ལོར་ཁམས་གོ་འཇོ་རུ་བཞེངས་པ་དང༌། ཕྱིས་སུ་ས་གནས་དེ་རུ་ཇོ་བོ་རྗེ་ཡི་དངོས་སློབ་བླ་མ་ག་སྟོན་ཕྱག་ཕུ་བས་ཕྱི་ལོ་ ༡༠༩༦ ལོར་དགོན་པ་ཞིག་ཕྱག་བཏབ་ནས་ཐང་སྐྱ་ཆོས་འཁོར་གླིང་ཞེས་གྲགས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་བཟུང་ཆོས་བརྒྱུད་ས་སྐྱ་པ་ཡིན།
    ཉེ་ཆར་ཕྱི་ཟླ་༣ པའི་ནང་ཁམས་གོ་འཇོ་རྫོང་གི་ས་ཁུལ་ཁག་ཅིག་ལ་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་ ཡོད་དང༌། ཕྱི་ཚེས་༡༧ ཉིན་གོ་འཇོ་རྫོང་ཉེན་རྟོག་དྲག་ཆས་དམག་མི། ཆོས་ལུགས་ཀྱི་ལས་བྱེད་པ་མང་པོ་ཞིག་ཐང་སྐྱ་དགོན་དུ་ཡོང་ནས། ཁོང་ཚོས་དགོན་པའི་ཉེ་འགྲམ་དུ་འབྱོར་ཚེ་རླངས་འཁོར་གྱི་སྟེང་ནས་ཉེན་ཟོན་གློག་ གཞི་དང་ཉེན་བརྡའི་སྐད་ཤུགས་ཆེན་པོ་བཏང་བ་སོགས་འཇིགས་སྐུལ་བྱས། དགོན་ནང་དུ་ཉིན་དུ་མའི་རིང་ཁ་བྲལ་ལ་ངོ་རྒོལ་དང༌། ཏཱ་ལའི་བླ་མས་རྒྱལ་ཁབ་དང་མི་རིགས་ཁ་བྲལ་བཏང་བའི་ལས་ངན་དེ་དག་གི་རྗེས་སུ་ འཇུག་མི་རུང་བ་དང༌། དགོན་པའི་བླ་གྲྭ་རྣམས་ཕན་ཚུན་འགྲོ་བསྐྱོད་བྱེད་མི་ཆོག་པ་དང༌། གལ་ཏེ་འགྲོ་དགོས་བྱུང་ཚེ་རྒྱ་མིའི་ལས་བྱེད་མི་སྣ་ལས་དགོངས་ཞུ་དགོས་པ། གཞན་ཡང་གྲོང་སྡེ་རྣམས་དང་ཡར་མར་འགྲོ་བའི་སྐབས་སྔོག་བཤེར་བྱེད་ཀྱི་ཡོད་འདུག སྟབས་མ་ལེགས་པ་ཞིག་ལ་ཕྱི་ཟླ་༣ ཚེས་༢༨ ཉིན་གྱི་མཚན་མོ་སྐྱ་འབལ་ཤང་མི་མང་སྲིད་གཞུང་གི་ཁང་པའི་སྒོ་དང་སྒེའུ་ཁུང་ སོགས་ལ་གཏོར་སྐྱོན་བཏང་ཡོད་པ་དང༌། གཡག་གི་རྭ་ཅོའི་ནང་དུ་ས་རྡོ་གཏོར་བྱེད་ཀྱི་རྫས་བླུགས་ཏེ་ཁང་པའི་གཡས་གཡོན་ དུ་གཡུགས་ཡོད་པ་དང༌། དེ་དག་ནི་མཚན་མོ་མུན་ནག་གི་ཁྲོད་དུ་བྱུང་བའི་གནས་ཚུལ་ཞིག་ཡིན་པས་སུ་ཞིག་ གིས་བྱས་ཡོད་མེད་མཐོང་མེད་ལ། གནས་ཚུལ་ཁུངས་གསལ་ར་སྤྲོད་གང་ཡང་བྱུང་མེད། གོ་འཇོ་ས་ཁུལ་དུ་དགོན་ཁག་དུ་མ་ཞིག་ཡོད་ཀྱང༌། གྲྭ་པ་མང་ཤོས་ཐང་སྐྱ་དགོན་པ་ཡིན་པས་ཐང་སྐྱ་དགོན་དུ་སླར་ཡང་ཕྱི་ཟླ་༤ ཚེས་༡ ཉིན་ཆབ་མདོ་ནས་དྲག་དམག་རླངས་འཁོར་༢༠ འབྱོར་ནས་གྲྭ་རིན་ཆེན་རྒྱལ་མཚན་ལོ་༢༨ འགྱུར་མེད་དོན་གྲུབ་རང་ལོ་༢༨ བཤད་གྲྭའི་སྐྱོར་དཔོན་རྡོ་རྗེ་དབང་རྒྱལ་རང་ལོ་༣༡ ཡིན་པ་བཅས་ཀྱིས་སྐྱ་འབལ་ཤང་སྲིད་གཞུང་གི་ཁང་པའི་ནང་འབར་རྫས་གཡུག་མཁན་རེད་ ཅེས་འཇུ་བཟུང་བྱས་ཡོད་པ་དང༌། དགོན་པའི་མཐའ་ཡོངས་རྫོགས་དམག་གིས་བསྐོར་ནས་མི་གཅིག་ཀྱང་ཕྱིར་ཐོན་མི་ཆོག་པ་ དང༌། གལ་སྲིད་ཕྱིར་ཐོན་ཚེ་མེ་མདའ་བརྒྱབ་སྟེ་གསོད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་འདུག་ ཀྱང༌། ཕྱི་ཟླ་༤ ཚེས་༣ ཉིན་དགོན་པའི་གྲྭ་པ་རྣམས་ཀྱིས་ང་ཚོ་ཉེས་པ་གང་ཡང་མེད་པས་འཇུ་བཟུང་བྱས་པའི་ གྲྭ་པ་གསུམ་གློད་གྲོལ་གཏོང་དགོས། གལ་སྲིད་མ་བཏང་ཚེ་ང་ཚོ་ཤི་ན་མཉམ་ཤི་དང༌། གསོན་ན་མཉམ་གསོན་བྱེད་ཀྱི་ཡིན། ང་ཚོ་ནི་ཡུན་རིང་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པས་ང་ཚོ་ལ་སྨྲ་བརྗོད་རང་ དབང་དང་ཆོས་དད་རང་དབང་དགོས་པ། བོད་རང་བཙན་དགོས་ཟེར་བ་སོགས་འབོད་ཚིག་བསྒྲགས་ཡོད་པ་དང༌། སླར་ཡང་ཉེན་རྟོག་པས་གྲྭ་ཚེ་བརྟན་ལོ་༣༠ ཀུན་དགའ་ཕུན་ཚོགས་ལོ་༡༩ ཚེ་དབང་ཡེ་ཤེས་ལོ་༢༠ ཚེ་རིང་དབང་འདུས་༡༧ དབང་རྒྱལ་ལོ་༢༡ ཀུན་བཟང་ཚེ་རིང་ལོ་༢༠ ཡིན་པ་བཅས་འཛིན་བཟུང་བྱས་འདུག ད་དུང་གོ་འཇོ་རྫོང་དུ་ཁོང་ཚོ་རླངས་འཁོར་དུ་བཅུག་ནས་ཁྲོམ་སྐོར་བྱས་ཡོད་པ་ དང༌། རྒྱལ་ཁབ་དང་མི་རིགས་ཁ་བྲལ་གཏོང་མཁན་རེད་ཅེས་དང༌། རྗེས་སུའང་འདི་ལྟ་བུའི་གནས་ཚུལ་བྱུང་ན་ཁོང་ཚོ་ནང་བཞིན་བྱེད་ཀྱི་ཡིན། ཁོང་ཚོ་ནི་རང་སྲོག་ལ་རང་གིས་བདག་པོ་རྒྱག་མི་ཐུབ་པའི་མི་རེད་ཅེས་འགྲེལ་ བརྗོད་བྱས་ཡོད་པ་དང༌། ད་ལྟ་གོ་འཇོ་རྫོང་བཙོན་ཁང་དུ་བཅུག་ཡོད་འདུག་ལ། ཐང་སྐྱ་དགོན་དུ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་ཁེངས་ཡོད་འདུག།
དམ་དྲག་འོག་གི་དཔལ་འབར་སྐོར་བསྐྱོད།
འདི་ལོའི་ཕྱི་ཟླ་༨ པའི་ཚེས་༨ ཉིན་པེ་ཅིང་དུ་འཚོག་གཏན་ཁེལ་བའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་ འབར་དེ་རྒྱལ་ཁབ་གང་སར་བརྒྱུད་སྤྲོད་བྱེད་བཞིན་པ་དང་མཉམ་དུ་བོད་རིགས་གཙོས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང༌། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དོན་གཉེར་བ་ཚོས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ ཐང་མེད་པར་བརྟེན། རྒྱ་ནག་ལ་སྐྱོན་བརྗོད་ཀྱི་ངོ་རྒོལ་བྱེད་བཞིན་ཡོད་པ་རེད། དེ་བཞིན་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་གྱི་རྒྱ་གར་བ་ཁག་ཅིག་དེའི་ནང་ནས་ ཕྱིར་འཐེན་བྱས་ཡོད་པ་རེད།
    ཟླ་འདིའི་ཚེས་༡༦ གྱི་དགོང་མོར་དཔལ་འབར་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་གནམ་ཐང་དུ་འབྱོར་མ་ཐག་ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བོད་རང་བཙན་འཐབ་རྩོད་པ་རྣམས་དང༌། བོད་རིགས་སེར་སྐྱ་མི་མང་དཀྱུས་མ་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཙམ་མ་ཟད། གནམ་ཐང་དང༌། དཔལ་འབར་བརྒྱུད་སྤྲོད་བྱེད་སའི་རྒྱ་གར་གྱི་སྒོ་ཆེན་གྱི་ཉེ་ཕྱོགས་སར་ཡོད་ པའི་བོད་རིགས་དང༌། བོད་དོན་རྒྱབ་སྐྱོར་བ་རྣམས་རྒྱ་གར་སྐོར་སྲུང་བས་འཇུ་བཟུང་དང་ཕྱིར་ཕུད་བྱེད་ འགོ་ཚུགས་ཡོད་པ་རེད།
    ཚེས་༡༧ ཉིན་དཔལ་འབར་དངོས་སུ་བརྒྱུད་སྤྲོད་བྱེད་སྐབས་རྒྱ་གར་གྱི་སྐོར་སྲུང་བ་༡༥༠༠༠ ཙམ་འགྲེམས་འཇོག་གིས་ས་གནས་དེར་ལྟད་མོ་ལྟ་མཁན་ཡང་བཏང་མེད་པ་མ་ཟད། ཉིན་གཉིས་ཙམ་གྱི་རིང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་བསྡོམས་༣༠༠ ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་མ་ཟད། ཁ་ཤས་ལ་རྨས་སྐྱོན་ཡང་ཚབས་ཆེན་ཕོག་ཡོད་པའི་ནང་བུད་མེད་གཅིག་གིས་རྐང་པ་བཅག་པ་ དང༌། བུ་གཅིག་གི་ལག་པ་བཅག་ཡོད་འདུག དཔལ་འབར་བརྒྱུད་སྤྲོད་བྱེད་སར་བོད་པ་དང་འབྲེལ་ཡོད་ཀྱི་གསར་འགོད་པ་གཅིག་ཀྱང་ བཏང་མེད་པ་མ་ཟད། རྒྱལ་ཕྱི་ནང་གི་གསར་འགོད་པ་ཁ་ཤས་དང༌། བོད་པའི་གསར་འགོད་པ་གཉིས་ཀྱང་དེའི་སྐབས་བཀག་ཉར་བྱས་ཡོད་ནའང༌། དགོང་མོ་གློད་བཀྲོལ་བཏང་ཡོད་པ་རེད། ཉིན་དེར་དཔལ་འབར་བརྒྱུད་སྤྲོད་བྱེད་སའི་ས་ཐག་ཐུང་དུ་བཏང་ནས་སྤྱི་ལེ་གཉིས་ དང་ཕྱེད་ཀྱི་ནང་སྐོར་སྲུང་བ་ཧ་ཅང་མང་པོའི་དམ་དྲག་འོག་དཔལ་འབར་ལ་བར་ཆད་གང་ ཡང་བྱུང་མེད་ནའང་མི་མང་གིས་ལྟད་མོ་ལྟ་ཐུབ་མེད་པ་རེད།
    བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གོ་སྒྲིག་འོག་ལྡི་ལི་ས་གནས་ཀྱི་ བོད་པ་དང༌། རྒྱ་གར་ས་གནས་གཞན་ནས་ཡོང་བའི་བོད་པ་ཧ་ཅང་མང་པོ་འདུ་འཛོམས་བྱུང་སྟེ། རྒྱ་ནག་གིས་བོད་ནང་དུ་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ་དང༌། བོད་ནང་དུ་རྒྱལ་སྤྱིའི་རྟོག་ཞིབ་པ་དང༌། གསར་འགོད་པ་སོགས་གཏོང་དགོས་པའི་འབོད་སྐུལ་གྱི་ལས་འགུལ་འདྲ་མིན་སྤེལ་བཞིན་ ཡོད་པ་ལྟར། ཉིན་དེར་ཡང་ལྡི་ལི་ཇན་ཏར་མན་ཏར་དུ་བོད་རང་དབང་གི་སྒྲོན་མེ་ཁྱེར་ཏེ་ཁྲོམ་ སྐོར་བྱས་ཡོད་པ་དང༌། དེའི་སྐབས་རྒྱ་གར་གྱི་བློན་ཆེན་ཟུར་པ་དང༌། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་དོན་དང་འབྲེལ་བའི་གསུང་བཤད་ གནང་ཡོད་པ་དང༌། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མང་པོ་མཉམ་ཞུགས་བྱས་ཡོད་པ་རེད།།

    དགུང་ཞག་བཞི་བཅུ་ཞེ་དགུ།

 འདི་ལོར་བོད་ནང་དུ་རྒྱ་གཞུང་གིས་བོད་མི་དམར་གསོད་བྱས་པ་ནས་བཟུང༌། དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་དགོངས་རྫོགས་སྨོན་ལམ་གསུང་བཞིན་ཡོད་པ་ལྟར། ཟླ་འདིའི་ཚེས་༢༨ ཉིན་དགུང་ཞག་བཞི་བཅུ་ཞེ་དགུ་ཚང་བའི་ཉིན་དེར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། དཔལ་རྒྱལ་དབང་ཀརྨ་པ་རྣམ་གཉིས་དབུ་བཞུགས་ཐོག་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ བསྔོ་སྨོན་ཟབ་རྒྱས་གསུངས་ཡོད་པ་རེད། དེ་བཞིན་ཉིན་དེར་བོད་རིགས་གནས་སྡོད་བྱེད་སའི་ས་གནས་གང་སར་བོད་གཞུང་མང་ཛ་ དྲག་ཚོགས་ཆུང་གི་གོ་སྒྲིག་འོག་བསྔོ་སྨོན་ཟབ་རྒྱས་འཚོགས་ཡོད་པ་རེད།།
རྒྱ་ནག་གིས་ྋགོང་ས་མཆོག་གི་སྐུ་ཚབ་དང་ཐུག་འདོད་ཡོད་ཟེར།
འདི་ལོ་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིར་དྲག་གནོན་ དང་དམར་གསོད་གང་མང་བཏང་ཡོད་ནའང༌། བོད་ཀྱི་ས་གནས་གང་སར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མ་ཆད་པ་དང༌། ྋགོང་ས་མཆོག་གིས་དབུས་བོད་གཞུང་དང༌། ཕྱི་སྡོད་བོད་རིགས་རྣམས་ཀྱིས་བོད་དེ་ཛ་དྲག་གི་གནས་སྟངས་འོག་ནས་སྐྱོབ་ཐབས་ དགོས་པའི་ཞི་འབོད་བྱས་ནས་ཟླ་གཅིག་དང་ཉིན་བཅོ་ལྔ་འགྲོ་བཞིན་པའི་སྐབས་ཏེ། ཟླ་འདིའི་ཚེས་༢༥ ཉིན་རྒྱ་ནག་གི་ངོས་ནས་ྋགོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་ཞི་མོལ་གནང་འདོད་ ཡོད་སྐོར་གྱི་གནས་ཚུལ་རྒྱ་ནག་གཞུང་འབྲེལ་གྱི་ཤིན་ཧྭ་གསར་ཁང་གིས་སྤེལ་ཡོད་པ་ རེད།    གསལ་བསྒྲགས་དེའི་ནང་དུ་ྋགོང་ས་མཆོག་གིས་རང་བཙན་འཐབ་རྩོད་དང༌། ཨོ་ལིམ་ཕིག་རྩེད་འགྲན་ལ་སྔོན་འགོག ད་ལྟའི་བོད་ནང་གི་དྲག་སྤྱོད་པའི་ལས་འགུལ་བཅས་མཚམས་འཇོག་དགོས་སྐོར་འཁོད་ཡོད་ པ་རེད། ཡིན་ནའང་ྋགོང་ས་མཆོག་གི་ངོས་ནས་བོད་རང་བཙན་རྩོད་ཀྱི་མེད་པ་དང༌། ཨོ་ལིམ་ཕིག་ལ་རྒྱབ་སྐྱོར་ཡོད་པ། བོད་ནང་གི་ངོ་རྒོལ་ལས་འགུལ་དེར་ྋགོང་ས་མཆོག་དང་འབྲེལ་བ་གང་ཡང་མེད་སྐོར་ སྔོན་ནས་རྒྱལ་སྤྱིའི་ཐོག་ཏུ་ཡོངས་གྲགས་ཡིན་པ་རེད།
    ཟླ་འདིའི་ཚེས་༢༥ ཉིན་ྋགོང་ས་མཆོག་གིས་གྲོས་མོལ་བྱས་ནས་བོད་ནང་གི་བོད་མི་ཚོའི་དཀའ་ངལ་སེལ་ ཐབས་ཀྱི་ཐབས་ཤེས་བྱེད་དགོས་ཀྱི་རེད། གྲོས་མོལ་གནང་འདོད་ཡོད། ཡིན་ནའང་རྒྱལ་སྤྱིའི་ཐོག་ཏུ་གྲོས་མོལ་བྱེད་རྒྱུ་ཡོད་མདོག་གི་རྣམ་འགྱུར་ སྟོན་པ་ཙམ་གྱི་ཆེད་དུ་ཡིན་ན། དོན་མེད་ཆགས་རྒྱུ་རེད་ཅེས་བཀའ་གནང་ཡོད་པ་རེད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་གནང་ བའི་ནང་ྋགོང་ས་མཆོག་གིས་ཕྱི་ཟླ་༣ པའི་ཚེས་༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ཕྱག་འཕྲིན་ཕུལ་བའི་ནང་བོད་ནང་ཞི་ འཇགས་དགོས་པ་དང༌། བོད་ནང་སྐུ་ཚབ་གཏོང་དགོས་པའི་སྐོར་བཀའ་གནང་ཡོད་པ་རེད། རྒྱ་ནག་གཞུང་དང་ྋགོང་ས་མཆོག་གི་སྐུ་ཚབ་བར་གྲོས་མོལ་མ་གནང་སྔོན་དུ་བོད་ནང་ གི་གནས་སྟངས་སྔར་རྒྱུན་ཡོང་དགོས་རྒྱུ་དང༌། དེ་བཞིན་ྋགོང་ས་མཆོག་གི་བཟང་ཕྱོགས་ཀྱི་མཛད་འཕྲིན་གང་ཡིན་པ་དེ་རྒྱ་ནག་གིས་ ངོས་འཛིན་གནང་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་འཁོད་ཡོད་པ་རེད། ཚེས་༢༥ དགོང་མོ་གསར་འགོད་པས་བཀའ་ཁྲི་མཆོག་ལ་གནད་དོན་དེའི་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་¿རྒྱ་ནག་གིས་སྐུ་ཚབ་རྣམས་དང་མཇལ་རྒྱུ་ཡིན་གསུངས་པ་དེ་ཡག་པོ་རེད་ བསམ་གྱི་ཡོད། དགའ་བསུ་ཞུ་ཡི་ཡོད། ྋགོང་ས་མཆོག་གིས་ཐོག་མ་ནས་རྒྱ་ནག་གི་འགོ་ཁྲིད་རྣམ་པ་སྤྱི་དང༌། ལྷག་པར་དུ་ཧུའུ་ཅིན་ཐའོ་ལ་ཕྱག་འཕྲིན་གནང་བའི་སྐབས་ལ། དགོས་གལ་བྱུང་ན་ང་ཚོའི་སྐུ་ཚབ་གཏོང་གི་ཡིན་ཅེས་བཀའ་གནང་ཡོད་པ་རེད། ད་རེས་སྐུ་ཚབ་མཇལ་རྒྱུ་ཡིན་གསུངས་པ་དེས་ང་ཚོའི་རྩ་དོན་གྱི་ཐོག་ལ་བཀའ་བསྡུར་ གནང་རྒྱུའི་གོ་སྐབས་ཤིག་ཡོང་གི་རེད་བསམ་གྱི་མི་འདུག་མོད། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་ཚུལ་འདི་ཚོའི་སྐོར་ཞི་འཇམ་ཕྱོགས་གཉིས་ཆ་ནས་ བཟོ་རྒྱུའི་ཐབས་ཤེས་བྱེད་ཐུབ་ཀྱི་རེད། དེ་ཚོའི་ཐོག་ལ་བཀའ་བསྡུར་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་¿ཅེས་ལན་འདེབས་གནང་ ཡོད་པ་རེད།
    ད་ལྟ་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་གི་སྐུ་ཚབ་དང་མཉམ་དུ་གྲོས་མོལ་གནང་རྒྱུ་ ཡིན་གསུངས་པ་དེར་དགའ་བསུ་ཞུས་པ་དང་སྦྲགས་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་ཡོང་ དགོས་སྐོར་རྒྱལ་ཁབ་མང་པོའི་དཔོན་རིགས་ཚོས་གསུང་གི་ཡོད་པ་དང༌། ཆབ་སྲིད་དབྱེ་ཞིབ་པ་རྣམས་ཀྱིས་ད་ལྟའི་འབྲེལ་བ་འདི་རྒྱ་ནག་གིས་ཨོ་ལིམ་ཕིག་ རྩེད་འགྲན་སྐབས་རྒྱ་ནག་ནང་དང་བོད་ནང་ལྷིང་འཇགས་ཡོང་ཐབས་ལ་དམིགས་པ་ལས་རྒྱུ་ མཚན་གཞན་མེད་སྐོར་གསུང་མཁན་དང༌། རྒྱ་ནག་ལ་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན། ཞི་མོལ་བྱེད་རྒྱུ་གསལ་བསྒྲགས་བྱས་པ་རེད་གསུང་མཁན། ཡང་རྒྱ་ནག་གིས་ད་རེས་བོད་ནང་གི་ས་གནས་གང་སར་ཞི་རྒོལ་གྱི་རྣམ་པ་ཤུགས་ཆེན་པོ་ བྱུང་བ་ལ་བརྟེན་ནས་བོད་ནང་གི་གནད་དོན་དེ་དངོས་སུ་ངོས་ཟིན་ནས་འབྲེལ་བ་བྱེད་ འདོད་ཡོད་པ་ཞིག་རེད་ཅེས་སོགས་བསམ་ཚུལ་འདྲ་མིན་འདོན་བཞིན་ཡོད་པ་རེད།།  

སོག་རྫོང་ཆམ་བུ་དགུ་གྲུབ་འཇུ་བཟུང༌།

ཟླ་༤ ཚེས་༡༧ ཉིན་ཁམས་སོག་རྫོང་གཡང་ངེ་ཤང་དུ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་སྐབས། གཡོ་ནག་གྲོང་ཚོའི་ཆམ་བུ་དགུ་གྲུབ་ཞེས་པའི་རང་ལོ་༥༢ ཅན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་པ་རེད། ཁོང་གིས་དང་པོ་ནང་ནས་ཐོན་སྐབས་ྋགོང་ས་མཆོག་གི་སྐུ་པར་ཞིག་དང༌། སྟག་ལྤགས་དང་གཟིག་ལྤགས་ཀྱི་རྒྱན་གོས། ས་སྣུམ་འགྱིག་དམ་གང་བཅས་ཁྱེར་ནས་ནང་མིར་ཅི་ཡང་མ་བཤད་པར་ཐད་ཀར་ཤང་གི་ཚོགས་ འདུར་ཕྱིན་ཡོད་འདུག རྒྱ་ནག་གཞུང་གིས་ལས་བྱེད་པས་ཁ་བྲལ་རིང་ལུགས་ཏཱ་ལའི་རུ་ཚོགས་ཀྱི་རྒྱ་བོད་ གཉིས་ཀྱི་བར་དཀྲུག་ཤིང་རྒྱག་གི་ཡོད་རེད། ཁོ་ཚོའི་ལྐོག་གཡོ་ངན་ཇུས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་ྋགོང་ས་མཆོག་ལ་མཚན་སྨད་ བྱེད་དགོས་པའི་བཙན་བཀའ་གཏོང་སྐབས། ཆམ་བུ་དགུ་གྲུབ་ཡར་ལངས་ཏེ་སྟག་ལྤགས་གཟིག་ལྤགས་ཁྱེར་ཡོད་པ་དེ་དག་གི་ཐོག་ས་ སྣུམ་བླུགས་ཏེ་མེ་སྦར་བ་དང༌། ྋགོང་ས་མཆོག་གི་སྐུ་པར་ཞིག་ཨམ་ཕྲག་ནས་བཏོན་ཏེ་ཁ་བཏགས་ཞིག་གཡོག་ནས། ༡༩༥༩ ནས་ད་བར་དུ་གུང་ཁྲན་ཏང་གིས་བོད་མི་མང་ལ་མགོ་སྐོར་བཏང༌། བོད་མི་བསད། མི་རིགས་ཁ་བྲལ་བཏང་ཡོད་པ་རེད། ང་ཚོ་ཁ་བྲལ་ཁྱོད་རང་ཚོས་བཏང་སོང༌། ྋརྒྱལ་བ་རིན་པོ་ཆེ་ང་ཚོའི་རྩ་བའི་བླ་མ་རེད་ལ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ དབུ་ཁྲིད་རེད། དེ་ལ་ཁྱེད་ཚོས་དགག་པ་རྒྱོབས་ལབ་ན་རྩ་བ་ནས་འགྲིག་གི་མ་རེད། ཁྱེད་རང་ཚོས་ག་དུས་ཡིན་ནའང་ང་ཚོ་གྲངས་ཉུང་མི་རིགས་ལ་ཐུབ་ཚོད་གཏོང་གི་འདུག ྋགོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག བོད་རང་བཙན་ཡིན། ཁྱེད་ཚོས་ང་ཚོ་བོད་མིར་བཙན་གནོན་བྱེད་མི་དགོས། ང་ཚོ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་མི་ཁྱེད་ཚོ་མར་ལོག་སོང༌། ཟེར་ནས་སྐད་འབོད་བྱས་པས། དེ་མ་ཐག་འཛིན་བཟུང་བྱས་ནས་ལྷ་སར་ཁྲིད་ཡོད་འདུག དེ་རྗེས་ཁོང་གི་ནང་དུ་སྔོག་བཤེར་བྱེད་སྐབས་ྋགོང་ས་མཆོག་གི་བཀའ་སློབ་བརྙན་ འཁོར་ཁ་ཤས་དང་གྲྭ་པ་ཁ་ཤས་ཀྱི་པར་སོགས་ཐོན་པས། དེང་སྐབས་གྲྭ་པ་དེ་དག་ལ་འདྲི་བརྩད་བྱེད་བཞིན་པ་ཡིན་འདུག སོག་རྫོང་ཐོག་ཡོངས་རྫོགས་དམག་གི་སྐོར་ནས་དེང་སྐབས་དམ་དྲག་ཆེ་རུ་བཏང་ཡོད་པ་ རེད། སོག་རྫོང་ཅུང་པ་ནས་ཡིན་པ་མོ་ཊ་གཏོང་མཁན་ཞིག་གི་མོ་ཊའི་ནང་ྋགོང་ས་མཆོག་གི་ སྐུ་པར་ཞིག་ཐོན་པར་བརྟེན་ཁོ་རང་འཛིན་བཟུང་གིས་ལོ་བདུན་གྱི་ཁྲིམས་ཐག་བཅད་ ཡོད་འདུག ལྷག་པར་དུ་ྋགོང་ས་མཆོག་གི་སྐུ་པར་སྐེ་ལ་བཏགས་ཡོད་པ་མཐོང་ཚེ་ལོ་ལྔ་ནས་བདུན་ པར་བཙོན་འཇུག་བྱེད་ཀྱི་ཡོད་འདུག།

    སེར་ཤུལ་ཁྲི་ཟུར་དོ་དམ་འོག་ཡོད་པ།

སེར་བྱེས་སེར་ཤུལ་ཤག་ཚང་གྲྭ་ཐུབ་བསྟན་སྨན་བླ་ལགས་ལ་ཁ་པར་བརྒྱུད་ནས་གནས་ཚུལ་ གོ་བ་འདི་གར་མཁོ་སྤྲོད་གནང་དོན། ད་ལྟ་རྫ་སེར་ཤུལ་ཁྲི་ཟུར་ཐུབ་བསྟན་སྙན་གྲགས་མཆོག་རྒྱ་ནག་གི་དོ་དམ་ཉེན་ཁའི་ འོག་ཡོད་འདུག
    ཕྱི་ཟླ་༣ པའི་ཚེས་༢༢ ཡས་མས་སུ། རྒྱ་ནག་དམར་པོའི་གཞུང་གི་གནད་ཡོད་མི་སྣ་དང༌། ས་གནས་རྫོང་གི་དཔོན་རིགས་ཀྱིས་མི་མང་ལ་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཚོར་ངོ་ རྒོལ་བྱེད་དགོས་པའི་སློབ་གསོ་གཏོང་ཆེད་སེར་ཤུལ་དགོན་དུ་འབྱོར་སྐབས་དེར་སེར་ ཤུལ་ཁྲི་ཟུར་ཐུབ་བསྟན་སྙན་གྲགས་མཆོག་གིས་གསུངས་དོན། ད་རེས་དོན་རྐྱེན་འདི་ཏཱ་ལའི་བླ་མས་ངན་སྐུལ་བྱས་པ་ཡིན་ཚུལ་བཤད་པ་དེ་ཁུངས་ ལུང་མེད་པའི་སྐད་ཆ་རེད་ཅེས་དང༌། རྒྱ་རིགས་མང་པོ་ང་ཚོའི་ས་ཆར་སླེབས་ནས་ས་ཆ་བདག་བཟུང་བྱས་པ་དང༌། བོད་པ་ཚོར་ཤེས་ཡོན་གྱི་གོ་སྐབས་མ་སྤྲད་པ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ལས་ བརྒྱུད་སྐུལ་བྱེད་མཁན་སུ་གང་ཡོད་པ་མ་རེད། ཉེ་སྔོན་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་བོད་ས་གང་སར་དམར་གསོད་བཏང་བའི་བོད་མི་ ཚོར་བསྔོ་སྨོན་དང༌། གངས་ལྗོངས་བསྟན་སྲིད་ཀྱི་ཆེད་གངས་ལྗོངས་སྨོན་ལམ་ཆེན་མོ་སླར་ཡང་འཚོག་རྒྱུ་ ཡིན། ངས་རྒྱ་བོད་གཉིས་ཀའི་མིའི་ཚེ་སྲོག་གི་རིན་ཐང་ལ་བསམ་ནས། ད་ལྟ་སེར་ཤུལ་སེར་སྐྱ་མང་ཚོགས་འཁྲུག་རྩོད་འཚེ་བའི་ལས་ལ་ཞུགས་བཅུག་མེད་ཀྱང༌། ང་ཚོའི་བོད་རིགས་བསད་ཟིན་པ་ཚོ་ཡིན་ནའང་འདྲ། གསོན་པོར་ཡོད་མཁན་ཡིན་ནའང་འདྲ། རང་གི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རྩ་བའི་བླ་མ་མཇལ་འདོད་ཡོད་པ། སེམས་ནང་གི་སྡུག་བསྔལ་ཡོད་པ་གཅིག་མཚུངས་ཡིན། ང་ཚོའི་མངོན་འདོད་ཀྱང་གཅིག་མཚུངས་ཡིན། རྒྱ་ནག་གཞུང་གིས་མགྱོགས་མྱུར་ྋགོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཞི་ བའི་གྲོས་མོལ་བྱེད་དགོས་ཀྱི་ཡོད། ངས་དོན་ཚན་འདི་གཉིས་རྫོང་དང་ཤང་གི་འགོ་ཁྲིད་རིམ་པ་ཚོ་བརྒྱུད་དེ་རྒྱ་ནག་ དབུས་གཞུང་ལ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག ཡང་ཁོང་གིས་སེར་སྐྱ་མང་ཚོགས་ལ། ངས་བཤད་པ་དེ་ལྟར་ཡིན་ནམ་མིན། ཞེས་དྲིས་སྐབས། དེ་ལྟར་ཡིན་ཞེས་དང་གངས་རི་ར་བས་བསྐོར་བའི་ཞེས་སོགས་བསྐྱོར་ཏེ་ཁོང་ལ་རྒྱབ་ སྐྱོར་དང༌། མི་མང་གི་མངོན་འདོད་གསལ་སྟོན་ཤུགས་ཆེར་བྱས་འདུག ཁོང་ད་ལྟ་རྒྱ་དམར་གཞུང་གིས་བཙན་བཀའ་བཏང་བ་ལྟར་དར་མདོར་ཚོགས་འདུར་ཕེབས་དགོས་ བྱུང་ཡོད་འདུག ཚོགས་འདུར་ཕེབས་སྐབས་ཁོང་བཞུགས་སའི་མགྲོན་ཁང་རྒྱ་དམག་གིས་ཉིན་མཚན་མེད་པར་ བསྐོར་འདུག་ལ། དེང་སྐབས་རིན་པོ་ཆེ་གང་དུ་ཕེབས་ཀྱང་དྲག་ཆས་ཉེན་རྟོག་པས་རྗེས་འདེད་དང་དོ་དམ་ འཇུ་བཟུང་གི་ཉེན་ཁའི་འོག་ཏུ་ཡོད་འདུག།
མེ་སོར་གསར་འགོད་པས།

དམར་པོའི་དྲག་གནོན་འོག་ནས་རང་ཤི།

    སེར་བྱེས་བྱ་བྲལ་ཁམས་ཚན་གྱི་བློ་བཟང་འཇིགས་མེད་ལགས་ཀྱིས་འདི་གར་ཁུངས་ལྡན་ གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཚེས་༢༨ ཉིན་དབོན་པོ་དགོན་དགའ་ལྡན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་ཉེ་འདབས་ཀྱི་ གྲོང་སྡེའི་ནང་རྒྱ་དམག་གིས་སྔོག་བཤེར་བྱས་ཏེ། ྋརྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་ཡོད་པ་རྣམས་གཏོར་བཅོམ་དང་བཙན་འཕྲོག་བྱེད་ སྐབས། སྤྲི་ལྷ་མོ་ཟེར་བའི་བུད་མེད་ཅིག་གིས་མིག་ནས་མཆི་མ་འཐོར་བཞིན། ྋརྒྱལ་བ་རིན་པོ་ཆེ་ནི་ང་ཚོའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན། ཁོང་མྱུར་ཏུ་བོད་ལ་གདན་འདྲེན་ཞུ་དགོས། ཁོང་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཁོང་གི་སྐུ་པར་ང་ཚོས་ཕྱག་མཆོད་ཀྱི་རྟེན་དུ་བཤམ་མི་ཆོག་པའི་རྒྱུ་མཚན་དང༌། ཨ་དྲེལ་བླ་མ་རིན་པོ་ཆེ་དང༌། ང་ཚོའི་དགོན་པའི་གྲྭ་པ་ཐམས་ཅད་ཁྱེད་ཚོས་འཇུ་བཟུང་བྱེད་དགོས་དོན་གང་ཡིན་ཞེས་ ངར་ཤུགས་དྲག་པོས་བཤད་རྗེས། སྐེ་ཐག་པས་བསྡམས་ནས་རང་ཤི་བརྒྱབ་ཡོད་འདུག
    ཟླ་འདིའི་ཚེས་༢༠ ཉིན་དབོན་པོ་དགོན་གྱི་དགེ་འདུན་པ་རྣམས་རྒྱ་དམར་གྱིས་བཙན་དབང་འོག་རྫ་སྨད་ ཆུས་ཐོག་ཏུ་ཚོགས་འདུ་སྐོང་འཚོགས་བྱས་ནས། ༡ དར་དམར་འོག་གི་དམ་བཅའ། ༢ ཏཱ་ལའི་ཁ་བྲལ་བར་ངོ་རྒོལ། ༣ མེས་རྒྱལ་གོང་བུ་གཅིག་གྱུར་ལ་ཤུགས་སྣོན། ༤ ལྷ་སའི་གཏོར་བཅོམ་དྲག་སྤྱོད་པའི་རྗེས་སུ་མི་འབྲང་བ་བཅས་དོན་ཚན་བཞི་ཁྱབ་ བསྒྲགས་བྱས་ཡོད་པ་རེད། གོང་གི་དར་དམར་འོག་གི་དམ་བཅའ་ཞེས་པའི་དོན་ཚན་ལྟར་ཚེས་༢༡ ཉིན་དབོན་པོ་ཡུལ་དགོན་གཉིས་ཀྱི་སེར་སྐྱ་མང་ཚོགས་དགོན་ནང་དུ་འདུ་འཛོམས་བྱས་ ཏེ། དགོན་པའི་འདུ་ཁང་ཡང་སྟེང་དུ་དར་དམར་བསྒྲེངས་ཤིང༌། རྒྱ་གཞུང་ལ་དགའ་བའི་རྣམ་པ་སྟོན་དགོས་པའི་བཙན་བཀའ་བཏང་ཡང༌། ཉིན་དེར་མི་མང་གཅིག་ཀྱང་དགོན་ནང་དུ་མ་ཡོང་བ་མ་ཟད། དགེ་བསྐོས་ལགས་ཀྱིས་ངའི་སྐེ་བཅད་ཀྱང་རྒྱ་མིའི་རྒྱལ་དར་བསྒྲེངས་འཛུགས་མི་ བྱེད་གསུངས་ནས་དགེ་འདུན་པ་རྣམས་དགོན་པར་མ་བཞུགས་པར་རུ་ནང་དུ་ཕེབས་པ་སོགས་ ངོ་རྒོལ་བྱས་སྟབས། ཉིན་དེར་སྐར་ལྔའི་དར་དམར་བསྒྲེང་འཛུགས་མ་ཐུབ་པར་ཕྱི་ཚེས་༥ ནས་༩ བར་དུ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད་འདུག ཚེས་༢༥ ཉིན་དབོན་པོ་རྫ་ཉིན་ནས་ཡིན་པ་འབྲུག་ཤུལ་ཡིད་རྡོ་དང༌། རྫ་སྲིབ་ནས་ཡིན་པ་དམར་སྐམ་སྐད་དར། འབའ་ལུགས་སྐྱབས་གསུམ་བཅས་ཆབ་སྲིད་ཀྱི་ཉེས་མིང་འོག་གཅར་རྡུང་ཚད་མེད་བྱས་ཏེ་ རྒྱ་དམག་གིས་འཇུ་བཟུང་བྱས་འདུག ཚེས་༢༦ ཉིན་ཕྱི་ཟླ་༣ པའི་ནང་དུ་འཇུ་བཟུང་བྱས་ཟིན་པའི་རྒན་བློ་བཟང་དོན་གྲུབ་དང༌། དགེ་སྐོས་བློ་བཟང་ཡར་འཕེལ་གཉིས་ཀྱི་བཞུགས་ཤག་སླར་ཡང་རྒྱ་དམག་གིས་སྔོག་བཤེར་ བྱས་ཏེ། ནང་གི་ཅ་ལག་རྣམས་ཐོ་འགོད་དང་བཞུགས་ཤག་གི་བཀོད་པ་ས་ཁྲར་ཕབས་ཤིང་མི་རྣམས་ལ་ དྲི་བརྩད་དང་ཉེས་རྡུང་བྱས། ཉིན་དེར་དགོན་པ་སྤྱི་ལ་ཡི་གེ་སྣུམ་དཔར་རྒྱག་བྱེད་འཕྲུལ་ཆས་ལེགས་པ་གཉིས་ཡོད་ པ་ཡང་བཙན་འཕྲོག་བྱས་འདུག ཡང་དགུང་ལོ་བདུན་ཅུར་ཕེབས་པའི་དགེ་སློང་བསོད་ནམས་སྙན་གྲགས་ཞུ་བ་ཞིག་གིས་ རྒྱ་དམར་གྱིས་བཙན་གནོད་འོག་ཏུ་བོད་མི་རིགས་ཀྱི་སྡུག་བསྔལ་འདི་བཟོད་ཐུབ་མི་ འདུག་གསུང་བཞིན་ད་ལྟ་སྨྱོན་པ་ཆགས་ཡོད་འདུག
    ཉེ་ཆར་ལྷ་སའི་སེ་འབྲས་དགའ་གསུམ་གྱི་གྲྭ་རྒྱུན་ཐམས་ཅད་འཇུ་བཟུང་བྱེད་སྐབས། སྙན་གྲགས་ཅན་གྱི་མདོ་ཁམས་འཇང་དགུན་ཆོས་གསར་འཛུགས་གནང་མཁན་རྒན་དགྲ་ལྷ་ལགས་ ཀྱིས་གཙོས་སེར་འབྲས་གཉིས་ན་བཞུགས་པའི་དབོན་པོའི་གྲྭ་རྒྱུན་ཐམས་ཅད་རྒྱ་དམག་ གིས་འཇུ་བཟུང་བྱས་འདུག་པའི་ཁུངས་ལྡན་གནས་ཚུལ་བྱུང་ཡོད་པ་རེད།། མེ་སོར་གསར་འགོད་པས།


    བོད་ནང་དུ་མུ་མཐུད་འཇུ་བཟུང་བཙོན་འཇུག

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༢༨ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང༌། རྫ་ཁོག་བར་མ་ས་གནས་ཀྱི་བོད་མི་ཚོས་ཉེ་དུས་འཛིན་བཟུང་བྱས་པའི་རྫ་དགོན་གསར་ དགོན་གྱི་གྲྭ་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་ངོ་རྒོལ་ཆེད་འདུ་འཛོམས་ བྱེད་སྐབས། རྒྱ་དམག་འབོར་ཆེན་བཀྲམ་སྟེ་བཀག་འགོག་བྱས་ཐོག གནད་ཡོད་དཔོན་རིགས་ཁག་གིས་ཁ་ཏ་བྱས་ཡོད་འདུག
    གནས་ཚུལ་དེའི་ཡོང་སྟངས་ནི། ཉེ་སྔོན་རྒྱ་གཞུང་གིས་དགོན་པ་དེའི་གྲྭ་པ་ཚོར་ྋགོང་ས་མཆོག་ལ་དགག་པ་རྒྱག་ དགོས་པའི་ས་ཡིག་བསྡུ་ལེན་ཐེངས་གཉིས་བྱས་ཀྱང༌། གྲྭ་མང་གིས་ཁས་ལེན་རྩ་བ་ནས་མ་བྱས་པར་བརྟེན། ཟླ་༤ ཚེས་༢༦ ཉིན་དགོན་གསར་དགོན་གྱི་མཁན་ཟུར་བཀྲ་ཤིས་རྒྱལ་མཚན་དང་དབུ་མཛད་བསམ་འཕེལ་གཉིས་ འཛིན་བཟུང་བྱས་པ་དང༌། ཚེས་༢༧ ཉིན་དགོན་པ་དེའི་དཔེ་ཆའི་དགེ་རྒན་བློ་བཟང་དོན་ཡོད་དང༌། ཕུར་དགའ། བཀྲ་རྣམ་བཅས་འཛིན་བཟུང་བྱས་ཡོད་པ་རེད། གོང་གསལ་འཛིན་བཟུང་བྱས་པའི་ཁོངས་ནས་ཕུར་དགའ་དང་བཀྲ་རྣམ་གཉིས་ཚེས་༢༨ ཉིན་གློད་ཡོད་ནའང༌། གཞན་རྣམས་སྡེ་དགེ་རྫོང་དུ་ཁྲིད་པར་བརྟེན། བོད་མི་ཚོས་རྫོང་ལ་སོང་སྟེ་ངོ་རྒོལ་བྱ་རྩིས་ཀྱི་གོང་གསལ་གནས་ཚུལ་དེ་བྱུང་བ་ རེད། ཚེས་༢༨ ཉིན་གྱི་མཚན་མོ་ཆུ་ཚོད་༡ ཐོག་ཉེན་རྟོག་པ་དང་ལས་དོན་རུ་ཁག་སྣུམ་འཁོར་ཆུང་གྲས་༡༠ སླེབས་ཏེ་ཚེས་༢༩ ཉིན་གནས་ཚུལ་ལ་བསྐྱར་ཞིབ་ནན་པོ་བྱ་རྒྱུ་ཡིན་པ་དང༌། ས་ལ་ཐིག་མཚམས་ཤིག་བྲིས་ཏེ་གྲྭ་པ་རྣམས་དེ་མན་འགྲོ་མི་ཆོག་པའི་བཙན་བཀའ་བཏང་ འདུག
    དེ་སྔོན་སེ་ར་དགོན་པ་ནས་འཛིན་བཟུང་བྱས་པའི་གྲྭ་པ་༤༠༠ སྐོར་གྱི་ནང་ནས་དགེ་བསྐོས་ཁོ་ན་གློད་བཀྲོལ་བཏང་བ་ལས་གཞན་ཡོངས་རྫོགས་ད་ལྟ་ གར་ཡོད་ཤེས་རྟོགས་མེད་པ་རེད། ཚེས་༢༩ ཉིན་རྒྱ་གཞུང་གིས་བོད་མི་༡༧ ལ་ཉུང་མཐའ་ལོ་གསུམ་ནས་མང་མཐའ་ཚེ་བཙོན་བར་གྱི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ ཡོད་ཅིང༌། ཁྲིམས་གཅོད་བྱེད་སྟངས་འདི་རིགས་ལ་བོད་མི་དང་རྒྱལ་སྤྱིའི་མི་མང་གིས་ངོས་ལེན་ ནམ་ཡང་ཐོབ་མི་ཐུབ། གལ་ཏེ་རྒྱ་ནག་གཞུང་ལ་གདེང་སྤོབས་ཡོད་ན། བོད་མིར་ཁྲིམས་དོན་གྱི་རོགས་རམ་བྱ་འདོད་ཡོད་པའི་རྒྱ་རིགས་ཁྲིམས་རྩོད་པ་དེ་ དག་ལ་བཀག་འགོག་བྱེད་དགོས་དོན་ག་རེ་ཡིན་ནམ་ཅེས་སྤེལ་ཡོད་པ་རེད།།

        བཙུན་མ་གཉིས་འཇུ་བཟུང་དང་རྒྱ་ནག་གི་བཀའ་རྒྱ།

ཟླ་འདིའི་ཚེས་༢༣ ཉིན་གྱི་ཉིན་གུང་ཙམ་ལ་ཁམས་དཀར་མཛེས་རྫོང་བྲག་དཀར་དགོན་པའི་བཙུན་མ་ལྷ་དགའ་ ཟེར་བ་ལོ་༣༢ ལ་སོན་པ་ཞིག་དང༌། བསོད་ནམས་བདེ་སྐྱིད་ཟེར་བ་རང་ལོ་༣༠ སོན་པ་གཉིས་ཀྱིས་དཀར་མཛེས་རྫོང་དུ་ཞི་བའི་སྐད་འབོད་གནང་ཞོར་རླུང་རྟ་དང་མཉམ་ དུ་བོད་རང་བཙན་ཡིན། ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ལག་བྲིས་ཀྱི་ཤོག་བུ་ གཏོར་ཡོད་པ་དང༌། དེ་འཕྲལ་རྒྱ་གཞུང་གི་ཉེན་རྟོག་པ་སླེབས་ཏེ་ཁོང་གཉིས་འཛིན་བཟུང་བྱས་ཏེ། ད་ལྟ་གང་དུ་བཀག་ཉར་བྱས་ཡོད་པའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད།
    རྒྱ་ནག་གཞུང་གིས་ཉིན་མང་སྔོན་ནས་ཁམས་ཉག་རོང་རྫོང་གི་དགོན་སྡེ་ཁག་གི་སྟེང་ རྒྱ་ནག་གི་སྐར་ལྔའི་དར་དམར་སྒྲེང་འཛུགས་དགོས་པའི་བཙན་ཤེད་ཤུགས་ཆེན་བྱས་ན་ ཡང༌། དེ་ཁུལ་དགོན་སྡེ་ཁག་གིས་མོས་མཐུན་རྩ་བ་ནས་མ་བྱས་པར་བརྟེན་ད་བར་དར་དམར་ འཛུགས་ཐུབ་མེད་འདུག
    ཟླ་འདིའི་ཚེས་༢༤ ཉིན་རྒྱ་གཞུང་གིས་བོད་ཁུལ་དུ་བརྟན་ལྷིང་ལ་གནོད་སྐྱོན་གཏོང་བའི་དཀྲོག་གཏམ་ བཟོ་མི་ཆོག་པ་དང༌། དཀྲོག་གཏམ་བཟོ་མཁན་རྩད་ཆོད་ན་ཁྲིམས་གཅོད་ནན་པོ་བྱ་རྒྱུ། གུང་ཁྲན་ཏང་མི་ཚོས་དཀྲོག་གཏམ་སྤེལ་མཁན་སུ་ཡིན་རྩད་གཅོད་དང་དོགས་ཟོན་བྱ་ དགོས་པའི་བཀའ་རྒྱ་བཏང་ཡོད་འདུག དཀྲོག་གཏམ་ཟེར་བ་ལས་ནང་དོན་གསལ་བཤད་བྱས་མེད་ནའང༌། དེ་ནི་གཙོ་བོ་རྒྱལ་སྤྱིའི་སྟེང་བོད་དོན་གྱི་གནས་ཚུལ་མང་པོ་ཁྱབ་བཞིན་པ་རྣམས་ བོད་དུ་མི་དང་མི་བརྒྱུད་དེ་ཁྱབ་སྤེལ་བྱེད་རྒྱུ་བཀག་འགོག་གི་ཆེད་དུ་ཡིན་འདུག བོད་ནང་གི་ཛ་དྲག་གནས་སྟངས་ཕྱི་ཕྱོགས་སུ་བཤད་པ་དང༌། རླུང་འཕྲིན་ཉན་པ་སོགས་ཀྱི་དོན་རྐྱེན་འོག་འཇུ་བཟུང་བྱས་པའང་བོད་ཀྱི་ས་གནས་ གང་སར་འབྱུང་བཞིན་ཡོད་པ་རེད།
    ལྷ་ས་ཁུལ་དུ་བོད་མི་ཚོར་དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པ་དཔེར་ན། བོད་མི་ཚོར་ཐེམ་ཐོ་དང་གྲོང་མི་ཨུ་ཡོན་ལྷན་ཁང་ཞེས་པས་སྤྲད་པའི་ལག་འཁྱེར་ ཁྱེར་མེད་ཚེ་སྔོ་ཚལ་ཉོ་སར་འགྲོ་མི་ཆོག་ཀྱང༌། རྒྱ་རིགས་རྣམས་ལ་བཀག་འགོག་གང་ཡང་མེད་པར་རང་འདོད་ཀྱིས་བསྐྱོད་ཆོག་གི་ཡོད་ འདུག།

མགོ་ལོག་ས་ཁུལ་དུ་བོད་མི་འཛིན་བཟུང༌།

ཕྱི་ཟླ་༤ ཚེས་༡༩ དགོང་མོ་མགོ་ལོག་གཅིག་སྒྲིལ་རྫོང་སྨིན་ཐང་དགོན་པ་རྒྱ་དམག་འབོར་ཆེན་གྱིས་ བསྐོར་ཏེ་གྲྭ་ཤག་ཚང་མ་སྔོག་བཤེར་གྱིས་ྋགོང་ས་མཆོག་གི་སྐུ་པར་མཐོང་ཚད་བཅག་ འཕྲོག་དང༌། པར་ཆས་མཐོང་ཚད་འཕྲོག་ཡོད་འདུག མཚན་མོ་དེར་མི་མང་༥༠ ཙམ་འཛིན་བཟུང་གིས་མི་༢༧ གཅིག་སྒྲིལ་རྫོང་བཙོན་ཁང་དུ་བཀག་ཉར་བྱས་པ་དང༌། གཞན་རྣམས་སྨིན་ཐང་ཤང་དུ་བཀག་ཉར་བྱས་ཡོད་འདུག་ཀྱང་ད་ལྟ་གནས་ཚུལ་གསལ་པོ་མི་ འདུག  
ཕྱི་ཟླ་༤ ཚེས་༣ གྱི་དགོང་དྲོ་མགོ་ལོག་དར་ལག་རྫོང་ཁོངས་དཔོན་སྐོར་ཤང་སྟོད་ནས་མི་ ༩ འཛིན་བཟུང་བྱས་ཡོད་པས་མཚོན་ད་དུང་བོད་མི་རྒྱུན་ཆད་མེད་པར་འཛིན་བཟུང་བྱེད་ བཞིན་ཡོད་འདུག་པ་དང༌། རྒྱ་གཞུང་གིས་རི་མགོར་བྲོས་པ་རྣམས་མགོ་འདོགས་བྱས་ན་གུ་ཡངས་ཡོད་སྐོར་ཡང་ཡང་ བཤད་འདུག་ཀྱང༌། རི་མགོར་བྲོས་མཁན་༥༠༠ ཙམ་ནས་གཉིས་ཀྱིས་མགོ་བཏགས་ཞུས་སྐབས་རྡུང་རྡེག་བཏང་ནས་དར་ལག་རྫོང་ཐོག་ཏུ་ བསྐྱལ་ཡོད་པ་དང༌། གཞན་གཅིག་གིས་ཀྱང་མགོ་འདོགས་མ་ཞུས་པར། ང་ཚོའི་ལུང་པར་བདེན་པ་བཤད་མཁན་གྱི་གསར་འགོད་པ་དང་གནས་ཚུལ་རྟོག་ཞིག་བྱེད་ མཁན་ཞིག་མངགས་རོགས་གྱིས། དེ་ནས་བདེན་རྫུན་དབྱེ་བ་ཤེས་རྒྱུ་རེད་ཅེས་སོགས་འབོད་བསྐུལ་ཞུ་བཞིན་ཡོད་འདུག
རྒྱ་ནག་གསར་ལམ་ཁག་གི་སྤེལ་གནས་ལྟར་ན། ཕྱི་ཟླ་༤ ཚེས་༢༣ ཉིན་ནས་བོད་དུ་ཡུལ་སྐོར་སྤྲོ་འཆམ་བསྐྱར་གསོ་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ ཡོད་ཀྱང༌། རྒྱ་མི་གཅིག་པུ་ལས་ཕྱི་རྒྱལ་བ་ད་དུང་བོད་དུ་འགྲོ་ཆོག་གི་ཡོད་པ་མ་རེད།།

ཇོ་མོ་གླང་མ་ནས་བོད་དོན་རྒྱབ་སྐྱོར་བ་ཕྱིར་སློག

ཨོ་ལིམ་ཕིག་ དཔལ་འབར་བརྒྱུད་སྤྲོད་བྱེད་ས་གང་སར་སྐོར་སྲུང་བས་སྲུང་སྐྱོབ་ནན་པོ་བྱས་ཡོད་ པ་དང༌། དཔལ་འབར་དེ་ཇོ་མོ་གླང་མའི་རྩེ་རུ་མ་སླེབས་བར་བལ་ཡུལ་གཞུང་གི་ངོས་ནས་ཕྱི་ རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་དང༌། གངས་འཛེགས་པར་བཀག་འགོག་ནན་པོ་བྱེད་བཞིན་ཡོད་པ་མ་ཟད། མི་ཊར་༦༠༠ ཡན་ལ་གངས་རི་འཛེག་མཁན་སུ་གང་ཡང་འགྲོ་ཆོག་གི་མེད་པ་རེད།
    ཤར་ཁུམ་བུ་ལའི་རི་རྒྱུད་དུ་རྒྱ་མིའི་དམག་མི་ཧ་ཅང་མང་པོ་བཀྲམ་ཡོད་པ་དང༌། བལ་གཞུང་ངོས་ནས་ཀྱང་དམག་མི་༢༥ བཞག་ཡོད་པ་རེད། དེར་གངས་འཛེགས་མཁན་དང་ལྟ་སྐོར་བ་སོགས་ཀྱིས་མཚོན་འགྲུལ་པ་འགྲོ་མཁན་ཡོད་ཚད་ ཀྱི་བཅའ་ལག་སྔོག་བཤེར་བྱེད་ཀྱི་ཡོད་སྟབས། ཟླ་འདིའི་ཚེས་༢༡ ཉིན་ཨ་རི་བ་གངས་རི་འཛེགས་མཁན་ཝིལིམ་བྷརནཏི་ཧོལེནཌ་ཟེར་བ་ཞིག་གི་སྟོད་ཕད་ནས་ བོད་རང་བཙན་ཞེས་བྲིས་པའི་འཕྲེད་དར་ཞིག་ཡོད་པའི་རྐྱེན་གྱིས་ཇོ་མོ་གླང་མའི་ གངས་འདབས་ནས་ཕྱིར་བསློགས་པ་དང༌། ཟླ་འདིའི་ཚེས་༢༧ ཉིན་བལ་གཞུང་ཡུལ་སྐོར་དང་རིག་གཞུང་བློན་ཆེན་གྱི་མགྲིན་ཚབ་པས་གསུང་དོན། བལ་གཞུང་ངོས་ནས་ཨ་རི་བ་དེར་ལོ་གཉིས་ཀྱི་རིང་བལ་ཡུལ་གྱི་གངས་རི་གང་ལའང་ འཛེགས་མི་ཆོག་པའི་ཉེས་ཆད་བཏང་ཡོད་པ་རེད་ཟེར། ཉིན་དེར་གནམ་ཐང་བར་དུ་བསྐྱལ་ནས་ཨ་རིར་ཕྱིར་སློག་བྱས་ཡོད་པ་དང༌། ད་རེས་ཀྱི་རི་འཛེགས་པ་ཇོ་མོ་གླང་མའི་འདབས་ནས་རྒྱ་གཞུང་ལ་ངོ་རྒོལ་དོན་རྐྱེན་ གྱིས་ཕྱིར་སློག་བྱས་པ་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པ་རེད། །
བལ་ཡུལ་གསར་འགོད་པས།

Share this:
༡༣༤ ཀློག་གྲངས།