ཕྱི་ཟླ་གསུམ་པ།

ད་ལྟའི་ཆར་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ཐོག་ལ་དཀའ་ལས་ཁག་པོ་ཞིག་ཆགས་ཡོད་པས་སྤྱི་འཐུས་ཚང་མས་མཉམ་ཞུགས་གནང་དགོས་པ་དང༌། ལྷག་པར་དུ་ྋགོང་ས་མཆོག་གི་གསུང་འཕྲིན་གཞི་ལ་བཞག་ནས་ལས་དོན་ག་འདྲ་ཞིག་བསྒྲུབ་དགོས་མིན་ལ་ཐུགས་སྣང་དགོས་པ་གལ་ཆེན་པོ་ཡིན་པ། དེ་བཞིན་བོད་ནང་གི་གནས་སྟངས་ལ་མཚོན་ན་ལི་ཐང་ཁུལ་གྱི་དཔའ་བོ་རུང་རྒྱས་ཨ་གྲགས་ཀྱི་དོན་རྐྱེན་དང༌། ཉེ་བའི་ཆར་བྱུང་བའི་མདོ་སྨད་རེབ་ཀོང་གི་དོན་རྐྱེན་སོགས་ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་མང་པོ་ཞིག་ཡོད་པ་དང༌། མ་ཤེས་པའི་གནས་ཚུལ་ཡང་ཧ་ཅང་མང་པོ་ཞིག་ཡོད་ངེས་སོགས་ལ་བརྟེན་བོད་ནང་གི་བོད་མི་རྣམས་ལ་རང་དབང་དང་བདེ་སྐྱིད་མེད་པའི་གནས་སྟངས་གསལ་པོ་མཚོན་གྱི་ཡོད་པ་རེད། གཞིས་བཞུགས་བོད་མི་རྣམས་ལ་རེ་ལྟོས་བཅོལ་ཡུལ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། ཁོང་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ཡིན་པའི་སྐོར་དང༌། རྒྱ་ནག་གི་ངོས་ནས་ཀྱང་བོད་མི་རིགས་ལ་སེམས་ཆགས་ས་ཞིག་དང་ཡིད་ཆེས་འཕེར་བ་ཞིག་དགོས་སྐོར། ད་བར་དེ་ལྟར་མ་བྱུང་བ་དང༌། རྒྱལ་སྤྱིའི་སྟེང་ནས་བོད་དོན་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས་ཨོ་ལིམ་ཕིག་རྩེད་འགྲན་གྱི་སྐབས་སུ་བོད་དོན་དྲིལ་བསྒྲགས་བྱེད་རྒྱུའི་གོ་སྐབས་ཤིག་འཚོལ་གྱི་ཡོད་པ་དང༌། བཙན་བྱོལ་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཞིས་ཀྱང་རང་རང་གི་ལྟ་ཚུལ་དང་དམིགས་ཡུལ་གཞི་རྩར་བཞག་ནས་བོད་བར་དུ་གོམ་བགྲོད་བྱེད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ་དེར་སྤྱི་འཐུས་རྣམས་མི་མང་གི་སྐུ་ཚབ་ཡིན་སྟབས་ཐུགས་སྣང་གནང་དགོས་སྐོར། གྲོས་ཚོགས་ཟིན་པའི་རྗེས་སུ་དེ་དག་གཞི་རྩར་བཞག་ནས་སྤྱི་འཐུས་རྣམས་ནང་ཁུལ་ཚོགས་འདུ་ཉིན་ལྔའི་རིང་འཚོག་རྒྱུ་ཡིན་པས་ད་ལྟ་ནས་བསམ་བློ་གཏོང་དགོས་པ་སོགས་གསུང་བཤད་གནང་ཡོད་པ་རེད།
དེ་བཞིན་སྔ་འགྱུར་བསྟན་པའི་མངའ་བདག་ྋསྨན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པ་དང༌། བོད་དོན་རྒྱབ་སྐྱོར་བ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་མཚན་སྙན་ཅན་སྐུ་ཞབས་ཊོམ་ ལེན་ཊོསི་མཆོག་སྐུ་གཤེགས་པ། མདོ་སྨད་སྤྱི་ཟུར་མགོན་པོ་དོན་གྲུབ་ལགས་སྐུ་གཤེགས་པ་བཅས་ལ་རེ་རེ་བཞིན་གཞུང་འབྲེལ་མྱ་ངན་གུས་བཏུད་ཀྱི་གྲོས་ཆོད་རེ་བཞག་པ་དང༌། སྐར་མ་རེ་རེར་ཚང་མ་སྐུ་བཞེངས་ཐོག་ངག་བཅད་ཀྱིས་མྱ་ངན་གུས་བཏུད་ཞུས་ཡོད་པ་རེད། སྐབས་འདིའི་གྲོས་ཚོགས་ནི་ཕྱི་ཚེས་༤ ནས་༡༥ བར་ལས་དུས་ཉིན་གྲངས་༡༠ རིང་འཚོག་རྒྱུ་ཡིན་པ་རེད།།

ཀྲང་ཆིང་ལི་ཡི་འཁྱོག་བཤད་ལ་ལན་འདེབས།

ྋགོང་ས་མཆོག་གིས་རྒྱ་ནག་ཏུ་འཚོག་རྒྱུའི་ཨོ་ལིམ་ཕིག་རྩེད་འགྲན་ལ་འགོག་རྐྱེན་བཟོ་ཡི་ཡོད་སྐོར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཀྲང་ཆིང་ལི་ཡིས་བརྗོད་ཡོད་པ་དང༌། ཟླ་འདིའི་ཚེས་༨ ཉིན་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ྋགོང་ས་མཆོག་གིས་རྒྱལ་སྤྱིའི་རྩེད་འགྲན་ཨོ་ལིམ་ཕིག་རྒྱ་ནག་པེ་ཅིང་དུ་འཚོག་རྒྱུར་སྔ་ཕྱི་བར་གསུམ་དུ་རྒྱབ་སྐྱོར་གནང་ཡོད་པ་དང༌། ཨོ་ལིམ་ཕིག་གི་རྩེད་འགྲན་དེ་རང་དབང་དང་འཆམ་མཐུན་གྱི་མཚོན་རྟགས་ཤིག་ཡིན་པས། ཁྲིམས་ཀྱི་ལམ་སྲོལ་དང༌། སྨྲ་བརྗོད་ཀྱི་རང་དབང༌། གསར་འགོད་ཀྱི་རང་དབང་དེ་ཚོ་ཡར་རྒྱས་གཏོང་དགོས་པའི་བཀའ་གནང་ཡོད་པ་ལས་ཀྲང་ཆིང་ལིས་བཤད་པ་དེ་བདེན་པ་མ་ཡིན་པའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།།


གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ།

རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང༌། ༡༩༥༩ ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་རྒྱ་ནག་ལ་ངོ་རྒོལ་གྱི་བོད་མིས་སྒེར་ལངས་བྱས་ནས་ལོ་༤༩ འཁོར་བའི་དུས་དྲན་དེ། ཟླ་འདིའི་ཚེས་༡༠ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་གཞུང་མང་གཉིས་ནས་སྲུང་བརྩི་གནང་ཡོད་པ་རེད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋགོང་ས་མཆོག་བཞུགས་ཁྲིར་ཞབས་སོར་འཁོད་པ་དང༌། བོད་གཞུང་ཟློས་གར་གྱི་རོལ་དབྱངས་དང་སྦྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞིན་པར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་འཛུགས་མཛད་ཡོད་པ་རེད།
    ྋགོང་ས་མཆོག་གིས་གསུམ་བཅུའི་དུས་དྲན་ཐེངས་༤༩ པའི་ཐོག་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང༌། དེ་རྗེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་གནང་རྗེས་གཞུང་འབྲེལ་མཛད་སྒོ་གྲོལ་ཡོད་པ་རེད། གཞུང་འབྲེལ་མཛད་སྒོ་དེར་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དང༌། རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ། བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ་སོགས་ཀྱིས་དབུས་སེར་སྐྱ་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་རེད།།

    བོད་ནང་དུ་གསུམ་བཅུའི་དུས་དྲན་སྐབས་ཀྱི་ལས་འགུལ།

གསུམ་བཅུའི་དུས་དྲན་ཐེངས་ཞེ་དགུའི་ཉིན་མོ་དང་སྟབས་བསྟུན་ནས། བོད་ནང་གི་ས་གནས་མང་པོར་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཡོད་པ་དང༌། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། འབྲས་སྤུངས་དགོན་པའི་དགེ་འདུན་པ་སུམ་བརྒྱ་ཙམ་གྱིས་རྒྱ་ནག་གི་དྲག་གནོན་དང་དམ་དྲག ལྷག་དོན་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གསེར་གྱི་གཟེངས་རྟགས་ཕུལ་བའི་སྐབས་སུ་འབྲས་སྤུངས་དགོན་པར་དཀར་རྩི་བཏང་བ་སོགས་ཀྱི་དོན་རྐྱེན་འོག་དགེ་འདུན་པ་ཁག་ཅིག་འཛིན་བཟུང་དོ་དམ་བྱས་པ་རྣམས་གློད་བཀྲོལ་གྱི་ཆེད་དུ་ངོ་རྒོལ་དང་འབོད་སྐུལ་གྱིས་ཁོང་རྣམས་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་འགག་སྒོ་ལས་ཁུངས་ཀྱི་སྒོ་འགྲམ་དུ་འབྱོར་མཚམས་དྲག་ཆས་སྤྲས་པའི་ཉེན་རྟོག་དམག་མི་འབོར་ཆེན་ཡོང་ནས་བཀག་འགོག་བྱས་པ་མ་ཟད་དྲག་གནོན་ཤུགས་ཆེ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང༌། བོད་མི་ཁག་ཅིག་གིས་ཉེན་རྟོག་པ་དང༌། དམག་མིའི་མོ་ཊ་༢༠ ཙམ་དང་མྱུར་སྐྱོབ་ཀྱི་སྣུམ་འཁོར་ཁ་ཤས་ཛ་དྲག་གི་ཐོག་ནས་ས་ཁུལ་དེར་བཏང་བ་དངོས་སུ་མཐོང་ཡོད་འདུག གནས་ཚུལ་དེ་བྱུང་མཚམས་སུ་ལྷ་སའི་ས་ཁུལ་དུ་ཡོད་པའི་བོད་ཀྱི་དགོན་པ་ཁག་དུ་དྲག་ཆས་ཉེན་རྟོག་པ་དང༌། དམག་མི་བཀྲམ་ནས། དགེ་འདུན་པ་དང་བཙུན་མ་སུ་ཡང་དགོན་པའི་ཕྱི་ལོག་ལ་ཐོན་མི་ཆོག་པ་གསལ་བསྒྲགས་བྱས་འདུག འབྲས་སྤུངས་དགོན་པའི་དགེ་འདུན་པ་ལྔ་བཅུ་ནས་དྲུག་བཅུ་ཙམ་འཛིན་བཟུང་བྱས་ཡོད་པ་དང༌། དེ་ཚོའི་གནས་སྟངས་གང་འདྲ་ཡིན་མིན་གསལ་པོ་ཤེས་རྟོགས་བྱུང་མ་སོང༌།    དེ་བཞིན་གྲྭ་བ་དགུ་དང༌། མི་སྐྱ་གཉིས་བཅས་ཀྱིས་ལྷ་སའི་བར་སྐོར་ཇོ་བོའི་དབུ་སྐྲའི་མདུན་དུ་བོད་ཀྱི་རྒྱལ་དར་ཆེན་པོ་གཅིག་དང་ཆུང་བ་གཉིས་འཕྱར་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པ་དང༌། བར་སྐོར་ཉེན་རྟོག་རུ་ཁག་གིས་བོད་པ་དེ་དག་འཛིན་བཟུང་བྱེད་པའི་སྐབས། རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་དང༌། སྐབས་དེར་བར་སྐོར་ནང་གི་མི་མང་གིས་ཀྱང་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་དང༌། དེར་བསྡོམས་པའི་མི་བཅུ་བཞི་བཅོ་ལྔ་ཙམ་འཇུག་བཟུང་བྱས་པའི་གནས་ཚུལ་འདུག
    ཉིན་དེར་མདོ་སྨད་མཚོ་སྔོན་བ་ཡན་དཔའ་ལུང་རྫོང་ཁོངས་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་དགོན་དུ་གྲྭ་པ་སུམ་བརྒྱ་ཙམ་གྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། གནས་ཚུལ་ཞིབ་ཕྲ་རྗེས་སུ་རྩད་གཅོད་བྱ་རྒྱུ་ཡིན།
    དེ་བཞིན་མདོ་སྨད་མང་ར་རྫོང་ཁོངས་ཀླུ་ཚང་དགོན་པའི་གྲྭ་ཉིས་བརྒྱ་ཙམ་གྱིས་བོད་དོན་ཆེད་སྐད་འབོད་གནང་སྟེ་མང་ར་རྫོང་གི་ཁྲོམ་འགོ་ནས་ཀི་ལོ་མི་ཊར་༡༢ ཙམ་ལ་བསྐྱོད་ཐུབ་ཡོད་པ་དང༌། དེའི་སྐབས་དགོན་པའི་ལས་སྣེ་ཁག་ཅིག་གིས་དེ་ལྟར་མ་བྱས་ན་ལེགས་ཚུལ་གྱིས་ལམ་སྟོན་བྱས་མཐར་མཚམས་འཇོག་བྱས་པ་དང༌། ཉེན་རྟོག་པས་ཁོང་ཚོར་རྗེས་འདེད་ཀྱིས་དགོན་པའི་ནང་དུ་བསྐྱལ་ཡོད་འདུག རྫོང་སྲིད་གཞུང་དང༌། ཆོས་དོན་ལས་ཁུངས། སྤྱི་བདེ་ལས་ཁུངས་བཅས་ཀྱིས་ལས་འགུལ་དེའི་རིགས་འགོག་ཐབས་སུ་ཚོགས་འདུ་ཞིག་འཚོག་བཞིན་ཡོད་པ་དང༌། ད་ལྟ་མི་དངོས་སུ་འཇུ་བཟུང་བྱས་མེད་ནའང༌། མ་འོངས་པར་ཁོ་ཚོ་འཇུ་བཟུང་བྱེད་སྲིད་པར་མང་ཚོགས་ཀྱིས་བློ་འཚབ་བྱེད་བཞིན་ཡོད་པ་རེད།
 བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་བྱམས་པ་ཕུན་ཚོགས་ཀྱིས་ཕྱི་རྒྱལ་གསར་འགོད་པར་བོད་ནང་གི་གནས་ཚུལ་དེ་མི་སྣ་ཉུང་ཤས་ཤིག་གིས་བྱས་པ་རེད། དྲག་གནོན་སོགས་མི་དགོས་པའི་ཐོག་ནས་ཞི་འཇགས་བཏང་ཡོད་ཚུལ་བཤད་ཡོད་ནའང༌། བོད་ནང་གི་མི་མང་གིས་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།།

བོད་མིས་རྒྱ་ནག་གི་རྒྱལ་དར་མར་ཕབ་པ།

ཁེ་ན་ཌའི་རྒྱལ་སར་བོད་མིའི་གསུམ་བཅུའི་དུས་དྲན་སྐབས་ཡུལ་དེར་གནས་སྡོད་བྱེད་མཁན་གྱི་ས་གནས་བོད་ཀྱི་གཞོན་ནུ་དང༌། བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཆུ་བཞི་སྒང་དྲུག་བཅས་ཀྱིས་གོ་སྒྲིག་འོག་བོད་རིགས་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་ཀྱི་མདུན་དུ་སྐད་འབོད་ངོ་རྒོལ་བྱེད་བཞིན་པའི་སྐབས། རང་ལོ་༡༨ ཡིན་པ་བསྟན་འཛིན་བདེ་ལེགས་དང༌། རང་ལོ་༡༧ ཡིན་པའི་ངག་དབང་གྲགས་པ་གཉིས་ཀྱིས་རྒྱང་གྲགས་ཁྱེར་ཏེ་རྒྱ་ནག་གཞུང་ཚབ་ཀྱི་རྒྱབ་ངོས་སུ་ཡར་འཛེགས་པ་དང༌། ཁང་ཐོག་ཏུ་རྒྱ་ནག་གི་རྒྱལ་དར་མར་ཕབ་ནས་བོད་ཀྱི་རྒྱལ་དར་ཡར་འཕྱར་ཞིང༌། བོད་རང་བཙན་ཡིན་པའི་སྐད་འབོད་བྱས་ཡོད་པ་རེད། སྐབས་དེར་དམག་མི་ཡོང་ནས་ཁོང་གཉིས་འཛིན་བཟུང་བྱས་ཡོད་ནའང༌། དཀའ་ངལ་ཆེན་པོ་མ་འཕྲད་པར་དགོང་མོ་དེར་གློད་གྲོལ་བཏང་ཡོད་པ་རེད།།

    ཞི་བའི་གོམ་བགྲོད་དངོས་སུ་འགོ་འཛུགས་གནང་ཡོད་པ་རེད།

དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་༤༩ པའི་གཞུང་འབྲེལ་མཛད་སྒོ་གྲོལ་མ་ཐག གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་དབུ་འབྱེད་གནང་ཡོད་པ་དང༌། དེའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཨེ་ཊ་ལིའི་གྲོས་ཚོགས་འཐུས་མི་ཞིག་དང་ཕྱག་རོགས་གཉིས། རྒྱ་གར་གྱི་ཧི་མ་ལ་ཡའི་ནང་མི་ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང༌། རྒྱ་གར་ལྷོ་ཕྱོགས་ནས་ཆེད་ཕེབས་གནང་བའི་བོད་དོན་རྒྱབ་སྐྱོར་བ་ཨཱ་ཤཱ་རེ་ཌི་སོགས་ཕེབས་ཡོད་པ་རེད། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གི་དབུས་གྲོས་ཚོགས་འཐུས་མི་ཁག་ཅིག་ཀྱང་ཕེབས་ཡོད་པ་དང༌། བོད་ཀྱི་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ངག་དབང་འོད་འབར་ལགས་ཀྱིས་མི་མང་སྒེར་ལངས་ཆེན་མོའི་ལས་འགུལ་ངོ་སྤྲོད་གསུང་བཤད་གནང་སྐབས། རྒྱལ་སྤྱིའི་རྩེད་འགྲན་གྱི་གོ་སྐབས་བླངས་ནས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་གསར་སྟོན་བྱེད་ཆེད་དང༌། བོད་ལ་རྒྱ་མི་སླེབས་རྗེས་ཡར་རྒྱས་བཏང་བ་དང༌། བདེ་སྐྱིད་ཀྱི་ཉི་མ་ཤར་ཡོད་ཅེས་བོད་རིགས་མང་པོ་རྒྱ་ནག་ཏུ་ཁྲིད་ནས་ཆབ་སྲིད་ཀྱི་ཟློས་གར་འཁྲབ་འཇུག་རྒྱུའི་གྲ་སྒྲིག་ཡོད་པ་རེད། དེ་འདྲའི་རྒྱ་ནག་གི་གཡོ་ཇུས་དེ་དག་ལ་བལྟས་ཡོང་དུས། ང་ཚོས་བདེན་པ་ར་སྤྲོད་ཀྱིས་བོད་ནང་དུ་དཀའ་ངལ་ཡོད་པ་དང༌། རྒྱ་ནག་གིས་བོད་དེ་ཧམ་བཟུང་བྱས་ཡོད་པ། རྒྱ་མི་བོད་ལ་སླེབས་རྗེས་བོད་ཀྱི་ཆོས་དང་རིག་གཞུང༌། ཁོར་ཡུག་སོགས་ཉམས་ཆག་ཤུགས་ཆེན་བཏང་ཡོད་པའི་སྐོར་རྒྱལ་སྤྱིའི་མི་མང་ལ་ར་སྤྲོད་བྱེད་ཐུབ་དགོས་པ། ལས་འགུལ་གྱི་དམིགས་ཡུལ་བོད་ནང་གི་མི་མང་ཚོའི་མངོན་འདོད་དང་རེ་བ་ལ་གཞིར་བཞག་གིས། བོད་ནང་གི་དཀའ་ངལ་སེལ་ཐུབ་པ། བོད་གཞིས་བྱེས་མཉམ་འཛོམས་ཡོང་ཐབས། ང་རང་ཚོས་ས་ཆ་ང་རང་ཚོས་བདག་བཟུང་དང༌། འཛིན་སྐྱོང་ང་རང་ཚོས་བྱེད་ཐུབ་པ་སོགས་ཀྱི་ཆེད་དུ་ལས་གཞི་བརྩམས་ཡོད་སྐོར་དང༌། ང་ཚོའི་ལས་འགུལ་བོད་བར་དུ་བསྐྱོད་རྒྱུར་དཀའ་ངལ་ག་རེ་འཕྲད་ནའང་གདོང་ལེན་བྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཡོད། དེ་རིང་དངོས་སུ་འགོ་འཛུགས་སྐབས་མི་བརྒྱ་ཡོད་པ་དང༌། རིམ་བཞིན་བཙན་བྱོལ་ནང་གི་བོད་པ་ཆ་ཚང་བང་རིམ་བྱས་ནས་ཕེབས་རྒྱུ་དང༌། དཔལ་འབྱོར་ཡོད་མཁན་གྱིས་དཔལ་འབྱོར་དང༌། ཤེས་ཡོན་ཡོད་མཁན་གྱིས་ཤེས་ཡོན། ཉམས་མྱོང་ཡོད་མཁན་གྱིས་ཉམས་མྱོང་སོགས་ཀྱིས་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་ལ། རྒྱབ་སྐྱོར་གནང་རོགས་ཞེས་གསུངས་ཡོད་པ་རེད། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་དབྱིན་སྐད་ཐོག་ལས་འགུལ་ངོ་སྤྲོད་གནང་བ་དང༌། སྐུ་མགྲོན་རྣམ་པས་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གསུང་བཤད་གནང་རྗེས། ཞི་བའི་གོམ་བགྲོད་གནང་མཁན་མི་གྲངས་བརྒྱ་ཡོད་པ་དེར་མཇལ་དར་གཡོགས་ནས་གོམ་བགྲོད་དངོས་སུ་འགོ་འཛུགས་ཀྱིས་སེར་སྐྱ་མི་མང་གང་མང་མཉམ་ཞུགས་ཀྱིས་སྐད་འབོད་ངོ་རྒོལ་ཁྲོམ་སྐོར་ཀ་ཅ་རིས་བར་དུ་གནང་ཡོད་པ་དང༌།

ཀ་ཅ་རིས་ལ་ལས་འགུལ་དང་འབྲེལ་བའི་གསུང་བཤད་ཁག་མཇུག་རྫོགས་པ་དང༌། ལས་འགུལ་གོ་སྒྲིག་པ་རྣམས་ཀྱིས་སྣེ་ཁྲིད་ནས་གོམ་བགྲོད་པ་རྣམས་ཤར་བསྐྱོད་བྱས་ཡོད་པ་རེད།
    རྒྱ་གར་ནང་བཀག་འགོག་བྱས་ན་ཁྲིམས་ཐོག་ནས་རྩོད་ལེན་གནང་མཁན་རྒྱ་གར་གྱི་གྱསྤྱནཎརྣ ངདྲཐྲདྤ རྒཎཕ སྒྱྟྤཕྣཔྱྡ ཞེས་པའི་ཁྲིམས་རྩོད་པ་གསུམ་ཆེད་ཕེབས་གནང་གི་ཡོད་པ་དང༌། དེ་བཞིན་གསར་འགྱུར་བརྒྱུད་ལམ་འདྲ་མིན་གྱི་གསར་འགོད་པ་མཉམ་བསྐྱོད་གནང་མཁན་ཡོད་པ་རེད། ཐེངས་དང་པོའི་ལས་འགུལ་བ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བརྒྱུད་ནས་བསྐྱོད་འཆར་ཡོད་པ་དང༌། དེའི་ནང་ལོ་ན་ཆུང་ཤོས་༢༡ ཅན་ཁ་ཤས་ཡོད་པ་དང༌། ཆེ་ཤོས་༧༤ ཡིན་པ་རེད། ད་ལྟའི་ཆར་གོམ་བགྲོད་པ་ལྔ་བརྒྱ་ཡི་འཆར་གཞི་ཡོད་ཀྱང་བང་རིམ་བྱས་ནས་བསྐྱོད་འཆར་ཡོད་པ་རེད། གོམ་བགྲོད་པ་རྣམས་ས་རཱ་མཐོ་སློབ་ཏུ་འབྱོར་སྐབས་རྒྱ་གར་དབུས་གཞུང་གིས་ཀང་ར་རྫོང་བརྒལ་ནས་འགྲོ་མི་ཆོག་པའི་བཀའ་རྒྱ་འབྱོར་ཡོད་ནའང༌། ཁོང་ཚོས་བཀག་འགོག་ལ་གདོང་ལེན་གྱིས་མུ་མཐུད་ཐབས་ལམ་འདྲ་མིན་ཐོག་ནས་བསྐྱོད་འཆར་ཡོད་པ་རེད།།  

    བལ་ཡུལ་དུ་གསུམ་བཅུའི་དུས་དྲན་སྐབས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད།

ཕྱི་ཟླ་༣ ཚེས་༡༠ ཉིན་ནི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་ཆེན་གལ་ཆེ་ཞིག་ཡིན་ཕྱིར་བཙན་བྱོལ་སྤྱི་ཚོགས་ཁྲོད་ལོ་ལྟར་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། བལ་ཡུལ་ཁུལ་དུའང་བསམ་གཏན་གླིང་དགོན་པར་སེར་སྐྱ་མི་མང་སྟོང་ཚོ་ལྔ་ཙམ་མཉམ་འཛོམས་ཀྱིས། ཐོག་མར་ྋགོང་ས་མཆོག་གི་སྐུ་པར་ཁྲུས་གསོལ་དང་མཇལ་བཅར་ཞུས་ཤིང༌། སྲོང་བཙན་སློབ་གྲྭའི་སློབ་མ་རྣམས་ནས་རོལ་དབྱངས་དང་བཅས་མི་མང་ཡོངས་ཀྱིས་བལ་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་བླངས། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ངོ་འཕྲིན་ལས་རྒྱ་མཚོ་ལགས་ཀྱིས་བཀའ་སློབ་གསུང་བཤད་གནང་གྲུབ་མཚམས་སུ། ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་ཏེ་རིམ་པས་བལ་ཡུལ་མཆོད་རྟེན་ཆེན་པོ་བསྐོར་ནས་རྒྱལ་དར་མཁའ་ལ་སྒྲེང་བཞིན་སྐད་འབོད་བྱས་རྗེས་མཆོད་རྟེན་རྒྱ་སྒོ་ནས་སྐད་འབོད་བྱེད་སྐབས། བལ་ཡུལ་གྱི་ཉེན་རྟོག་པ་སྟོང་ཕྲག་མང་པོས་ལག་ཆ་དང་དབྱུག་པ་སོགས་གྲ་སྒྲིག་བྱས་ཏེ་མཆོད་རྟེན་མཐའ་འཁོར་ཡོངས་རྫོགས་བསྐོར་ཡོད་པ་མ་ཟད། ཊུ་སཱལ། ཅ་བྷིལ། སོགས་ལམ་སུམ་མདོ་ཡོད་ཚད་ཉེན་རྟོག་པས་ཁེངས་འདུག རྒྱ་ནག་གཞུང་ཚབ་ཁང་ཉེན་རྟོག་པ་མི་ཉིས་བརྒྱ་ལྷག་གིས་མཐའ་བསྐོར་ནས་བསྲུང་ཡོད་པ་རེད། གཞོན་སྐྱེས་མི་དྲུག་ཅུ་ཙམ་ཊུ་སཱལ་གྱི་ལམ་བཞི་མདོའི་ལྟག་འོག་ཕྱོགས་གཉིས་ནས་ཐོན་ཏེ་རྒྱལ་སའི་ཕྱོགས་སུ་བསྐྱོད་པ་དང༌། མཆོད་རྟེན་རྒྱ་སྒོ་ནས་མི་མང་དང་ཉེན་རྟོག་པ་བར་བཀའ་མོལ་བྱེད་མཚམས་སུ་ཉེན་རྟོག་པས་དབྱུག་རྡུང་བྱས་རྐྱེན་ལག་འཛིང་ཤོར་ཏེ་མི་ལྔ་བརྒྱ་ཙམ་ཕྱིར་ཤོར་ནས་རྒྱལ་སའི་ཕྱོགས་སུ་འགྲོ་བའི་ལམ་བར་དུ། ཅ་བྷིལ་མ་སླེབས་ཙམ་དུ་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་སླེབས་ནས་གདོང་བཀག་བྱས་པ་རེད། སྔོན་ལ་ཐོན་ཟིན་པའི་གཞོན་སྐྱེས་དྲུག་ཅུ་ལས་ལྔ་ཅུ་ཙམ་ཅ་བྷིལ་འོག་གི་ཧིན་དྷུའི་ལྷ་ཁང་འགྲམ་དུ་ཉེན་རྟོག་པ་བརྒྱ་ཕྲག་ཁ་ཤས་སླེབས་ནས་འཛིན་བཟུང་བྱས། བཅུ་ཕྲག་ལྷག་དེའི་འོག་ཟམ་པའི་འགྲམ་དུ་སླེབས་མཚམས་སུ་འཛིན་བཟུང་བྱས་འདུག ཅ་བྷིལ་ལ་ཡོད་པའི་མི་མང་གི་མཐའ་ཡོངས་རྫོགས་ཉེན་རྟོག་པས་བསྐོར་ནས་སྐད་འབོད་བྱེད་བཞིན་པའི་སྐབས། ལམ་ཟུར་ནས་བལ་ཡུལ་གྱི་ཡུལ་མི་དག་གིས་ཉེན་རྟོག་པར་རྡོ་རྡུང་བྱས་སྟབས་ཉེན་རྟོག་པའི་དཔོན་པོས་མི་མང་ཡོངས་ལ་དབྱུག་རྡུང་བྱེད་དགོས་པའི་བཀའ་བཏང་བ་བཞིན་ཉེན་རྟོག་པས་བོད་མི་སྐད་འབོད་བྱེད་མཁན་མི་མང་ལ་བརྡུངས་ནས་མི་མང་པོར་རྨས་སྐྱོན་དང༌། མི་གཉིས་སྨན་ཁང་དུ་འཁྱེར་དགོས་པ་བྱུང་སྟབས། མི་མང་གིས་མ་བཟོད་ནས། ཉེན་རྟོག་པ་དང་མི་མང་བར་རྡོ་རྡུང་བྱེད་རེས་བྱས་པ་རེད། དེའི་སྐབས་མི་ཧ་ཅང་མང་པོ་འཛིན་བཟུང་བྱས་ཏེ་ཉིན་དེར་གྷོ་བོ་ས་ལའི་བཙོན་ཁང་དུ་མི་བརྒྱ་དང་དྲུག་ཅུ་ལྷག་དང༌། ཊུ་སཱལ་ཉེན་རྟོག་ཁང་དུ་མི་བཅུ་བདུན། རྒྱལ་ས་ཀཱ་མ་ལ་པོ་ཁ་རིའི་ཉེན་རྟོག་ཁང་དུ་མི་དགུ་བཅས་ཁྱོན་བསྡོམས་ཉིན་དེར་བོད་མི་ཉིས་བརྒྱ་མན་ཙམ་འཛིན་བཟུང་བྱས་ཡོད་པ་རེད། ཉིན་དེའི་ཞོགས་པ་སྔ་པོ་བོད་མི་ཁག་གཅིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་ལྕགས་རིའི་གྱང་སྡེབས་ཡོངས་རྫོགས་ལ་ལྕགས་རྩིས། བོད་རང་བཙན་དང་རྒྱ་མི་བོད་ནས་ཕྱིར་ལོག་དགོས་ཟེར་བ་སོགས་བྲིས་པ་དང༌། གཞན་མཆོད་རྟེན་ཉེ་ཁུལ་གྱི་ཕྱོགས་གང་སར་སྦྱར་ཡིག་བཀྲམ་འདུག དེའི་དགོང་མོར་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་ཆེན་པོས་མར་མེའི་ཁྲོམ་སྐོར་དང་སྐད་འབོད་ཀྱང་བྱས་ཡོད་པ་རེད། འཛིན་བཟུང་བྱས་པའི་བོད་མི་གཅིག་ཀྱང་མ་ལུས་པར་ཉིན་དེའི་དགོང་མོར་གློད་བཀྲོལ་བཏང་ཡོད་འདུག།  བལ་ཡུལ་གསར་འགོད་པས།

རྒྱལ་ས་ལྷ་སའི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་རེད།

ཟླ་༣ ཚེས་༡༠ ཉིན་ནས་ལྷ་སར་མུ་མཐུད་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་ལྟར། ཞི་རྒོལ་བ་དམར་གསོད་བཏང་བ་དང༌། རྨས་མ་མང་པོ་སྨན་ཁང་དུ་བསྐྱལ་ཡོད་པ་ལ་བདག་སྐྱོང་མ་བྱས་པའི་ནང་འདས་གྲོངས་སུ་སོང་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པ་དང༌། དེ་བཞིན་རྒྱ་གཞུང་གིས་ཚེས་༡༧ དགོང་མོ་ནས་མགོ་བཏགས་མ་བྱས་ན་དྲག་གནོན་ཚབས་ཆེན་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པ་ལྟར། ད་ལྟ་གསེང་ཉུལ་གྱིས་མི་འཇུ་བཟུང་བྱེད་ཀྱི་ཡོད་པ་དང༌། གང་སར་དམག་མི་བཀྲམ་པ་མ་ཟད། མི་སྒེར་ཚོའི་ཁང་ཐོག་ཏུ་ཡང་དམག་གིས་མེ་མདའ་བཟུང་ནས་སོ་ལྟ་བྱེད་ཀྱི་ཡོད་པ་རེད།
    མི་ཚང་རེ་རེར་ཞིབ་གཤེར་གྱིས་དོགས་པ་ཡོད་རིགས་མང་པོ་འཇུ་བཟུང་བྱས་པའི་གནས་ཚུལ་མང་དུ་ཐོན་བཞིན་ཡོད་པ་རེད། ཕ་ཡུལ་ཚ་བ་སྦོ་མདའ་ནས་ཡིན་པ་ཕ་སྐལ་བཟང་རྒྱལ་མཚན་དང༌། བུ་བློ་ཆོས། བྱམས་པ་བཅས་ལ་སྒོར་ཁྲི་གཅིག་ཉེན་རྟོག་པས་འཕྲོག་པ་དང༌། ཁོང་གསུམ་ལ་ནག་ཉེས་གང་ཡང་མེད་ནའང༌། འཇུ་བཟུང་བྱས་ཡོད་འདུག དེ་འདྲ་བའི་མི་ཧ་ཅང་མང་པོ་འཇུ་བཟུང་བྱེད་བཞིན་ཡོད་པ་རེད།
    ཚེས་༡༠ ཉིན་ནས་གྲྭ་བ་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་མཐར་དགོན་སྡེ་ཁག་དམག་མིས་བསྐོར་ནས་དགེ་འདུན་པ་ཕྱི་བསྐྱོད་བྱེད་མི་ཆོག་པར་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་པ་དང༌། ཚེས་༡༤ ཉིན་གྱི་ཞོགས་པ་ཆུ་ཚོད་༡༠ ཙམ་ལ་ལྷ་སའི་རྭ་མོ་ཆེ་གཙུག་ལག་ཁང་དུ་བོད་རིགས་ཚོང་པ་རྣམས་ཀྱིས་སྣེ་ཁྲིད་དེ། དགེ་འདུན་པ་དང་མི་མང་གིས་བོད་རིགས་རྩམ་པ་ཟ་མཁན་ཚང་མ་ལོངས་ཤོག་ཟེར་ནས་ཞི་རྒོལ་གྱི་ལས་འགུལ་སྤེལ་སྐབས་དྲག་ཆས་སྤྲས་པའི་ཉེན་རྟོག་པ་དང༌། དམག་མིས་བཀག་སྡོམ་བྱས་པར་བརྟེན་ཞི་རྒོལ་ནང་འཛུལ་ཞུགས་བྱེད་མཁན་ཇེ་མང་དུ་ཕྱིན་ཏེ་མི་མང་ཧ་ཅང་འབོར་ཆེན་པོར་གྱུར་པ་དང༌། མཐར་རྒྱ་གཞུང་གི་ཉེན་རྟོག་པ་དང་ཞི་རྒོལ་བའི་དབར་འཁྲུག་རྩོད་བྱུང་བ་དང༌། མེ་མདའི་སྐད་སྒྲ་ཡང་གང་མང་ཐོས་རྒྱུ་ཡོད་པའི་སྐབས་དེར་རྭ་མོ་ཆེ་གཙུག་ལག་ཁང་མདུན་ཐང་དང༌། སྲང་ལམ་ཁག་ཞི་རྒོལ་སྐད་འབོད་བྱེད་མཁན་གྱིས་ཁེངས་ནས་ཉེན་རྟོག་པ་དང་མི་མང་བར་གདོང་ཐུག་ནས་རྒྱ་ནག་གཞུང་གི་རླངས་འཁོར་དང༌། རྒྱ་རིགས་ཀྱི་ཚོང་ཁང་ཁ་ཤས་ལ་མེ་འབར་ཏེ་དུ་བ་ལང་ལོང་འཕྱུར་བཞིན་ཡོད་པ་རེད། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མི་དང༌། སྤྱི་བདེ་ཉེན་རྟོག་པས་སྲང་ལམ་ཁག་དང༌། གཞུང་ལམ་ཁག་དམ་དྲག་བཀག་སྡོམ་བྱས་ཡོད་ཀྱང༌། ཞི་བའི་སྐད་འབོད་ཀྱི་ལས་འགུལ་མཚམས་འཇོག་བཀག་སྡོམ་མ་ཐུབ་པར་མུ་མཐུད་དེ་ངོ་རྒོལ་བྱེད་བཞིན་ཡོད་པ་དང༌། དམག་མི་མང་དུ་བཏང་ནས་ད་ལྟ་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ་རེད།
    དྲག་དམག་གིས་མེ་མདའ་བརྒྱབ་ཏེ་ཞི་རྒོལ་བ་མང་པོ་དམར་གསོད་བཏང་ཡོད་པ་དང༌། རྨས་སྐྱོན་བྱུང་བ་མང་པོ་སྨན་ཁང་དུ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང༌། རྨས་སྐྱོན་བྱུང་བ་རྣམས་འདས་གྲོངས་སུ་སོང་བ་མང་དུ་འགྲོ་བཞིན་ཡོད་པ་དང༌། ས་གནས་རེར་ངོ་རྒོལ་བའི་ཕུང་པོ་བཅུ་ལྷག་མཉམ་པོར་མཐོང་རྒྱུ་ཡོད་པའི་སྐོར་སོགས་ཀྱི་གནས་ཚུལ་བོད་ནས་ཁ་པར་བརྒྱུད་འགྲེལ་བརྗོད་བྱེད་མཁན་གང་སར་བྱུང་གི་ཡོད་པ་རེད། དེ་བཞིན་གཞན་ཞིག་གིས་ཁ་པར་བརྒྱུད་ཕྱི་ལོག་ཏུ་འགྲེལ་བརྗོད་བྱས་པ་ལྟར་ན་ཚེས་༡༥ ཉིན་ལྷ་སའི་ཉེན་རྟོག་ཁང་ཞིག་གི་ནང་ངོ་རྒོལ་བའི་ཕུང་པོ་༦༠ ལྷག་ཡོད་པ་དངོས་སུ་མཐོང་འདུག གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ལས་འགུལ་བའི་ཁྲོད་མི་༨༠ ཙམ་དམར་གསོད་བཏང་ཡོད་པ། ཡང་ཁག་ཅིག་ནང་༡༠༠ ལྷག་དམར་གསོད་བཏང་བའི་གནས་ཚུལ་ཡང་འདུག ཚེས་༡༥ ཉིན་མུ་མཐུད་དེ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།།

བོད་མིའི་སྐད་སྒྲ།

འདི་ལོའི་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་ནས་བོད་ནང་གི་བོད་མི་ཚོའི་སྐད་སྒྲ་བཙན་གནོན་འོག་ནས་འཇགས་མེད་པ་དང༌། རྒྱ་ནག་གིས་དྲག་གནོན་དང་བཙོན་འཇུག དམར་གསོད་གཏོང་བ་སོགས་ཤུགས་ཆེ་རུ་བཏང་ནས་བོད་མིའི་ཕུང་པོ་མང་དུ་འགྲོ་ཡི་ཡོད་པ་རེད། ྋགོང་ས་མཆོག་བོད་དུ་མ་ཕེབས་བར་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་རྒྱུ་མཚམས་འཇོག་བྱེད་རྒྱུ་མིན་སྐོར་བོད་ནང་གི་ས་གནས་གང་སར་གླེང་བཞིན་ཡོད་པ་རེད། དེ་བཞིན་ཕྱི་སྡོད་བོད་རིགས་ཚོས་ཀྱང་སྐད་སྒྲ་ཉིན་མཚན་མེད་པར་མཚམས་ཆད་ཀྱི་མེད་པ་མ་ཟད། རྒྱ་ནག་གཞུང་ཚབ་དང༌། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་སོགས་ལ་རེ་འབོད་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང༌། ས་གནས་སོ་སོའི་ཉེན་རྟོག་པས་རྡུང་རྡེག་དང༌། བཙོན་འཇུག་སོགས་བྱེད་བཞིན་ཡོད་པ་རེད།།

རྔ་བ་ས་ཁུལ་དུ་རྒྱ་གཞུང་གིས་བོད་མི་དམར་གསོད་དང་དྲག་གནོན།

ཨ་མདོ་རྔ་བ་ཁུལ་དུ་བོད་དོན་ཆེད་རྒྱ་ནག་ལ་ཞི་རྒོལ་བྱས་པར་བརྟེན། རྒྱ་ནག་གིས་དམག་མི་འབོར་ཆེན་ས་གནས་དེར་བཏང་ནས། དྲག་གནོན་བྱས་ཡོད་པ་དང༌། དགེ་རྒྱམ།ལོ་༤༠ དགེ་ཕན་ཐེག་ལོ།ལོ་༦༤ ནོར་བུ་ལོ་༡༧ གྲྭ་བློ་བཟང་བཀྲ་ཤིས། ལྷུན་གྲུབ་མཚོ། མགོན་པོ་ལྷ་མགོན། ཨཏི་ཤ་སོགས་མི་གྲངས་ཉི་ཤུ་ཙམ་བསད་པའི་ཕུང་པོ་དངོས་སུ་རྙེད་ཡོད་པ་རེད།མིང་གཞན་ལག་སོན་མ་བྱུང༌། དམར་གསོད་བཏང་བའི་ཁྲོད་ལོ་ཆུང་ཤོས་༡༧ དང༌། ལོ་ཆེ་ཤོས་༦༤ ཡིན་ཚོད་འདུག ལས་འགུལ་བའི་ཁྲོད་མི་བོར་བརླགས་སུ་སོང་བ་ཡང་ཁག་ཅིག་བྱུང་ཡོད་པ་དང༌། རྨས་མ་ཚོ་གཞུང་གི་སྨན་ཁང་ནང་སྨན་བཅོས་བྱེད་མ་བཅུག་པར་མང་པོ་རྐྱེན་འདས་སུ་འགྲོ་ཡི་ཡོད་པ་རེད། ད་ལྟ་འགྲིམ་འགྲུལ་གྱི་ལམ་ཁ་ཚང་མ་བཀག་ནས་ཡར་མར་ལ་བསྐྱོད་ཆོག་གི་མེད་པ་མ་ཟད། ཡུལ་མི་རྣམས་ཀྱང་ཁྲོམ་དུ་འགྲོ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་རེད།
    ཨ་མདོ་རྔ་བ་ས་ཁུལ་དུ་དགོན་པ་ཁག་དང་མི་མང་ཡོངས་རྫོགས་སྡེབ་ལངས་བྱས་པ་ཞིག་ཡིན་པ་དང༌། ཨ་འདུས་དགོན་དང༌། ཀིརྟི་དགོན། སྒོ་མང་དགོན། བསེ་དགོན། ཨ་མཆོག་མཚན་ཉིད་དགོན། བསུ་བ་དགོན། སྤྲོ་ཚིགས་དགོན། འབྲོག་དགེ་དགོན།  རྟོགས་ལྡན་དགོན། སྣང་ཞིག་དགོན།  གདོང་རི་དགོན། མ་མའི་བཙུན་དགོན་སོགས་ཀྱིས་སྣེ་ཁྲིད་བྱས་པ་དང༌། དེ་བཞིན་རྔ་བ་རྫོང་ཐོག་གི་མི་མང་དང༌། རྔ་བ་སྟོད་སྨད་བར་གསུམ་གྱི་ཧ་ལམ་ས་གནས་ཡོངས་རྫོགས་ལངས་ཡོད་པ་རེད། མི་གྲངས་རོབ་རྩིས་ཆིག་ཁྲི་སུམ་སྟོང་ཙམ་ཡོད་ཚོད་འདུག གནས་ཚུལ་ཡོང་ཁུངས་ཁ་ཤས་ནས་མི་བཞི་བཅུ་ཙམ་བསད་ཚུལ་ཟེར་ཞིང༌། ད་ཆ་སྐུ་ཕུང་སོགས་དངོས་སུ་རྙེད་པ་མི་གྲངས་ཉི་ཤུ་ཙམ་བསད་པ་གསལ་པོ་ཆགས་ཡོད་ལ། དེ་དག་ནི་གྲྭ་པ་དང༌། བཙུན་མ། སློབ་གྲྭའི་སློབ་མ། མི་སེར་དཀྱུས་མ་བཅས་ཡིན། བཙོན་འཇུག་དང༌། རྨས་སྐྱོན་ཐེབས་པ། བོར་བརླགས་སུ་སོང་བ་གང་མང་ཞིག་ཡོད་པ་དང༌། རྨས་མ་བདག་སྤྲོད་མ་བྱས་པ་སོགས་ལ་བརྟེན་ནས། རྒྱའི་ཉེན་རྟོག་ལས་ཁུངས་དང༌། སྨན་ཁང་ཞིག དེ་བཞིན་འབྲེལ་ཡོད་ལས་ཁུངས་ཁག་ཅིག་མི་མང་གིས་གཏོར་བཅོམ་བཏང་བ་དང༌། རླངས་འཁོར་འགའ་ཞིག་ཀྱང་མེར་བསྲེག་བྱས་འདུག     ཁོ་ཚོའི་སྐད་འབོད་ཀྱི་ཚིག་ནི། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་དབང་རང་བཙན་ཡིན། པཎ་ཆེན་རིན་པོ་ཆེ་གློད་གྲོལ་གཏོང་དགོས་ཞེས་པ་སོགས་ཡིན། བོད་ནང་ནས་འབྲེལ་ཡོད་དག་ལ་ཁ་པར་སོགས་ཀྱི་ལམ་ནས་ངོ་རྒོལ་གྱི་ལས་འགུལ་འདི་འདྲ་ཞིག་སྤེལ་དགོས་དོན་ནི། བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ྋརྒྱལ་བ་རིན་པོ་ཆེར་ནམ་རྒྱུན་སྐུར་འདེབས་མཚན་སྨོད་བྱེད་པ་དང༌། བོད་རྒྱ་ཞི་མོལ་ལ་རྒྱ་ཕྱོགས་ནས་དོན་དངོས་ཀྱི་ཡ་ལན་མི་བྱེད་པ། བོད་ནང་དུ་གདུག་རྩུབ་དྲག་གནོན་སྔར་ལས་ཤུགས་ཆེ་རུ་བཏང་བ་བཅས་ལ་བརྟེན་ནས་མི་མང་རྣམས་ཨུ་ཐུག་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱེད་ཀྱི་འདུག ད་ལྟ་དམག་མི་ཧ་ཅང་འབོར་ཆེན་སླེབས་ནས་དམ་དྲག་ཆེན་པོ་བྱས་པར་བརྟེན། མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།།

རྨ་ཆུ་རྫོང་དུ་དམར་གསོད་དམ་དྲག

ཚེས་༡༧ ཉིན་ཨ་མདོ་རྨ་ཆུ་ས་ཁུལ་དུ་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། ད་ལོ་སློབ་གྲྭ་ཆེན་མོ་མཐར་ཕྱིན་པའི་རིན་ཆེན་རྡོ་རྗེ་སོགས་བོད་མི་བཅུ་གཉིས་བཅུ་གསུམ་ཙམ་དམར་གསོད་བཏང་ཡོད་པ་དང༌། མི་༨༠ འཛིན་བཟུང་བྱས་ཡོད་པ་མ་ཟད། རྨས་སྐྱོན་ཕོག་པ་གང་མང་བྱུང་ཡོད་འདུག དགོང་མོ་ཆུ་ཚོད་༦ ནས་ཞོགས་པའི་ཆུ་ཚོད་༩ བར་མི་སུ་ཞིག་ཕྱི་ལོག་ལ་སོང་ན་གསོད་ཆོག་པ་སྲིད་གཞུང་གིས་བཀའ་རྒྱ་བཏང་ཡོད་པས། མི་མང་རྣམས་འཇིགས་སྣང་དང༌། དམ་དྲག་འོག་གནས་ཡོད་པ་རེད།།
འཕན་པོ་རྫོང་དུ་དམར་གསོད།དཀར་མཛེས་རྫོང་དུ་དམར་གསོད། ཟླ་འདིའི་ཚེས་༡༨ ཉིན་དཀར་མཛེས་རྫོང་ཐོག་ཏུ་བོད་མི་ཉིས་སྟོང་ཙམ་གྱིས་བོད་དོན་ལས་འགུལ་སྤེལ་བར་བརྟེན། ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གིས་དྲག་དམག་ཧ་ཅང་མང་པོ་བཏང་ནས་ལས་འགུལ་བ་མགོན་པོ་རྣམ་གྲོལ་དང༌། ཉི་དགའ། དེ་མིན་གཅིག་བཅས་བསྡོམས་པའི་གསུམ་དངོས་སུ་དམར་གསོད་བཏང་ཡོད་པ་དང༌། པདྨ་བདེ་ཆེན་དང༌། འཆི་མེད་མགོན་པོ། བློ་བཟང༌། ཚེ་བརྟན། ཚེ་བརྟན་ཕུན་ཚོགས། ཞའོ་མེ་མེ་སོགས་སྨན་ཁང་དུ་ཁྲིད་ཡོད་ནའང་འབྲེལ་ཡོད་སུ་གཅིག་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད། བཅུ་ཙམ་ལ་རྡུང་རྡེག་ཚབས་ཆེན་བཏང་ནས་ཤི་མ་གསོན་ངང་ཉེན་རྟོག་པས་ཁྲིད་སོང་བ་ལས་ད་ལྟ་འདས་གྲོངས་སུ་སོང་ཡོད་མེད་ཤེས་རྟོགས་བྱུང་མི་འདུག བཙོན་ཁང་ནང་དུ་ཡོད་པ་རྣམས་གློད་གྲོལ་གཏོང་དགོས་པར་དར་རྒྱས་དགོན་པ་དང༌། དར་མདོ་དགེ་འོས་སློབ་གྲྭ་སོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་རྒྱ་གཞུང་གི་དམག་སྒར་གཉིས་ཙམ་མེར་བསྲེག་བཏང་ཡོད་འདུག གྲྭ་པ་བསྟན་འཛིན་རྣམ་རྒྱལ་སོགས་ཁག་ཅིག་ལ་ཕྱི་རྒྱལ་དུ་གནས་ཚུལ་མཁོ་གཏོང་བྱས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་རེད། ད་ལྟ་དམག་གིས་ཁེངས་ནས་འགྲོ་བསྐྱོད་བྱེད་ས་རག་རྒྱུར་ཡང་དཀའ་ངལ་ཡོད་པ་རེད།།

གསེར་རྟ་རྫོང་ལ་དྲག་གནོན།

དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་ཟླ་འདིའི་ཚེས་༡༧ དང་༡༨ ཉིན་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པ་དང༌། ངོ་རྒོལ་བ་ལྔ་བཅུ་ཙམ་འཇུ་བཟུང་བྱས་ཡོད་པ་དང༌། འགོག་རྒོལ་ཁྲོད་ཉེན་རྟོག་པ་གཉིས་ཀྱི་སྲོག་ཤོར་ཡོད་འདུག དེ་བཞིན་རྫོང་ཁོངས་དེའི་སྙི་སྟོད་ས་ཁུལ་དུ་ཡང་མང་ཚོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང༌། མི་སྐྱ་ཁག་ཅིག་རི་ལ་ཐོན་ནས་བསྡད་ཡོད་པ་དང༌། ནམ་རྒྱུན་རྫོང་ཐོག་ཏུ་དམག་མི་མང་པོ་ཡོད་ནའང༌། ད་ལྟ་རྫོང་གི་ཉེ་འགྲམ་དུ་དམག་མི་ཧ་ཅང་འབོར་ཆེན་འབྱོར་བཞིན་ཡོད་པའི་གནས་ཚུལ་འདུག།

བལ་ཡུལ་དུ་བོད་མི་ལ་རྒྱབ་སྐྱོར་དང་རྒྱ་གཞུང་ལ་ངོ་རྒོལ།

ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་༡༠ ཉིན་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་སོགས་བོད་ཡུལ་སྟོད་སྨད་གང་ས་ནས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེ་དང་བོད་མི་དམར་གསོད་བྱས་པ་སོགས་ལ་གདུང་སེམས་མཉམ་བསྐྱེད་དང་དེ་དག་གི་ལས་འགུལ་ལ་རྒྱབ་སྐྱོར་སླད་བལ་ཡུལ་མཆོད་རྟེན་ཉེ་ཁུལ་དུ་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག་ཟླ་འདིའི་ཚེས་༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་༦ཿ༠༠ ནས་མར་མེའི་ཁྲོམ་སྐོར་དང་ཞི་བའི་སྐད་འབོད་ཅིག་བྱས་ཡོད་པ་དེར་བོད་མི་དང་ཧི་མཱ་ལ་ཡའི་མི་རིགས་བཅས་མི་མང་སྟོང་ཚོ་དྲུག་ལ་ཉེ་བ་འདུ་འཛོམས་བྱུང་ཡོད་པ་རེད།
    དགེ་འདུན་པ་དང་བཙུན་མ་གཙོས་པས་མི་མང་ཁག་གཅིག་གིས་དགོང་མོ་ཆུ་ཚོད་༡༢ཿ༠༠ བར་དུ་ངོ་རྒོལ་སྐད་འབོད་དང༌། གཞོན་སྐྱེས་མི་ཉི་ཤུ་རྩ་གཉིས་ཀྱིས་དགོང་མོ་ཆུ་ཚོད་༡༠ཿ༠༠ ཆུ་ཚོད་༡༢ རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པ་རེད། མཆོད་རྟེན་རྒྱ་སྒོའི་ཕྱི་ལོགས་ཀྱི་ཁང་སྟེང་ནས་ལས་འགུལ་བའི་ཕྱོགས་སུ་རྡོ་འཕངས་སྟབས། ལས་འགུལ་བ་དེ་དག་གིས་ཁང་པ་དེ་རྡོ་རྡུང་བྱེད་བཞིན་པའི་མཚམས་སུ་ཉེན་རྟོག་པ་སླེབས་ནས་ལས་འགུལ་བ་མང་པོ་ཞིག་ལ་དབྱུག་རྡུང་བྱས་པས་ཀོ་པན་དགོན་པའི་བཙུན་མ་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག
    ཚེས་༡༥ ཉིན་ཞོགས་པ་ནས་ཟས་བཅད་ལས་འགུལ་བ་ཇེ་མང་དུ་ཕྱིན་ནས་མི་སུམ་བརྒྱ་ལྷག་ལས་འགུལ་དེར་མཉམ་ཞུགས་བྱས་འདུག ཆུ་ཚོད་༡༠ ཟིན་མཚམས་སུ་རྟ་མང་གི་གཞོན་སྐྱེས་ཁག་གཅིག་སླེབས་ནས་ཟས་བཅད་ལས་འགུལ་བཙན་བཀག་བྱས་པས་མ་ཚད། ྋགོང་ས་མཆོག་གི་སྐུ་པར་ཁྱེར་ནས་མཆོད་རྟེན་སྐོར་ལམ་དུ་སྐད་འབོད་བྱེད་མཁན་ཕྱི་རྒྱལ་བ་ཞིག་ལ་རྡུང་རྡེག་དང་ྋགོང་ས་མཆོག་གི་སྐུ་པར་རྡོག་རོལ་བཏང་བ་རེད། ཉིན་དེའི་ཞོགས་པ་ཆུ་ཚོད་༡༡ ཐོག་དྭང་བླངས་གཞོན་སྐྱེས་བཞི་བརྒྱ་ཙམ་རྒྱལ་སར་པུལ་ཅཱོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དུ་ཞི་བའི་སྐད་འབོད་བྱེད་སྐབས། མི་སུས་ཀྱང་ཉེན་རྟོག་པས་རྡུང་རྡེག་བྱེད་པར་ཡ་ལན་མི་སློག་རྒྱུའི་ནང་ཁྲིམས་བཟོས་པ་རེད། སུས་ཀྱང་ཡ་ལན་མ་བྱས་ཀྱང་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་སྟབས་གཡས་གཡོན་གྱི་ཡུལ་མི་ཚོས་ཀྱང་མ་བཟོད་ནས་ཉེན་རྟོག་པར་ཞི་མོལ་བྱས་པས། ཡུལ་མི་དེ་དག་ཀྱང་འཛིན་བཟུང་བྱས་འདུག ཞི་བའི་ངོ་རྒོལ་དང་ཟས་བཅད་ལས་འགུལ་བ་ས་ལ་སྡོད་མཁན་ཚོ་ཡང་ཡར་བསླངས་ནས་རྡུང་རྡེག་དང་བཙོན་འཇུག་བྱས་འདུག ཉིན་དེར་བཟུང་བའི་ལས་འགུལ་བ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་མ་སླེབས་བར་རྡུང་རྡེག་དྲག་པོ་བཏང་སོང་ཟེར། མི་བཅུ་གཉིས་འཛིན་བཟུང་བྱས་པ་དེ་ས་གནས་གཞོན་ནུས་རེ་སྐུལ་ཞུས་པ་ཇི་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཀྱིས་བཀའ་མོལ་བྱས་ནས་དགོང་མོར་གློད་འདུག
    ཉིན་དེའི་ཕྱི་དྲོ་ཆུ་ཚོད་༦ཿ༣༠ ཐོག་མཆོད་རྟེན་སྐོར་ལམ་ནས་དགེ་འདུན་པ་དག་གིས་སྣེ་ཁྲིད་དེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་ཅིང༌། དེར་མི་མང་ལྔ་བརྒྱ་ཙམ་འདུ་འཛོམས་བྱུང་ཡོད། མཆོད་རྟེན་རྒྱ་སྒོ་ནས་ཐོན་ཏེ་བྱམས་ཆེན་ལྷ་ཁང་བསྐོར་ཏེ་བློ་མཐུན་ཚོགས་པའི་འབྲེལ་ཡོད་ཀྱི་དཀར་ཡོལ་ཚོང་ཁང་གི་མདུན་དུ་སླེབས་སྐབས། དེའི་ཁང་སྟེང་ནས་རྡོ་འཕངས་སྟབས་ལས་འགུལ་བ་དང་ཁང་པ་དེའི་སྟེང་གི་བོད་མིའི་བར་རྡོ་རྡུང་བྱེད་རེས་བྱས། སྐབས་དེར་ཉེན་རྟོག་པ་སླེབས་ནས་ལས་འགུལ་བ་མང་པོར་རྡུང་རྡེག་བྱས་པ་དང༌། དགེ་སློང་དབང་འདུས་ཀྱི་དགོན་པ་ནས་ཡིན་པའི་དགེ་འདུན་པ་ཞིག་ལ་ཉེན་རྟོག་པ་དྲུག་གིས་བརྡུངས་ནས་རྨས་སྐྱོན་ཆེན་པོ་ཕོག་སྟེ་སྨན་ཁང་དུ་བསྐྱལ་སོང༌། ལས་འགུལ་བ་ཁག་གཅིག་གིས་རྒྱ་མི་ཞིག་གིས་བཟུང་ཡོད་པའི་གཡག་ཟ་ཁང་ལ་རྡོ་རྡུང་བྱས་ནས་མདུན་ངོས་ཀྱི་ཤེལ་སྒོ་ཡོད་ཚད་བཅག་ཡོད་འདུག གསུམ་བཅུ་དུས་དྲན་གྱི་ཉིན་མོར་རྒྱ་མིས་རྒྱབ་སྐྱོར་འོག་ཏུ་བཙུགས་ཡོད་པའི་བློ་མཐུན་ཚོགས་པ་ཟེར་བ་ཞིག་ཡོད་པ་དང༌། དེར་མི་ཚང་བཅུ་བདུན་དང༌། ཚོགས་པ་དེས་བོད་གཞུང་ངོས་ལེན་མེད་པ། ཚོགས་པ་དེའི་དམིགས་ཡུལ། ཚོགས་གཙོ་སོགས་ཚོགས་མི་རེ་རེ་ནས་ལས་ཀ་གང་བྱས་བཅས་ངོ་སྤྲོད་ཀྱི་ཡིག་ཆ་ཞིག་བཀྲམ་པ་དེ། སླར་ཡང་མི་མང་གིས་པར་ལོག་དང་འགྲེམས་སྤེལ་གང་མང་བྱས་འདུག དེའི་རྐྱེན་གྱིས་ཚོགས་པ་དེ་དང་དེའི་འབྲེལ་ཡོད་ཀྱི་བོད་མི་དེ་དག་གི་ཚོང་ཁང་དང་སྡོད་ཁང་བཅས་ལ་རྡོ་རྡུང་བྱེད་རེས་བྱས་པའི་དོན་རྐྱེན་དེ་བྱུང་པ་རེད། དེའི་དགོང་མོར་ཨ་གྲོད་ཚང་གི་ཁང་པར་རྡོ་རྡུང་བྱས་ནས་ཞོགས་པ་ཉེན་རྟོག་པས་སྲུང་སྐྱོབ་བྱས་ཡོད་པ་རེད། ཚེས་༡༦ ཉིན་གྱི་ཉིན་གུང་ཆུ་ཚོད་དང་པོ་ཙམ་ལ་དགེ་འདུན་པ་ཁ་ཤས་ཞིག་གིས་མཆོད་རྟེན་སྐོར་ལམ་དུ་བོད་ཀྱི་རྒྱལ་དར་ཁྱེར་ནས་སྐད་འབོད་བྱེད་སྐབས། གློ་བུར་དུ་རྟ་མང་ཕོ་སར་ཁ་ཤས་སླེབས་ནས་གྲྭ་པ་གཉིས་ལ་རྡུང་རྡེག་བཏང་ཡོད་ཅིང༌། གཅིག་ལ་རྨས་སྐྱོན་ཆེན་པོ་ཕོག་ནས་ཉེན་ཁའི་མཚམས་སུ་སླེབས་འདུག དེའི་ཕྱི་དྲོ་མཆོད་རྟེན་མདུན་ཐང་དུ་རྟ་མང་གཙོས་པའི་མི་མང་ཕོན་ཆེན་འདུ་འཛོམས་ཐོག་རྟ་མང་ཁག་ཅིག་གིས་མཆོད་རྟེན་སྐོར་ལམ་དུ་སྐད་འབོད་བྱེད་རུང་དང༌། ཁག་གཅིག་གིས་མི་རུང་ཚུལ་རྩོད་པ་ཤུགས་ཆེན་བྱས་མཐར་སྐད་འབོད་བྱེད་མི་རུང་དང༌། མཆོད་རྟེན་ཕྱི་ལོགས་སུ་སྐད་འབོད་བྱས་ན་རྒྱབ་སྐྱོར་ཡོད་ཚུལ་ཐག་གཅོད་བྱས་པ་རེད། དེའི་དགོང་མོ་ཆུ་ཚོད་༡༡ ནས། རྔུ་ཆུ་རིན་པོ་ཆེ་དང༌། ཟླ་བ་གྲགས་པ། བསྟན་འཛིན་ཉི་མ། ཉི་མ་སྒྲོལ་དཀར། ཨ་ཀ་བླ་མ། ངག་དབང་བརྩོན་འགྲུས། ཡེ་ཤེས་རྒྱལ་མཚན། བསྟན་འཛིན་འཇམ་དཔལ། བསྟན་འཛིན་དབང་པོ། ཕུམ་ཐར། སྐལ་བཟང་བཀྲ་ཤིས། བཅས་མི་བཅུ་གཅིག་གིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་དབུ་འཛུགས་ཞུས་ཡོད་པ་རེད།
    ཚེས་༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་༩ པ་ཙམ་ནས་བོད་མི་དྭང་བླངས་པ་ཁག་གཅིག་གིས་པུལ་ཅོག མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དུ་བོད་དུ་འགྲོ་བ་མིའི་ཐོབ་ཐང་དགོས་པའི་སྐད་འབོད་ཞི་བའི་ལམ་ནས་བྱས་ཀྱང༌། བལ་ཡུལ་གྱི་ཉེན་རྟོག་པས་རྡུང་རྡེག་ཚད་ལས་བརྒལ་བ་བྱས་རྐྱེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་བྱེད་བུད་མེད་གཉིས་ཀྱང་ངུ་སྡོད་པ་ལས་ཐབས་གཞན་དབེན། དེའི་རྗེས་ཆུ་ཚོད་༡༠ པ་ནས་སླར་ཡར་ཟས་བཅད་བྱེད་མཁན་མི་བཅུ་གཅིག་གཙོས་མི་སུམ་བརྒྱ་ལྷག་གིས་ངོ་རྒོལ་སྐད་འབོད་བྱས་པར་རྡུང་རྡེག་སྔར་བཞིན་བཏང་ནས་མི་གསུམ་ལ་རྨས་སྐྱོན་ཆེན་པོ་ཕོག་འདུག ཕྱི་དྲོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་སླེབས་ནས། མི་མང་ལ་བོད་ཀྱི་དཀའ་ངལ་ཁོ་ཚོས་ཧ་གོ་ཚུལ་དང༌། ཁྱེད་ཚོའི་དགོས་འདུན་རྣམས་ལས་ཁུངས་ཨ་མར་ཞུ་རྒྱུའི་ཁས་ལེན་དང༌། ཉེན་རྟོག་པ་ལ་ལས་འགུལ་བ་རྡུང་རྡེག་བཏང་མི་ཆོག་པའི་བཀའ་སློབ་གནང་ཡོད་པ་རེད། ཆུ་ཚོད་གཉིས་པའི་ཐོག་ཉེན་རྟོག་པས་དུག་རླངས་བཏང་ནས་མི་མང་ཁ་གཏོར་བཏང་ཡང༌། ཟས་བཅད་ལས་འགུལ་བ་རྣམས་ཐག་པས་མཉམ་སྦྲེལ་བྱས་ཡོད་སྟབས་དུག་རླངས་ནང་དུ་ལུས་འདུག ཉིན་དེར་ཟས་བཅད་ལས་འགུལ་བ་གཙོས་བོད་མི་༤༥ འཛིན་བཟུང་བྱས་ཡོད་པ་རེད། དེའི་དགོང་མོར་བོད་མི་ཚང་མ་གློད་འདུག ཚེས་༡༨ ཉིན་འཇོ་ཁེལ་བོད་མིའི་གཞིས་སྒར་དུ་བོད་ཀྱི་གཞོན་ནུ་དང་བུད་མེད་ལྷན་ཚོགས་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་ཏེ་ཟས་བཅད་ལས་འགུལ་བ་མི་བཅུ་གཅིག་གི་ལས་འགུལ་ལ་མི་བརྒྱ་ལྷག་མཉམ་ཞུགས་ཀྱིས་ཆུ་ཚོད་༢༤ རིང་ཟས་བཅད་དང༌། གཞན་བཅུ་གཅིག་པོ་དུས་ཚོད་ངེས་མེད་ཡིན་པ་རེད། དེར་རྒྱབ་སྐྱོར་བྱེད་མཁན་བལ་ཡུལ་གྱི་ཡུལ་མི་མང་པོ་ཞིག་སླེབས་ཡོད་པ་རེད། ཉིན་དེའི་ཆུ་ཚོད་༡༢ ནས་པུལ་ཅོག་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་སླར་ཡང་སྐད་འབོད་བྱས་པ་རེད།། བལ་ཡུལ་གསར་འགོད་པས།

བོད་ནང་གི་ས་གནས་ཁག་ཅིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་ཕྱོགས་བསྡུས།

ཀླུ་ཚང་དགོན་པའི་དགེ་འདུན་པས་ཞི་རྒོལ། ཟླ་༣ ཚེས་༡༠ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་ཀླུ་ཚང་དགོན་པའི་དགེ་འདུན་པ་༡༣༧ ཙམ་དང༌། མི་མང་༢༡༥ ལྷག་ནས་རྫོང་གི་ཚོགས་ཁང་ནང་འཁྲབ་སྟོན་ཞིག་ཡོད་པ་དང་སྟབས་བསྟུན་ཞོགས་པ་སྔ་པོ་ནས་ཐོན་ཏེ་ཚོགས་ཁང་འཁྲིས་སུ་འབྱོར་སྐབས་རྫོང་ཉེན་རྟོག་དམག་མིས་བཀག་འགོག་བྱས་ཡོད་པ་མ་ཟད། འགོ་འཛུགས་བྱས་ཟིན་པའི་འཁྲབ་སྟོན་ཡང་མཚམས་འཇོག་བྱེད་བཅུག་ཡོད་པའི་གནས་ཚུལ་ཐོན་ཡོད་འདུག་པ་དང༌། དེ་ནི་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་བཀག་འགོག་བྱས་ཡོད་འདུག དགེ་འདུན་པ་ཚོས་ཁོང་ཚོར་བཀག་འགོག་བྱ་སྐབས་དཔར་ལེན་བྱས་པ་སོགས་ལ་བརྟེན་ནས་དམག་མིས་དཔར་ཆས་འཕྲོག་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་འདུག་ལ། ལྷག་པར་རྫོང་གི་དྲག་ཆས་དམག་མི་དེ་ཚོས་དགེ་འདུན་པའི་ཐོག་ཉེན་བརྡ་བཏང་སྟེ་མེ་མདའ་ཁ་ཤས་བརྒྱབ་འདུག་ཀྱང༌། མི་སུ་གཅིག་ལའང་རྨས་སྐྱོན་སོགས་ཕོག་ཡོད་མི་འདུག་ལ། འབྲེལ་ཡོད་ལས་ཁུངས་སོགས་ནས་ལས་འགུལ་དེར་འཆར་གཞི་ཡོད་པའི་དོགས་གཞིའི་འོག་ད་ལྟ་ཞིབ་འཇུག་བྱ་མུས་ཡིན་པའི་གནས་ཚུལ་འདུག
སྐྱེ་རྒུ་མདོར་ཞི་རྒོལ། ཡུལ་ཤུལ་རྫོང་སྐྱེ་རྒུ་མདོ་ཁུལ་ཁྱིམ་ཚང་ཁག་ཅིག་ནང་ཟླ་༣ ཚེས་༩ དགོང་དྲོ་གློ་བུར་ཉེན་རྟོག་པ་ཡོང་སྟེ་ྋགོང་ས་མཆོག་གི་སྐུ་པར་གྲངས་ཉིས་བརྒྱ་ལྷག་ཕྱིར་བསྡུ་བྱས་ཡོད་འདུག་པ་དང༌། དེའི་ཁྲོད་ནས་ཁྱིམ་ཚང་གཉིས་ལ་སྐུ་པར་ཉར་བའི་དོན་དུ་རྒྱ་སྒོར་ལྔ་བརྒྱ་རེའི་ཆད་པ་བཏང་འདུག ཚེས་༡༠ ཉིན་ས་གནས་དེའི་ཁུལ་དུ་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་འགྲེམས་བྱས་པའི་གནས་ཚུལ་ཐོན་འདུག
རྡི་ཚ་དགོན་པས་ཞི་རྒོལ། ཟླ་༣ ཚེས་༡༠ ཉིན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ཁུལ་དཔའ་ལུང་རྫོང་ཁོངས་སུ་ཡོད་པའི་རྡི་ཚ་དགོན་པར་རྒྱ་མིའི་ལས་བྱེད་༢༠ ཙམ་ཡོང་སྟེ་ཚོགས་འདུ་འཚོག་སྐབས་དགེ་འདུན་པ་གྲངས་༧༠ ཙམ་ནས་ཉན་འཇོག་མ་བྱས་པར་ྋགོང་ས་མཆོག་གི་སྐུ་པར་ཁྱེར་ཏེ་བོད་རང་བཙན་གྱི་སྐད་འབོད་བྱེད་བཞིན་རྫོང་ཡོད་སར་བསྐྱོད་འདུག་ལ། དགོན་པའི་རྒྱབ་ངོས་སུ་རི་ཆུང་ཞིག་ཡོད་པ་དེར་བསངས་གསོལ་དང་འབྲེལ་རྒྱ་གར་ནས་ཞི་བའི་གོམ་བགྲོད་ཡོང་མཁན་ཚོར་རྒྱབ་སྐྱོར་ཡོད་ཅེས་བཤད་པ་སོགས་བྱུང་འདུག བསངས་གསོལ་གཏོང་སྐབས་དགེ་འདུན་པ་དང་མི་སྐྱ་བསྡོམས་མི་གྲངས་བཞི་བརྒྱ་མ་ཟིན་ཙམ་ཡོད་ཚོད་འདུག་ཀྱང༌། འཛིན་བཟུང་བྱས་པའི་གནས་ཚུལ་ད་བར་ཐོན་མི་འདུག
དཀར་མཛེས་ཁུལ་དུ་ཞི་རྒོལ། ཟླ་༣ ཚེས་༡༠ ཉིན་དཀར་མཛེས་ཁུལ་དུའང་བོད་རང་བཙན་སྐོར་གྱི་སྦྱར་ཡིག་སྦྱར་འགྲེམས་དང༌། སྐད་འབོད་བྱས་པའི་གནས་ཚུལ་བྱུང་འདུག་ཀྱང་ཞིབ་ཕྲའི་གནས་ཚུལ་ད་ལྟ་ཤེས་རྟོགས་མི་ཐུབ་པར་གནས་ཡོད།
ལྷ་སར་དམ་དང་བོད་ལྗོངས་སློབ་ཆེན་སོགས་ལ་དམ་དྲག ཟླ་༣ ཚེས་༡༠ དགོང་དྲོ་ལྷ་སའི་ནང་དམ་དྲག་ཤུགས་ཆེ་ཡོད་པ་དང་དགེ་འདུན་པ་ཚོས་ངོ་རྒོལ་བྱ་སྐབས་འཇིགས་ཞུམ་མེད་པའི་རྣམ་འགྱུར་དང༌། མི་མང་གིས་དེར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བསྟན་པའི་དབང་གིས་ལྷ་སའི་བར་སྐོར་གཡས་གཡོན་དུ་ཆེད་བཙུགས་བྱས་ཡོད་པའི་ལས་བྱེད་ངོ་མ་མིན་པའི་འཕྲལ་སེལ་བདེ་འཇགས་པ་ཁག་ཅིག་གིས་དེ་འདྲ་བཀག་འགོག་ཐུབ་ས་མ་རེད་ཅེས་ས་གནས་ནས་བྲོས་བྱོལ་ཕྱིན་པའི་གནས་ཚུལ་འདུག ཚེས་༡༠ དགོང་དྲོ་ནས་བཟུང་བཙོན་ནས་གློད་བཀྲོལ་ཟིན་པའི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གི་ཁྱིམ་ཚང་ནང་གློ་བུར་དུ་སྔོག་བཤེར་བྱས་ཡོད་པ་མ་ཟད། སྔོག་བཤེར་སྐབས་འོད་སྡེར་འདྲ་མིན་ཡོད་མེད་དང་འཕྲུལ་ཆས་རིགས་བེད་སྤྱོད་བྱེད་ཀྱི་ཡོད་མེད་ལ་དམིགས་བསལ་ཞིབ་འཇུག་བྱས་པའི་གནས་ཚུལ་ཐོན་འདུག་ལ།གནས་ཚུལ་དེ་འདྲའི་རྐྱེན་པས་ལྷ་ས་གྲོང་ཁྱེར་ཉེ་ཁུལ་རྫོང་ཁག་གི་ས་གནས་སོ་སོར་འབྲེལ་ཡོད་ཚན་པས་ཚོགས་འདུ་བསྐོང་ཚོགས་བྱས་ཏེ་མང་ཚོགས་རྣམས་གནས་སྐབས་རིང་ལྷ་སར་བསྐྱོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག དེ་མིན་ཚེས་༡༡ ཞོགས་དྲོ་ནས་བཟུང་གྲོང་ཁྱེར་ལྷ་སའི་ཁོངས་ཀྱི་ལས་ཁུངས་ཁག་གི་ལས་བྱེད་ཕྱི་ལ་གུང་སེང་དུ་ཡོད་པ་རྣམས་འཕྲལ་དུ་ལས་བཅར་དགོས་པ་བཀའ་རྒྱ་བཏང་ཡོད་འདུག བོད་ལྗོངས་སློབ་ཆེན་གཙོས་པའི་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱང་ཕྱི་ཕྱོགས་སུ་འགྲོ་བསྐྱོད་བྱ་རྒྱུར་དམ་དྲག་ཤུགས་ཆེ་བྱས་ཏེ་ཐོ་འགོད་བྱེད་བཞིན་ཡོད་པ་དང༌། སློབ་ཕྲུག་ལྔ་ཙམ་འཇུ་བཟུང་བྱས་ཡོད་འདུག

ཆུ་བཟང་དགོན་པའི་བཙུན་མས་ཞི་རྒོལ།

ཟླ་༣ ཚེས་༡༢ ཉིན་བོད་ནང་གི་ཞོགས་དྲོའི་ཆུ་ཚོད་༡༠ ཙམ་དུ་ཆུ་བཟང་དགོན་པའི་བཙུན་མ་བརྒྱ་ལྷག་དགོན་པ་ནས་ཐོན་ཏེ་ལྷ་སའི་བར་སྐོར་ནང་ཞི་བའི་སྐད་འབོད་བྱེད་པར་འགྲོ་སྐབས་ལམ་བར་དུ་དྲག་ཆས་དམག་མིས་བཀག་འགོག་བྱས་ཏེ་བཙུན་མ་རྣམས་རང་སོར་དགོན་པར་ཕྱིར་སློག་བཏང་བ་དང༌། ཚེས་༡༣ ཞོགས་དྲོར་བཙུན་མ་རྣམས་སླར་ཡང་ལྷ་སའི་བར་སྐོར་ནང་སྐད་འབོད་བྱས་འདུག
དགའ་ལྡན་དགོན་པར་ཞི་རྒོལ། ཟླ་༣ ཚེས་༡༢ ཉིན་དགའ་ལྡན་དགོན་པའི་ནང་སྐད་འབོད་བྱས་རྗེས་དགའ་ལྡན་དགོན་པའི་མཐའ་ཡོངས་སུ་དྲག་ཆས་དམག་མིས་བསྐོར་ཡོད་ཅིང༌། ཕྱི་ཕྱོགས་སུ་འབྲེལ་ལམ་བྱ་རྒྱུར་བཀག་འགོག་བྱས་འདུག།

སྟོད་ལུང་བདེ་ཆེན་རྫོང་ལ་དྲག་གནོན།

ཟླ་འདིའི་ཚེས་༡༧ ཉིན་སྟོད་ལུང་བདེ་ཆེན་གྲོང་ཚོའི་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་འོག་མི་མང་བརྒྱ་ཕྲག་ཁ་ཤས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བརྟེན། མི་མང་ལ་ཉེས་རྡུང་ཚབས་ཆེན་བཏང་བ་དང༌། བརྒྱ་ཙམ་འཛིན་བཟུང་བྱས་ཡོད་འདུག མི་སུམ་བཅུ་ལྷག་འཛིན་བཟུང་བྱས་པ་ཤེས་རྟོག་གསལ་བོ་བྱུང་ཡོད་པའི་ནང༌། བདེ་ཆེན་གྲོང་ཚོའི་གྲྭ་བསམ་འགྲུབ་དང༌། བུད་མེད་ཚེ་རིང་སྒྲོལ་དཀར། སྐྱེས་པ་བློ་བཟང་བཅས་འཛིན་བཟུང་གིས་གློག་དབྱུག་སོགས་ཀྱིས་གཞུས་ནས་རྡུང་རྡེག་ཚབས་ཆེན་བཏང་ཡོད་པ་རེད། ད་ལྟ་དམག་གི་གྲངས་འབོར་ཧ་ཅང་མང་དུ་བཏང་ནས། དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག

ཞི་བའི་གོམ་བགྲོད་སྡེ་ཚན་གཉིས་པ་དེ་བསྐྱོད་བཞིན་ཡོད་པ་རེད།

འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་དང་སྟབས་བསྟུན་ནས། ཚོགས་པ་ལྔའི་གོ་སྒྲིག་འོག་བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་མཁན་མི་བརྒྱ་དང༌། གོ་སྒྲིག་པ་གཉིས་བཅས་ཀང་ར་རྫོང་ལྡེ་ར་ས་གནས་ནས་ཚེས་༡༣ ཉིན་རྒྱ་གར་སྐོར་སྲུང་བས་འཇུ་བཟུང་གིས་བཙོན་འཇུག་བྱས་ཡོད་ནའང༌། ཚེས་༡༥ ཉིན་ས་གནས་དེའི་ཉེ་འགྲམ་ནས་གོམ་བགྲོད་པ་སྡེ་ཚན་གཉིས་པ་དེ་དངོས་སུ་འགོ་འཛུགས་ཀྱིས་མུ་མཐུད་བསྐྱོད་བཞིན་ཡོད་པ་རེད། ལས་འགུལ་དེའི་ནང་གོམ་བགྲོད་པ་༤༢ ཡོད་པ་དང༌། དེའི་ནང་མི་སྐྱ་བུ་གཉིས་དང༌། བུད་མེད་གཅིག་ལས་གཞན་ཚང་མ་གྲྭ་བ་དང༌། བཙུན་མ་ཡིན་པ་རེད།
    ཟླ་འདིའི་ཚེས་༡༦ ཉིན་ལས་འགུལ་བའི་སར་ཆེ་བསྐྱོད་ཀྱིས་ལས་འགུལ་གོ་སྒྲིག་པའི་ཚོགས་མི་དབུས་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་ཚེ་དབྱངས་ལགས་སུ་ལས་འགུལ་སྡེ་ཚན་དང་པོ་དེ་བཀག་ནའང་གཉིས་པ་ཞིག་ལམ་སེང་འགོ་འཛུགས་ཐུབ་པར་ཚོར་སྣང་དང༌། ད་ལྟ་བར་དུ་ལས་འགུལ་བ་སྡེ་ཚན་གཉིས་པ་དེ་མ་བཀག་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་སྐོར་བཅར་འདྲི་ཞུས་པར། ཁོང་གིས་གསུང་དོན། ¿ང་རང་གིས་གོ་སྒྲིག་ཚོགས་ཆུང་ནང་དུ་ལས་ཀ་བྱེད་བཞིན་པ་ཡིན། གང་མགྱོགས་མགྱོགས་ལས་འགུལ་གཉིས་པ་དེ་འགོ་འཛུགས་ཐུབ་ན་བསམ་སོང༌། འགོ་མ་བཙུགས་གོང་ནས་རྒྱ་གར་སྐོར་སྲུང་བའི་ཤེས་རྟོགས་བྱུང་ནས་འཇུ་བཟུང་བྱས་ན་མ་འགྲིག་པ་རེད་བསམས་ནས་དངངས་སྐྲག་ཞེ་དྲག་སྐྱེས་སོང༌། མི་མང་པོ་ཞིག་གིས་ཡིད་ཆེས་བྱས་ཡོད་པ་རེད། རྒྱ་གར་གྱི་ད་ལྟ་མ་བཀག་པ་དེ་ཉེ་ཆར་ལས་འགུལ་བ་དང་པོ་དེ་བཀག་རྗེས། དྷ་སར་མི་མང་གིས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཡོད་པ་རེད། བོད་ནང་དུ་ཟིང་འཁྲུག་ཆེན་པོ་ལངས་པ་ལ་བརྟེན་ནས། རྒྱ་གར་ཧི་མ་ཅལ་གཞུང་ཡིན་ནའང་བློ་འཚབ་ཀྱི་ཐོག་ནས་ད་དུང་མ་བཀག་པ་རེད་བསམ་གྱི་འདུག་¿ཅེས་དང༌། མ་འོངས་པར་བཀག་གི་རེད་བསམ་པའི་སེམས་འཚབ་དང༌། གལ་སྲིད་བཀག་ན་གདོང་ལེན་ག་འདྲ་གནང་ཐུབ་ཀྱི་རེད་དགོངས་ཀྱི་ཡོད་དྲིས་པ་ན། ཁོང་གིས་གསུང་དོན། ¿ང་རང་ངོས་ནས་ཞུས་ན། རྒྱ་གར་གཞུང་གིས་བཀག་ནའང༌། ང་ཚོས་ལས་འགུལ་མུ་མཐུད་གོ་སྒྲིག་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ལས་འགུལ་ཞིག་འགོ་བཙུགས་ཟིན་པ་རེད། རྒྱུན་འཁྱོངས་བྱེད་རྒྱུ་དེ་ང་རང་ཚོའི་ངོས་ནས་ཐག་གཅོད་བྱས་དང་མ་བྱས་འདྲ་རེད་མ་གཏོགས། རྒྱ་གར་གཞུང་གིས་བཀག་གི་འདུག ང་རང་ཚོས་ལས་ཀ་བྱེད་ཀྱི་མིན་ལབ་ན་འགྲིག་གི་མ་རེད། ད་ལྟ་ཆོད་སེམས་བརྟན་པོ་ཡོད། ལས་འགུལ་དེ་ཨོ་ལིམ་ཕིག་འགོ་མ་བཙུགས་བར་དུ་མུ་མཐུད་ནས་འགྲོ་རྒྱུ་རེད་བསམ་གྱི་འདུག་¿ཅེས་དང༌།
    གོམ་བགྲོད་པ་གྲྭ་བློ་བཟང་བྱམས་པ་ལགས་སུ་ལས་འགུལ་བ་སྡེ་ཚན་དང་པོ་བཀག་ཡོད་པ་རེད། སྡེ་ཚན་གཉིས་པ་དེ་འགོ་འཛུགས་ཀྱིས་ཁྱེད་རང་དངོས་སུ་འཛུལ་ཞུགས་བྱེད་ཐུབ་པར་ཚོར་སྣང་ག་འདྲ་འདུག ད་ལྟར་བར་དུ་གཞུང་གིས་མ་བཀག་པ་དེ་ག་རེ་བྱས་ནས་རེད་དགོངས་ཀྱི་ཡོད་ཅེས་བཅར་འདྲི་ཞུས་པར༌། ¿ལས་འགུལ་བ་དང་པོ་བཀག་བསྡད་ཡོད་པ་རེད། སེམས་འཚབ་ཞེ་དྲག་སྐྱེས་སོང༌། ལས་འགུལ་གཉིས་པ་སྤེལ་ཐུབ་པ་དེར་ང་རང་ཞེ་དྲག་དགའ་བོ་བྱུང༌། བོད་ནང་དུ་རྙོག་གྲ་ཞེ་དྲག་ལངས་བསྡད་ཡོད་པ་རེད། རྒྱ་གར་ནང་གི་བོད་རིགས་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཚང་མས་མི་རིགས་ཀྱི་དོན་དུ་དཀའ་ལས་བརྒྱབ་པ་ལ་བརྟེན་ནས་རྒྱ་གར་གཞུང་གིས་བསམ་བློ་བཏང་བ་རེད་བསམ་གྱི་འདུག་¿ཅེས་དང༌།  ལས་འགུལ་འདི་བཀག་ན་དེ་རྗེས་ནས་ང་ཚོས་ག་རེ་བྱེད་ཐུབ་ཀྱི་རེད་དགོངས་ཀྱི་ཡོད་དྲིས་པ་ན། ¿ལས་འགུལ་བ་དང་པོ་དེ་བཀག་ནས། ང་ཚོ་མུ་མཐུད་དུ་འགྲོ་ཡི་ཡོད་པ་རེད། ང་ཚོ་བཀག་ནས་ཉིན་ཁ་ཤས་ལ་བཙོན་ཁང་ནང་བཅུག་མདོག་ཁ་པོ་རེད། མར་གློད་ཡོང་དུས་མུ་མཐུད་དུ་འགྲོ་རྒྱུར་གང་ཐུབ་བྱེད་རྒྱུ་ཡིན། སླེབས་ས་དེར་སླེབས་ཐུབ་པ་བྱེད་རྒྱུ་ང་ཚོའི་དམིགས་ཡུལ་རེད། དེ་མ་ཡིན་པའི་ལས་འགུལ་གསུམ་པ་བཞི་པ་ཡོང་མདོག་རེད། ང་ཚོས་དམིགས་ཡུལ་དེ་འགྲུབ་ཀྱི་རེད་བསམ་གྱི་འདུག་¿ཅེས་འགྲེལ་བརྗོད་གནང་སོང༌།།

འབྲས་སྤུངས་དུ་རྒྱ་གཞུང་ལ་བོད་མིའི་ཞི་རྒོལ།

གྲྭ་པ་གཉིས་ཀྱིས་རང་ལུས་ལ་གྲིས་རྨ་བཟོས་ཏེ། ལུས་ནས་ཁྲག་འཛག་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། ད་ལྟ་ཁོང་གཉིས་གྲྭ་པ་རྣམས་ཀྱིས་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།       ཟླ་འདིའི་ཚེས་༡༠ ཉིན་ཏེ། གསུམ་བཅུའི་དུས་དྲན་ཉིན་ལྷ་སར་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པ་དང༌། ལྷག་པར་དུ་ཚེས་༡༢ ཉིན་འབྲས་སྤུངས་དགོན་པའི་དགེ་འདུན་པ་སྟོང་ཕྲག་ལྷག་གིས་ྋགོང་ས་མཆོག་བོད་ལ་ཕེབས་དགོས་པ་དང༌། བོད་ལ་རང་དབང་དགོས། བོད་རང་བཙན་ཡིན་ཞེས་སྐད་འབོད་ཀྱིས་རྒྱལ་ས་ལྷ་སའི་ཕྱོགས་སུ་ཞི་བའི་གོམ་བགྲོད་བྱེད་སྐབས། རྒྱ་དམག་འབོར་ཆེན་སླེབས་ནས་དགེ་འདུན་པ་རྣམས་མཐའ་བསྐོར་ཏེ། འགྲོ་མ་བཅུག་པའི་སྐབས། རྔ་བ་ཀིརྟི་དགོན་པའི་གྲྭ་སྐལ་བཟང་དང་ཁོང་གི་རོགས་པ་རྔ་བ་ཀིརྟི་དགོན་གྱི་གྲྭ་དམ་ཆོས་གཉིས་ཀྱིས་རང་གི་ལུས་ལ་གྲིས་རི་མོ་དང་ཡི་གེ་གང་ཡིན་མི་ཤེས་པ་བྲིས་ནས་ཁྲག་གིས་ལུས་ཡོངས་རྫོགས་ཁྲག་གིས་ཁེངས་ཡོད་ནའང༌། གྲྭ་མང་གིས་དབུས་ནས་ཐོན་ཏེ་སྐད་འབོད་སྣ་ཚོགས་བྱེད་སྐབས། དམག་མི་རྣམས་ཀྱིས་འཛིན་མ་ཐུབ་པར་ལམ་སེང་གྲྭ་མང་གིས་འཇུས་ནས་དགོན་པའི་ཉེ་འགྲམ་གྱི་སྨན་ཁང་དུ་བསྐྱལ་ཏེ། སྲོག་ཉེན་ལས་སྐྱོབ་ཐུབ་ཙམ་བྱུང་ནའང༌། ད་དུང་སྨན་ཁང་དུ་ཡོད་པ་རེད། དེ་སྔོན་རྔ་བ་ཀིརྟི་དགོན་པའི་ཉེ་འགྲམ་དུ་རྒྱ་མིའི་ཉེན་རྟོག་པ་སྡོད་སའི་ཁང་པ་གསར་རྒྱག་སྐབས་གྲྭ་བ་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་ནས་ཤེལ་སྒོ་མང་པོ་བཅག་པར་བརྟེན། སྐལ་བཟང་ལགས་རང་ལོ་༡༧ སྐབས་མནར་གཅོད་དྲག་པོ་བཏང་སྟེ། ཟླ་གཉིས་དང་ཉིན་བཅོ་བརྒྱད་རིང་བཙོན་ཁང་དུ་བཀག་ཉར་དང༌། རྒྱ་སྒོར་དྲུག་སྟོང་གི་ཉེས་ཆད་བཅད་ཡོད་པ་རེད།།

མདོ་སྨད་འབོ་ར་ཨ་མཆོག་ཏུ་ཞི་རྒོལ།

ཕྱི་ཚེས་༡༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༩ དང་ཕྱེད་ཀ་ཙམ་ལ་འབོ་ར་ཨ་མཆོག་ས་གནས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐད་འབོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
    ཨ་མཆོག་དགོན་པའི་དགེ་འདུན་པ་རྣམས་ཀྱིས་འགོ་ཁྲིད་དེ་ཨ་མཆོག་དགོན་པ་ནས་འགོ་བཙུགས་ཏེ་ཞང་ཐོག་བར་ྋགོང་ས་མཆོག་ཁྲི་ལོར་བརྟན་པར་ཤོག ྋགོང་ས་མཆོག་བོད་ལ་གང་མྱུར་ཆིབས་བསྒྱུར་གནང་འཇུག་དགོས་ཞེས་པ་དང༌། པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མྱུར་དུ་གློད་བཀྲོལ་དགོས་པ། བོད་རང་བཙན་ཡིན་ཞེས་འབོད་ཚིག་སྣ་ཚོགས་བསྒྲགས་ཏེ། ཤང་ཐོག་གི་རྫོང་སྤྱི་བདེ་ཡན་ལག་ལས་ཁུངས་ཀྱི་རྒྱ་མིའི་རྒྱལ་དར་མར་ཕབས་ཏེ། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པར། ཕྱོགས་ཕན་ཚུན་བར་རྣམ་འགྱུར་ལེགས་པོ་མ་བྱུང་སྟབས། ས་གནས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རླངས་འཁོར་དང་སྒོ་དང་སྒེའུ་ཁུང་སོགས་ལ་རྡོ་གཞུས་ནས་གཏོར་སྐྱོན་བཏང་ཡོད་པ་མ་ཟད། ཤང་སྲིད་གཞུང་ཡང་གཏོར་སྐྱོན་བཏང་ཡོད་པ་དང༌། དེ་བཞིན་དགོན་པའི་འཁྲིས་ཀྱི་དམག་སྒར་རྙིང་བ་དེ་ཡང་གཏོར་ཡོད་འདུག
    ཐེངས་འདིར་དགེ་འདུན་པ་༣༠༠ མི་སྐྱ་༡༠༠ ལྷག་འདུ་འཛོམས་བྱུང་ཡོད་པ་དང༌། ཉིན་རྒྱབ་བླ་བྲང་བཀྲ་ཤིས་འཁྱིལ་ནས་ཀུན་མཁྱེན་རིན་པོ་ཆེ་དང༌། དབལ་མང་ཚང་སོགས་ཀྱི་གསུང་འཕྲིན་བཀའ་ནན་འཁྱེར་བའི་བླ་བྲང་དགོན་པའི་བླ་སྤྲུལ་འགའ་ཆེད་དུ་ཨ་མཆོག་དགོན་པར་ཕེབས་ནས་ངོ་རྒོལ་ལས་འགུལ་མཚམས་འཇོག་དགོས་པའི་བཀའ་སློབ་གནང་བཞིན་ཡོད་འདུག
    ཧོར་ཟླ་༢ ཚེས་༡༡ ཨ་མཆོག་ཚོ་བ་བརྒྱད་ཀྱིས་བབ་བློན་ཟེར་བའི་ལ་རྩེ་གཏོད་རྒྱུའི་དུས་ལ་སླེབས་ཡོད་སྟབས། ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡང་ཆེན་པོ་ཡོད་པ་རེད་འདུག གནས་ཚུལ་མཁོ་སྤྲོད་པ་ཨ་འཇིགས།

གཅིག་སྒྲིལ་རྫོང་དུ་དྲག་གནོན།

ཟླ་འདིའི་ཚེས་༡༨ ཉིན་མགོ་ལོག་གཅིག་སྒྲིལ་རྫོང་དཔལ་ཡུལ་དགོན་པའི་དགེ་འདུན་པས་སྣེ་ཁྲིད་ནས་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་དང༌། སྲིད་གཞུང་དང༌། སྤྱི་བདེ་ལས་ཁུངས། སློབ་གྲྭ་བཅས་ཀྱི་སྒོ་རུ་བོད་རང་བཙན་ཡིན་པའི་སྐད་འབོད་དང༌། རྒྱ་མིའི་རྒྱལ་དར་མར་ཕབས་ནས་བོད་ཀྱི་རྒྱལ་དར་ཡར་འཕྱར་བ་སོགས་བྱས་ཡོད་འདུག དེ་རྗེས་ལས་འགུལ་མཚམས་འཇོག་བྱས་ཡོད་པ་དང༌། ད་ལྟ་བར་འཇུ་བཟུང་དང༌། དམར་གསོད་སོགས་བྱས་མེད་ནའང༌། རྒྱ་ནག་གི་གནད་ཡོད་མི་སྣ་རྣམས་ཀྱིས་དམ་དྲག་བྱེད་སྟངས་སྐོར་ལ་ཚེས་༡༨ ཉིན་ཚོགས་འདུ་འཚོགས་ཡོད་པས། མི་མང་གིས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག།


འཛམ་གླིང་གི་གནད་ཡོད་མི་སྣ་ཁག་ཅིག་གིས་བོད་དོན་གླེང་བ།

བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་༤༩ པའི་དུས་དྲན་ཉིན་ནས་བཟུང་མུ་མཐུད་བོད་ཆོལ་ཁ་གསུམ་གྱི་ས་གནས་གང་ས་ནས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེར་རྒྱལ་ཁབ་འདྲ་མིན་གྱི་གནད་ཡོད་མི་སྣ་དང༌། བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་རྒྱ་ནག་གི་དྲག་གནོད་ལ་སྐྱོན་བརྗོད་དང༌། བོད་མི་འཇུ་བཟུང་བྱས་པ་རྣམས་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།         ཧཕ་རན་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བོད་ནང་རྟོགས་ཞིབ་ཆེད་རྒྱ་ནག་ལ་ཐོང་མཆན་སྤྲོད་དགོས་པའི་དགོས་འདུན་བཏོན་ཡོད་པ་དང༌། ཧཕ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དྲུག་ཅུ་ལྷག་གིས་བདུན་ཕྲག་གཅིག་གི་ནང་ཚུན་ལྷ་སར་བསྐྱོད་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད། དེ་བཞིན་ཧཕ་རན་སིའི་ཤེས་རིག་བློན་ཆེན་ཟུར་པ་མཆོག་གིས་ཧཕ་རན་སི་གཞུང་གི་ངོས་ནས་རྒྱ་ནག་ལ་ངོ་རྒོལ་མཚོན་ཆེད་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ནས་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
ཡོ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གིས་བོད་མིར་དྲག་གནོན་བྱེད་རྒྱུ་མཚམས་འཇོག་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
དབྱིན་ཇི་ཕྱི་སྲིད་བློན་ཆེན་མཆོག་གིས་ཡོ་རོབ་ཀྱི་རྒྱལ་ཁབ་ཡོངས་ནས་རྒྱ་ནག་ལ་བོད་ནང་གི་རྔམ་སྟོན་ཁྲོམ་སྐོར་དེ་གསལ་བཤད་དགོས་པར་ཤུགས་གནོན་རྒྱག་དགོས་པ་དང༌། རྒྱ་ནག་གིས་དྲག་གནོན་མཚམས་འཇོག་དང༌། དོན་དམ་གྱི་གྲོས་མོལ་འགོ་འཛུགས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཅེས་གསུངས་ཡོད་པ་རེད། ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་གཞུང་ལ་ྋགོང་ས་མཆོག་དང་ལྷན་གྲོས་མོལ་དགོས་པའི་དེ་སྔོན་གྱི་འབོད་སྐུལ་བསྐྱར་གླེང་བྱས་ཡོད་པ་དང༌། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་སྲུང་བརྩི་དགོས་སྐོར་གསུངས་ཡོད་པ་རེད། རྒྱལ་སྤྱིའི་མཉམ་འབྲེལ་མཐུན་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་གཙོ་འཛིན་གྱིས་རྒྱ་ནག་གཞུང་གི་ངོས་ནས་བོད་མིར་གཏམ་བརྗོད་རང་དབང་སྤྲོད་དགོས་པ་དང༌། དྲག་གནོན་བྱེད་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་རེད། ལོན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཞི་རྒོལ་བར་དྲག་གནོན་དང་འཛིན་བཟུང་བྱས་པར་ཁ་རྡུང་བཏང་བ་མ་ཟད། མི་མང་གིས་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་པ་སོ་སོའི་ཐོབ་ཐང་ཡིན་པས། དེ་ལ་དྲག་གནོན་འཛིན་བཟུང་བྱས་པ་དེ་རྒྱལ་སྤྱིའི་ཁྲིམས་དང་འགལ་བས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་ནན་བརྗོད་གནང་ཡོད་པ་རེད། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་རྒྱ་ནག་ལ་སྐྱོན་བརྗོད་ཤུགས་ཆེན་གནང་བ་དང༌། ཨ་རིའི་གཞུང་ནས་ཀྱང་རྒྱ་ནག་གིས་བོད་མིར་དྲག་གནོན་བྱས་པ་དེར་ཡོངས་གྲགས་སྐྱོན་བརྗོད་དགོས་པ། འཛིན་བཟུང་བྱས་པ་རྣམས་གར་ཡོད་རྩད་གཅོད་ནན་མོ་བྱེད་དགོས་པ། འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པ་དང༌། གསར་འགོད་པར་བོད་ནང་གི་གནས་སྟངས་དང༌། རྒྱ་ནག་གིས་འཛིན་བཟུང་བྱས་པ་རྣམས་རྩད་གཅོད་ཞིབ་ནན་དགོས་སྐོར་གསུངས་ཡོད་པ་རེད།།

གསུམ་བཅུའི་དུས་དྲན་རྗེས་ཕྱི་སྡོད་བོད་མིས་བོད་དོན་ལས་འགུལ་སྤེལ་བ་ཁག་སྙིང་བསྡུས།

བོད་རིགས་རྣམས་གནས་སྡོད་བྱེད་སའི་ས་གནས་གང་སར་གསུམ་བཅུའི་དུས་དྲན་ཐེངས་༤༩ པའི་ཉིན་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་དང༌། དེ་བཞིན་རྒྱ་གཞུང་གིས་བོད་ནང་དྲག་གནོན་བཏང་བ་དེར་སྐྱོན་བརྗོད་དང༌། བོད་རིགས་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ཞི་བའི་ངོ་རྒོལ་མུ་མཐུད་བྱེད་བཞིན་ཡོད་པ་རེད།
    ཟླ་འདིའི་ཚེས་༡༤ དགོང་མོར་དྷ་ས་ས་གནས་གཞོན་ནུའི་གོ་སྒྲིག་འོག་མར་མེའི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པ་དང༌། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་འཐུས་མི་ཁག་ཅིག་དང༌། སེར་སྐྱ་མི་མང་སྟོང་ཕྲག་མང་པོས་དྷ་ས་ཐེག་ཆེན་གཙུག་ལག་ཁང་ལ་མཐའ་སྐོར་བྱས་ཏེ། གཙུག་ལག་ཁང་དུ་འཛོམས་ནས། བོད་དོན་ཆེད་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་བ་དང༌། ྋགོང་ས་མཆོག་གིས་བོད་ནང་གི་ཞི་རྒོལ་བྱས་པ་དེར་གསུང་འཕྲིན་ཞིག་གནང་ཡོད་པ་དེ་ས་གནས་གཞོན་ནུའི་རྒྱུན་ལས་ཀྱིས་དབྱིན་བོད་གཉིས་ཐོག་སྒྲོགས་སྦྱང་གནང་སོང༌། གསུང་འཕྲིན་དེའི་ནང་དུ་¿བོད་ནང་དུ་འབྱུང་བཞིན་པའི་གནས་སྟངས་དང་དེའི་རྗེས་ཀྱི་ལྷ་ས་གཙོས་པའི་བོད་ནང་གི་ས་གནས་གང་སར་ཞི་བའི་ངོ་རྒོལ་བྱེད་བཞིན་པའི་ཐོག་ལ་ང་རང་བློ་འཚབ་ཆེན་པོ་འདུག ངོ་རྒོལ་དེ་ཚོའི་རིགས་ནི་བོད་མི་ཚོའི་སེམས་ནང་ལ་ད་ལྟའི་གཞུང་གི་དབང་འཛིན་འོག་ནས་སྐྱེས་པའི་གཏིང་ཟབ་ཀྱི་འཁོན་འཛིན་ཡོད་པའི་རྣམ་པ་ཞིག་ཡིན་པ་རེད།
    དྲག་པོའི་ལམ་ནས་རྡོག་རྩ་ཆིག་སྒྲིལ་དང་སྲ་བརྟན་ཡོང་བར་འབད་བརྩོན་བྱ་རྒྱུ་ནི་འཕྲལ་སེལ་གྱི་ཐབས་ལམ་ཞིག་ཡིན་པར་ངས་ནམ་རྒྱུན་དུ་ཤོད་ཀྱི་ཡོད། དེ་འདྲའི་འཛིན་སྐྱོང་འོག་ཚད་ལྡན་གྱི་རྡོག་རྩ་ཆིག་སྒྲིལ་དང་སྲ་བརྟན་ཡོང་བར་རེ་སྒུག་བྱ་རྒྱུ་ནི་སྟོང་བསམ་ཁོ་ན་ཡིན་པ་ལས་དངོས་གནས་རྩ་བ་ནས་མིན། དེར་བརྟེན་དེའི་རིགས་ནི་ཞི་བདེ་དང་ཡུན་རིང་བརྟན་པའི་ཐབས་ལམ་གཏན་ནས་མིན་པས། ངས་རྒྱ་ནག་གཞུང་གི་འབྲེལ་ཡོད་དབུ་ཁྲིད་ཚོ་ལ་ངོ་རྒོལ་དེའི་ཐོག་དྲག་ཤུགས་གཏོང་རྒྱུ་མཚམས་འཇོག་གནང་རྒྱུ་དང༌། རྒྱུན་རིང་ཁོལ་བའི་བོད་མི་ཚོར་འཁོན་འཛིན་ཡོད་པ་དེ་ལ་བོད་མི་ཚོའི་མཉམ་དུ་ཞི་བའི་གྲོས་མོལ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་བོད་མི་ཚོར་ཡང་དྲག་པོའི་ལམ་དུ་མ་འགྲོ་རོགས་ཞེས་ནན་སྐུལ་བྱེད་རྒྱུ་ཡིན།¿ཞེས་སོགས་འཁོད་ཡོད་པ་རེད། དེ་རྗེས་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང༌། དབུས་གཞོན་ནུའི་དྲུང་ཆེ་དོན་གྲུབ་ལྷ་དར་ཀྱིས་བོད་མིའི་ཞི་རྒོལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད།
    ཟླ་འདིའི་ཚེས་༡༤ ཉིན་བོད་མི་ཚོ་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་བྱས་པར་བརྟེན། མི་༦༢ རྒྱ་ནག་གཞུང་ཚབ་ནང་དུ་ཤོར་བར་བརྟེན། གཅིག་གི་ཐོད་པ་རྩིག་པར་བརྡུང་ནས་རྨས་སྐྱོན་ཆེན་པོ་བྱུང་ཡོད་པ་དང༌། གཅིག་ཉེན་རྟོག་པས་བཀག་འགོག་དང༌། འཐེན་ཁྱེར་གྱིས་ལག་པ་བཅག་ཡོད་པ་རེད། གཞན་རྣམས་རྒྱ་གར་སྐོར་སྲུང་བས་འཇུ་བཟུང་གིས་ལྡི་ལི་ཏི་ཧར་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད།
    ཨ་རིར་ཡོད་པའི་བོད་མི་རྣམས་ཀྱིས་ས་གནས་དེའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ཤུགས་ཆེན་བྱེད་སྐབས། བོད་མི་གཉིས་གཞུང་ཚབ་ཀྱི་མོ་ཊའི་ཐོག་ཏུ་མཆོང་བ་སོགས་ངོ་རྒོལ་ཤུགས་ཆེན་བྱས་མཐར་སྐོར་སྲུང་བས་བཀག་འགོག་དང༌། ཁ་ཤས་ལ་ཉེས་རྡུང་ཡང་བཏང་ཡོད་པ་མ་ཟད། མི་གསུམ་ཙམ་བཙོན་འཇུག་ཀྱང་བྱས་ཡོད་པ་རེད། དེ་བཞིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་བོད་དོན་ངོ་རྒོལ་བྱས་པ་དང༌། བོད་རིགས་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་འཛུལ་ནས་བོད་སྐྱོབ་དགོས་པའི་སྐད་འབོད་ཤུགས་ཆེན་བྱས་པར་བརྟེན། ས་གནས་དེའི་བོད་ཀྱི་གཞོན་ནུའི་ཚོགས་གཙོ་དང༌། བོད་མི་ཁག་ཅིག་བཙོན་འཇུག་བྱས་ཡོད་པ་རེད།
    ཁེ་ན་ཌའི་གྲོང་ཁྱེར་ནང་བོད་དོན་ངོ་རྒོལ་སྤེལ་སྐབས་བོད་རིགས་ལོ་༡༥ ཅན་ཞིག་ལ་རྒྱ་ནག་གཞུང་ཚབ་ཀྱི་ལས་བྱེད་ཀྱིས་ཉེས་རྡུང་ཚབས་ཆེན་བཏང་ཡོད་འདུག ཨོ་སི་ཊོ་ལི་ཡའི་གཞུང་ཚབ་མདུན་དུ་བོད་རིགས་རྣམས་ཀྱིས་ངོ་རྒོལ་བྱེད་སྐབས་རྒྱ་ནག་གི་རྒྱལ་དར་མར་ཕབ་པ་དང༌། ས་གནས་ཀྱི་ཉེན་རྟོག་པ་ཞིག་རྒྱ་ནག་གི་གཞུང་ཚབ་ཀྱི་ལས་བྱེད་དང་ནོར་ནས་ཁོང་ལ་གདོང་ཐུག་རྒྱབ་པ་སོགས་ཀྱི་རྐྱེན་གྱིས་བོད་མི་གསུམ་བཞི་ཞིག་བཙོན་འཇུག་བྱས་ཡོད་པ་རེད། ཧོ་ལན་ཌིར་གནས་སྡོད་བོད་རིགས་རྣམས་དང༌། ཡུལ་དེའི་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང༌། གཞུང་ཚབ་ཐོག་གི་རྒྱལ་དར་མར་ཕབ་པ་སོགས་ཀྱིས་ལས་འགུལ་འདྲ་མིན་སྤེལ་སྐབས་སྐོར་སྲུང་བས་བཀག་འགོག་དང༌། དམ་དྲག་བྱེད་བཞིན་ཡོད་པ་རེད།
    བོད་ནང་དུ་རྒྱ་ནག་གིས་དྲག་གནོན་བྱས་པ་དང་སྟབས་བསྟུན་ཕྱི་སྡོད་བོད་རིགས་ཡོད་སའི་ས་གནས་གང་སར་དྭང་བླངས་ཀྱིས་ཟས་བཅད་ངོ་རྒོལ་དང༌། རྔམ་སྟོན་ཁྲོམ་སྐོར། བོད་སྐྱོབ་རེ་འབོད་སོགས་ལས་འགུལ་སྤེལ་མཁན་མང་དུ་འགྲོ་བཞིན་ཡོད་པ་དང༌། རང་ས་མ་ཡིན་པའི་དབང་གིས་ས་གནས་སོ་སོའི་སྐོར་སྲུང་བས་དམ་དྲག་དང་བཙོན་འཇུག ཉེས་རྡུང་བཏང་བ་སོགས་ཀྱི་གནས་ཚུལ་གང་མང་བྱུང་ཡོད་ནའང༌། རྒྱ་ནག་གི་དྲག་གནོན་བཞིན་དམར་གསོད་གཏོང་བ་སོགས་ཀྱི་གནས་ཚུལ་བྱུང་མེད་པ་མ་ཟད། བཙོན་འཇུག་བྱས་པ་རྣམས་ཀྱང་ཉིན་ཧ་ཅང་མང་པོར་བཀག་འགོག་བྱེད་ཀྱི་མེད་པ་རེད། །    

བོད་ནང་གི་དྲག་གནོན་སྐོར་གསར་འགོད་པ་དང་བར་ཐག་རིང་དུ་སོང་ཡོད།

ཟླ་༣ ཚེས་༡༧ ཉིན་ཧཕ་རན་སིའི་རྒྱལ་ས་པེ་རི་སིར་རྟེན་གཞི་བྱས་པའི་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་དཔྱད་བརྗོད་ཅིག་སྤེལ་ཡོད་པ་དང༌། དེའི་ནང་དོན་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་ཀྱི་མངའ་ཁུལ་གཞན་ཁག་ཏུ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་དང་ད་ལྟ་པེ་ཅིང་གཞུང་གིས་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་རྣམས་མཁོ་སྒྲུབ་བྱ་རྒྱུར་བཀག་འགོག་དང་དམ་དྲག དེ་བཞིན་བོད་ཀྱི་ས་ཁུལ་ཁག་དུ་ཕྱི་རྒྱལ་གསར་འགོད་པ་འགྲོ་བསྐྱོད་བྱ་རྒྱུར་ཡང་བཀག་འགོག ད་དུང་གསར་འགྱུར་གྱི་བརྒྱུད་ལམ་དྲ་རྒྱ་དང་རྒྱ་ནག་གི་གསར་འགྱུར་ཁག་ཏུའང་དམ་དྲག་ཤུགས་ཆེན་བྱེད་བཞིན་པར་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད།
    ཟླ་འདིའི་ཚེས་༡༢ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་ཕྱི་རྒྱལ་གསར་འགོད་པ་རྣམས་འགྲོ་བསྐྱོད་བྱེད་རྒྱུར་ཆོག་མཆན་མ་སྤྲད་པ་དང༌། ཉུང་མཐར་ཧོང་ཀོང་གི་གསར་འགོད་པ་༡༥ ཡིས་མཚོན་པའི་ཕྱི་རྒྱལ་གསར་འགོད་པ་༢༥ ཙམ་བོད་ཀྱི་ས་ཁུལ་གང་ས་དང༌། དམིགས་བསལ་ཀན་སུ་ཞིང་ཆེན་ནས་ཕྱིར་ཕུད་བཏང་བའི་གནས་ཚུལ་ཐོན་ཡོད། དེར་བརྟེན་རྒྱལ་སྤྱིའི་ཨོ་ལིམ་ཕིག་འཚོག་ལ་ཉེ་བའི་སྐབས་འདིར་ཕྱི་རྒྱལ་གསར་འགོད་པ་དེ་དག་ནས་རང་དབང་གི་ལས་འགུལ་སྤེལ་བ་དེ་ལའང་གྲུབ་འབྲས་ཆུང་ཚགས་ཤིག་ལས་ཐོན་མེད་པ་དང༌། དེ་ཡང་ད་ལྟ་རྒྱ་ནག་གིས་བོད་མི་འཐབ་རྩོད་པ་ཚོར་བྱེད་སྟངས་ལ་བརྟེན་ནས་ཕན་མེད་དུ་གྱུར་པ་རེད་ཅེས་གསར་འགོད་རང་དབང་གི་ཚོགས་པ་ནས་འགྲེལ་བརྗོད་བྱེད་ཀྱི་ཡོད། ད་ལོར་རྒྱ་ནག་གཞུང་གིས་ཨོ་ལིམ་ཕིག་འཚོག་རྒྱུའི་ཆ་རྐྱེན་དུ་བོད་མི་ཚོར་དྲག་གནོན་བྱས་པའི་དཔང་རྟགས་རྣམས་གསར་འགོད་པ་ཚོར་ཆད་ལུས་བྱུང་བའི་གནད་དོན་གལ་ཆེན་ཞིག་ཡིན། དྲ་རྒྱའི་བརྒྱུད་ཁག་ཏུ་བོད་མི་དམར་གསོད་གཏོང་སྟངས་སོགས་ལ་གཞིགས་ཏེ་བཀག་འགོག་བྱེད་སྟངས་ལ་དབྱེ་འབྱེད་བྱས་པ། དེ་བཞིན་གནས་ཚུལ་དེ་དག་སྤེལ་མཁན་གྱི་རང་དབང་ཅན་གྱི་གསར་འགྱུར་བརྒྱུད་ལམ་ཁག་འགོག་རྒོལ་བྱས་ཡོད།
    ཟླ་འདིའི་ཚེས་༡༢ ནས་རྒྱ་ནག་གིས་གསར་འགོད་པ་ཚོའི་བདེ་འཇགས་ཀྱི་གནད་དོན་ལ་ཁག་གཡར་ཏེ་རང་དབང་ཅན་གྱི་གསར་འགོད་པ་ཙམ་མ་ཟད། བོད་ནང་ཡུལ་སྐོར་སྤྲོ་འཆམ་དུ་འགྲོ་མཁན་ཚོར་ཡང་ཆོག་མཆན་ལེན་རྒྱུར་མོས་མཐུན་བྱས་མེད་ཅིང༌། ཡོ་རོབ་ནས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་ཞིག་གིས་བོད་དུ་འགྲོ་བསྐྱོད་ཡོང་བར་པེ་ཅིང་གཞུང་ལ་མྱུར་འཕྲིན་བརྒྱུད་ཆོག་མཆན་ཞུས་ཀྱང་ཡ་ལན་ཙམ་ཡང་བྱས་མེད་ལ། ཟླ་༣ ཚེས་༡༤ ནས་བོད་དུ་བསྐྱོད་རྒྱུའི་ཆོག་མཆན་ཆེད་ཁ་པར་བརྒྱུད་ལན་འདེབས་བྱེད་རྒྱུར་མཚམས་འཇོག་བྱས་སོང༌། དེ་བཞིན་དབྱིན་ཇིའི་ཉིན་རེའི་གསར་ཤོག་གི་གསར་འགོད་པ་ཇོ་ན་ཐན་བོད་ཀྱི་ས་མཚམས་སུ་སླེབས་སྐབས་ཕྱིར་སློག་བྱས་ཡོད་ཅིང༌། ཁོང་གིས་ཕྱི་རྒྱལ་གསར་འགོད་པ་མི་ཉུང་བ་ཞིག་ས་ཁུལ་དེ་ནས་ཕྱིར་ལོག་བཏང་བའི་ལུང་འདྲེན་བྱས་ཡོད།
    གང་ལྟར་བོད་མི་གནས་ཡུལ་གྱི་ས་ཁུལ་ཡོངས་སུ་གསར་འགོད་པ་བསྐྱོད་རྒྱུར་བཀག་འགོག་བྱས་ལུགས་ཧཕ་རན་སི་གསར་གནས་ཁང་གི་གསར་འགོད་པ་ཞིག་གིས་བོད་མི་སྡོད་གནས་ཁག་ཏུ་བསྐྱོད་རྒྱུའི་ཆེད་མེ་འཁོར་དང་རླངས་འཁོར་གྱི་ལག་ཁྱེར་ཚོང་རྒྱུར་བཀག་འགོད་བྱས་ཡོད་སྐོར་ལུང་འདྲེན་གནང་ཡོད་པ་རེད། བོད་ནང་གསར་འགོད་པ་ཉུང་ཤས་ཤིག་ལྷག་ཡོད་པ་དེ་ཚོ་ཉེན་རྟོག་པ་དང་དམག་དཔུང་གིས་དམ་དྲག་ཆེན་པོའི་འོག་གནས་ཚུལ་མཁོ་སྤྲོད་བྱེད་ཐབས་བྲལ་བ་ཡིན། དེར་བརྟེན་བོད་ནང་གསར་འགོད་པ་བཀག་འགོག་དང་དམ་དྲག་བྱས་པའི་ཐག་གཅོད་དེ་ནི་ཨོ་ལིམ་ཕིག་གི་རྩེད་འགྲན་འཚོག་རྒྱུར་༢༠༠༧ ལོའི་ཟླ་༡ པོར་གཏན་འབེབས་བྱུང་བའི་ཕྱི་རྒྱལ་གསར་འགོད་བརྒྱུད་ལམ་གྱི་སྒྲིག་ཁྲིམས་དང་འགལ་བ་དང༌། ད་དུང་༢༠༠༨ ལོའི་པེ་ཅིང་དུ་རྩེད་འགྲན་སྐབས་ཕྱི་རྒྱལ་གསར་འགོད་པར་ངོ་སྤྲོད་དུ་ཕྱི་རྒྱལ་གསར་འགོད་པ་ཚོས་རང་དབང་གི་སྒོ་ནས་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུར་རྒྱ་ནག་གཞུང་གིས་འགན་ལེན་གཙང་མ་ཡོད་ཅེས་པེ་ཅིང་གི་སྤྱི་ཁྱབ་ལུའུ་ཀན་ཟེར་བས་ཁས་ལེན་བྱས་པར་ཡང་འགལ་བ་ཆགས་ཡོད།
    གནས་ཚུལ་ལ་འཁྱོག་བཤད་དང་བདེན་པའི་གནས་ཚུལ་སྤེལ་མིན་ལ་ཁག་གཡར་ཏེ་གསར་འགྱུར་བརྒྱུད་ལམ་ཁག་ལ་དབྱེ་འབྱེད་ཀྱིས་ལྷ་ས་ནས་ཧོང་ཀོང་གི་གསར་འགྱུར་བརྒྱུད་ལམ་ཁག་༦ ལྷག་གི་གསར་འགོད་པ་རྣམས་ཕྱིར་ཕུད་བཏང་བ་མ་ཟད། ཁོ་ཚོས་བརྒྱབ་པའི་པར་དང་གློག་བརྙན་ཡོངས་རྫོགས་ཞིབ་བཤེར་ནན་པོ་བྱས་ཏེ་གནས་ཚུལ་མང་པོ་ཞིག་བེད་མེད་དུ་བཏང་བ། བཙན་བྱོལ་བོད་གཞུང་གིས་དྲིལ་བསྒྲགས་གནང་བའི་གྲངས་འབོར་ལྟར་བོད་མི་༨༠ སྐོར་བསད་པའི་གནས་ཚུལ་སྐོར་དེའི་ནང་གི་གསར་འགོད་པ་ཞིག་གིས་དངོས་སུ་མིག་མཐོང་ལག་ཟིན་བྱུང་ལུགས་བརྗོད་ཡོད། དེ་བཞིན་ཡུལ་སྐོར་བ་མང་དག་ཅིག་གིས་བོད་རང་སྐྱོང་ལྗོངས་ཟེར་བར་བོད་མི་ཚོས་རྒྱ་ནག་གཞུང་གིས་བཙན་བཟུང་ལ་ངོ་རྒོལ་ལས་འགུལ་ཁག་མིག་མཐོང་ལག་ཟིན་བྱུང་ཡོད།
    བོད་ནང་ལས་འགུལ་ཁག་གི་སྐོར་དེང་དུས་དྲ་རྒྱ་གྷུ་གྷེལ་སོགས་ཀྱི་ཐོག་ཏུ་ཡོད་པའི་གློག་བརྙན་བཀག་འགོག་དང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་བྷི་བྷི་སི་དང་སི་ཨེན་ཨེན། ཡ་ཧུའུ་གསར་འགྱུར་ཁག་མེད་པར་བཟོས་པ་དང༌། བོད་ཅེས་པའི་ཚིག་དེ་དྲ་རྒྱ་དེ་དག་ཏུ་འཚོལ་ཞིབ་སྐབས་ཉིན་དེ་དག་གི་རིང་གི་གནས་ཚུལ་སྐོར་ཤེས་དོགས་ཀྱིས་ཐབས་ལམ་འདྲ་མིན་གྱི་ཐོག་ནས་བར་ཆད་གཏོང་གི་ཡོད། དེ་བཞིན་ཨ་རི་དང་རྒྱ་གར་བཅས་སུ་རྟེན་གཞི་བྱས་པའི་བོད་མིའི་རླུང་འཕྲིན་ཁག་ཀྱང་དེ་མཚུངས་ཀྱི་འགོག་ཐབས་བྱེད་བཞིན་པ་དང༌། བོད་དོན་དང་འབྲེལ་བའི་དྲ་རྒྱ་དང་དམིགས་བསལ་བོད་ནང་གི་གཞོན་ནུའི་གླེང་སྟེགས་ཀྱིས་མཚོན་དྲ་རྒྱ་མང་པོ་བཀག་འགོག་བྱེད་བཞིན་ཡོད་ཅེས་སོགས་འཀོད་ཡོད་པ་རེད།།

ལི་ཐང་དང་ཉག་ཆུ་རྫོང་དུ་དྲག་གནོན་དང་འཇུ་བཟུང༌།

ལི་ཐང་གིས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར་བརྟེན། དམག་མིས་བཀག་འགོག་བྱས་པ་དང༌། ཉག་ཆུ་རྫོང་ཁོངས་ཀྱི་ཨ་ཕ་བུ་མོས་ྋགོང་ས་མཆོག་གི་སྐུ་པར་ལག་ཏུ་བཟུང་ནས་དམག་མིའི་སྔོན་དུ་རྒྱ་གཞུང་གིས་ྋགོང་ས་མཆོག་ཕྱི་ལོག་ཏུ་ཕུད་པ། པཎ་ཆེན་རིན་པོ་ཆེ་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་དུ་བཀག་ཉར་བྱས་པ་སོགས་བརྗོད་པར་བརྟེན། ཁོང་འཇུ་བཟུང་བྱས་ཏེ་ཉག་ཆུ་རྫོང་དུ་ཁྲིད་ཡོད་འདུག ཕྱི་ཚེས་༡༥ ཉིན་དམག་མིའི་རླངས་འཁོར་ཆེ་བ་༧༢ དང༌། སྤྱི་སྤྱོད་རླངས་འཁོར་ཆེ་བ་༢ བཅས་སླེབས་ཡོད་པ་མ་ཟད། ད་ལྟའི་ཆར་སློབ་གྲྭ་ཁག་སློབ་མཚམས་བཞག་པ་དང༌། གང་བྱུང་ཁྲོམ་ལ་འགྲོ་རྒྱུ་སོགས་བཀག་འགོག་བྱས་ནས། དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག འབར་ཆུང་བློ་སྤོ་དང༌། བློ་བཟང་དོན་གྲུབ་གཉིས་ཚེས་༡༥ ཉིན་འཇུ་བཟུང་བྱས་ཡོད་པ་དང༌། གང་དུ་བཀག་ཉར་བྱས་ཡོད་པ་ཤེས་རྟོགས་བྱུང་མི་འདུག།

བུད་མེད་སྒེར་ལངས་ཉིན་གྱི་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༡༢ ཉིན་ནི་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱལ་ས་ལྷ་སར་༡༩༥༩ ལོར་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཉིན་མོ་ཡིན་པ་དང༌། ལོ་ལྟར་བཙན་བྱོལ་སྤྱི་ཚོགས་ནང་དུ་བུད་མེད་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དུས་དྲན་སྲུང་བརྩི་དང༌། རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད། འདི་ལོའི་ཉིན་དེར་དྷ་ས་ཐེག་ཆེན་གཙུག་ལག་ཁང་ནས་ཀ་ཅ་རིའི་བར་དུ་རྔམས་སྟོན་ཁྲོམ་སྐོར་བྱས་ཡོད་པ་དང༌། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བུད་མེད་རྣམས་ཀྱིས་བོད་རང་བཙན་ཆེད་ཞི་བའི་སྐད་འབོད་དང༌། རྒྱ་ནག་གཞུང་ཚབ་ནང་དུ་རྒྱུག་པ་སོགས་བྱས་པར་བརྟེན། རྒྱ་གར་སྐོར་སྲུང་བས་ལས་འགུལ་བར་ཉེས་བརྡུང་བཏང་བ་མ་ཟད། བུད་མེད་༣༦ ཙམ་ཞིག་བཙོན་ཁང་དུ་བཀག་ཉར་བྱས་ཡོད་པ་རེད། དེ་བཞིན་རྒྱ་གར་དང་ཕྱི་རྒྱལ་ཁག་གི་བོད་རིགས་གནས་སྡོད་བྱེད་ས་གང་སར་བུད་མེད་སྒེར་ལངས་ཀྱི་ཉིན་མོ་སྲུང་བརྩི་དང༌། རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།།

བོད་མི་༣༢ ཙམ་དམར་གསོད་བཏང་བ།

སེར་བྱེས་བྱ་བྲལ་ཁང་ཚན་གྱི་རྒན་བཅོ་ལྔ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་གསལ་ལྟར་ན། ཟླ་འདིའི་ཚེས་༡༤ དགོང་མོར་རྒྱ་གར་གྱི་ཆུ་ཚོད་༧།༣༥ ཙམ་ལ་ལྷ་ས་ནས་ཁ་པར་བརྒྱུད་ད་ལྟའི་གནས་ཚུལ་གསུང་དོན། ལྷ་ས་གྲྭ་བཞི་བཙོན་ཁང་དུ་བོད་མི་༢༦ བསད་ཡོད་པ་དང༌། མེ་ཏོག་ལྡུམ་རར་བོད་མི་༡ དང༌། རྭ་མོ་ཆེར་བོད་མི་༢ དགའ་ལྡན་དཔར་ཁང་དུ་༢ བར་སྐོར་ལམ་དུ་༡ ཁྱོན་བསྡོམས་མིག་གི་མཐོང་སར་མི་༣༢ བསད་ཡོད་པ་དང༌། ཞོགས་པ་བོད་མི་ཞིག་གིས་རྒྱ་དམག་འགའ་ཤས་བསད་ཡོད་སྐོར་དང༌། ཉིན་གུང་ཡོལ་ཙམ་ལ་ལྷ་སའི་ཇོ་ཁང་སོགས་སྲང་ལམ་ཁག་ཏུ་རྒྱ་མིའི་ཉེན་རྟོག་པ་ཉུང་དུ་སོང་ཡོད་ཀྱང་སྲང་ལམ་ཁག་ཏུ་ཐན་ཁེ་དམག་མིའི་མོ་ཊ།མང་པོ་ཡོང་བཞིན་ཡོད་པར་བལྟས་ན་མཚན་གུང་དྲག་གནོན་བྱེད་འཆར་ཡོད་པར་དོགས་པ་ཡོད་ཚུལ་དང༌། རྒྱ་མིས་བརྡ་ཁྱབ་བཏང་བསལ་ལྟར་ན་གསར་འགོད་པ་དང་འབྲེལ་མེད་གང་བྱུང་སྲང་ལམ་དུ་འགྲོ་མི་ཆོག་པ་དང༌། ཡོང་ཚེ་མེ་མདའ་རྒྱག་རྒྱུ་ཡིན་སྐོར་སོགས་འཇིགས་སྐུལ་བྱས་ཡོད་པ་རེད། སྤྱིར་བཏང་བཤད་ན་ལྷ་སའི་ཁོར་ཡུག་ཁག་ཏུ་བོད་མི་༦༢ ཙམ་བསད་ཟིན་པའི་གནས་ཚུལ་ཡོད་པ་དང༌། ལྷ་ས་ཁྲོམ་གཟིགས་ཁང། ཁ་ཆེའི་ལྷ་ཁང༌། གཡུ་ཐོག་ལམ་ཟུར། རྭ་མོ་ཆེའི་སྲང་ལམ་ཞིག་ཏུ་ཡོད་པའི་རྒྱ་མིའི་ཚོང་ཁང་ཞིག་སོགས་མེར་བསྲེག་བཏང་ཡོད་པ་རེད། གྲྭ་བཞི་བཙོན་ཁང་ནང་དུ་འཛིན་བཟུང་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ཀྱིས་གྲྭ་བཞི་བཙོན་ཁང་གཏོར་རྒྱུ་ཡིན་སྐོར་གྱི་སྐད་ཆ་ཞིག་ཡོད་པར་རྒྱ་མིའི་མོ་ཊ་ནག་པོ་ཞིག་ཡོང་ནས་ཅུང་ཙམ་བསྡད་ནས་ཕྱིར་ཡོང་སྐབས་གོང་གསལ་བོད་མི་༢༦ དེ་དག་བསད་ཡོད་སྐོར་འགྲེལ་བརྗོད་བྱས་སོང༌།
    དོན་རྐྱེན་དེའི་དབང་གིས་ལྷོ་ཕྱོགས་མོན་གྷོ་ས་གནས་ནས་སེར་སྐྱ་མི་མང་སུམ་བརྒྱ་ཙམ་གྱིས་མ་བསྐུལ་དྭང་བླངས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང༌། མུ་མཐུད་ས་གནས་ནས་ལས་འགུལ་སྤེལ་བཞིན་ཡོད་པ་རེད།།    མོན་གྷོ་གསར་འགོད་པས།

མི་རིགས་སློབ་གྲྭ་ཆེན་མོའི་བོད་དོན་རེ་འབོད།

ཀན་སུའུ་ཞིང་ཆེན་ལན་ཀྲའུ་གྲོང་ཁྱེར་ནང་ཡོད་པའི་མི་རིགས་སློབ་ཆེན་གྱི་བོད་ཡིག་སྡེ་ཚན་གྱི་སློབ་མ་ཚོས་ཟླ་༣ ཚེས་༡༦ ཉིན་སློབ་གྲྭའི་ཐང་ཆེན་དུ་འདུ་འཛོམས་ཐོག་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང༌། གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁོང་ཚོས་ལྷ་སའི་ཞི་རྒོལ་གྱི་ལས་འགུལ་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་བྱེད་བཞིན་སློབ་ཕྲུག་ཚོ་སློབ་གྲྭའི་ཐང་ཆེན་དུ་ཆུ་ཚོད་༢༤ རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང༌། དམག་མི་དང༌། ཉེན་རྟོག་པས་སློབ་གྲྭའི་སྒོ་དང༌། མཐའ་སྐོར་ཡོངས་སུ་བསྐོར་ཏེ་སློབ་ཕྲུག་རྣམས་ཕྱི་ལ་ཐོན་མི་བཅུག་པར་དམ་དྲག་བཀག་བསྡོམས་བྱས་ཡོད་ཀྱང་ཚང་མས་ཁྲོམ་སྐོར་སྐད་འབོད་བྱས་ཡོད་འདུག ཁོང་ཚོས་དགོས་འདུན་ནི་བོད་མི་ཚང་མས་སྐྱིད་སྡུག་མཉམ་མྱོང་གཅིག་གྱུར་དགོས་པ་དང༌། མིའི་ཚེ་སྲོག་དང༌། མང་གཙོ་གལ་ཆེན་པོ་ཡིན་སྐོར་སོགས་བརྗོད་ཡོད་འདུག།
    དེ་བཞིན་ཁྲིན་ཏུའུ་ལ་རྟེན་གཞི་བྱས་པའི་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རྣམས་ཀྱིས་ཞི་རྒོལ་བྱས་ཡོད་པ་དང༌། པེ་ཅིང་དུ་རྟེན་གཞི་བྱས་པའི་མི་རིགས་སློབ་གྲྭ་ཆེན་མོའི་ནང་དུ་ཡང་མཐོ་རིམ་སློབ་མ་རྣམས་ཀྱིས་ཚེས་༡༧ ནས་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་ཡོད་འདུག

          

བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་གཞུང་ལ་བོད་མིའི་ཞི་རྒོལ།

ཟླ་འདིའི་ཚེས་༡༤ ཉིན་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགེ་འདུན་པ་རྣམས་ཀྱིས་སྣེ་ཁྲིད་དེ་བོད་ཀྱི་རྒྱལ་དར་ཁྱེར་ཏེ་རྒྱ་ནག་གཞུང་ལ་ཞི་རྒོལ་ཤུགས་ཆེན་པོ་བྱས་ཡོད་པ་དང༌། རྒྱ་ནག་གཞུང་གིས་ཉིན་ཁ་ཤས་ཀྱི་སྔོན་ལ་ཀ་ལན་དང༌། ལན་ཀྲུའུ་སོགས་ནས་དམག་མི་སྐད་བཏང་སྟེ། དམ་དྲག་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ནའང༌། བོད་རིགས་རྣམས་ཀྱིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་དང༌། ད་ལྟ་བོད་དེ་རྒྱ་ནག་གི་གཙན་གནོན་འོག་ཏུ་ཡོད་པ། ྋགོང་ས་མཆོག་བོད་མི་ཚང་མའི་རྩ་བའི་བླ་མ་དང༌། གཙུག་གི་ནོར་བུ་ཡིན་པ་སོགས་ཀྱི་འབོད་ཚིག་བསྒྲགས་ཏེ། ངོ་རྒོལ་ཁྲོམ་སྐོར་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང༌། ངོ་རྒོལ་བ་གྲྭ་བ་དང༌། མི་སྐྱ་ཁག་ཅིག་རྒྱ་གཞུང་གིས་འཛིན་བཟུང་བྱས་པ་དངོས་སུ་མཐོང་མཁན་བྱུང་ཡོད་པ་རེད།
   དང་ཐོག་གྲྭ་པ་ལྔ་བཅུ་ཙམ་གྱིས་བོད་ཀྱི་རྒྱལ་དར་འཕྱར་དེ་ངོ་རྒོལ་སྐད་འབོད་ཀྱིས་རྫོང་སྲིད་གཞུང་གི་སྒོར་བསྐྱོད་འགོ་བཙུགས་ཡོད་པ་དང༌། རིམ་བཞིན་གྲྭ་བ་དང་མི་སྐྱ་སྟོང་ཕྲག་མང་པོ་འཛོམས་ནས་ངོ་རྒོལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་རེད། ལམ་ཁ་ནས་རྒྱ་གཞུང་གིས་དམག་མི་དང༌། ཉེན་རྟོག་པས་བཀག་འགོག་བྱེད་མ་ཐུབ་བར་རྫོང་སྲིད་གཞུང་གི་སྒོར་བསྐྱོད་ཐུབ་ཡོད་པ་རེད། དམག་མིས་ལས་འགུལ་བར་ཉེས་རྡུང་དྲག་པོ་བཏང་ཡོད་ནའང༌། ད་ལྟ་འཛིན་བཟུང་བྱས་པའི་གནས་ཚུལ་ཁ་གསལ་མི་འདུག དེ་བཞིན་ཉིན་གཅིག་གཉིས་ཀྱི་སྔོན་དུ་ཡིག་ཆ་སྦྱར་འགྲེམས་བྱས་པའི་ནང་དུ་ཆོལ་གསུམ་སྤུན་ཟླ་ཚང་མས་ས་གནས་གང་སར་ལས་འགུལ་སྤེལ་དང་སྤེལ་བཞིན་ཡིན་པ་དང༌། ད་ཐེངས་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་འདིའི་ནང་དུ་ཚང་མ་མཉམ་ཞུགས་དགོས་སྐོར་འཁོད་ཡོད་པ་རེད། ད་ལྟ་རྒྱ་ནག་སྲིད་གཞུང་གིས་བླ་བྲང་ནས་ཡར་མར་ལ་འགྲུལ་བསྐྱོད་དང༌། ཁ་པར་གཏོང་ལེན་བྱེད་རྒྱུ་སོགས་ལ་ཧ་ཅང་དམ་དྲག་བྱེད་ཀྱི་ཡོད་པ་རེད།      ཚེས་༡༥ ཉིན་བླ་བྲང་དུ་མུ་མཐུད་དེ་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང༌། ངོ་རྒོལ་བའི་ཁྲོད་རྒྱ་གཞུང་གིས་དུག་རླངས་བཏང་བར་བརྟེན། དུག་རླངས་ཤུགས་ཆེན་པོ་ཕོག་མཁན་ཚོ་དེ་མ་ཐག་དྲན་པ་འཐོར་གྱི་ཡོད་པ་དང༌། མང་པོར་རྨས་སྐྱོན་བྱུང་ཡོད་པ་མ་ཟད། སྐྱ་སེར་ཁག་ཅིག་འཛིན་བཟུང་བྱས་པ་དངོས་སུ་མཐོང་མཁན་བྱུང་ཡོད་པ་རེད། ཉིན་དེར་ངོ་རྒོལ་བ་ཁག་ཅིག་བླ་བྲང་རྫོང་བོད་རིགས་སློབ་གྲྭའི་ནང་དུ་འཛུལ་ནས། རྩིག་ངོས་ཀྱི་ཏུན་ཞའོ་ཕུན་དང༌། ཅང་ཙེ་མིན་སོགས་རྒྱ་དཔོན་ཚོའི་འདྲ་པར་གཏོར་བ་དང༌། ྋགོང་ས་མཆོག་གི་སྐུ་པར་ཡར་བཤམས་པ་མ་ཟད། རྒྱ་ནག་གི་རྒྱལ་དར་མར་ཕབས་ནས་བོད་ཀྱི་རྒྱལ་དར་ཡར་འཕྱར་བ་སོགས་བྱས་ཡོད་འདུག དགོང་མོའི་ཆུ་ཚོད་༡༠ ཙམ་ལ་ལས་འགུལ་བ་རྣམས་ཕྱོགས་ཚང་མར་བཀག་ནས་ཡར་མར་ལ་འགྲོ་བསྐྱོད་བྱེད་འཇུག་གི་མེད་པ་རེད།།

གཞུང་མང་གཉིས་ནས་འབོད་ཚིག་གཅིག་གི་འོག་ནས་ལས་འགུལ་སྤེལ་རྒྱུ།

བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་ལ་གཞིགས་པའི་གཞུང་མང་གཅིག་སྒྲིལ་གྱིས་ད་ལྟ་བོད་ནང་གི་དཀའ་ངལ་དེ་འཕྲལ་དུ་མཚམས་འཇོག་ཡོང་ཐབས་ལ་ལས་འགུལ་ཞིག་སྤེལ་རྒྱུར་བཀའ་སྤྱི་གཉིས་ཀྱི་ཆེས་མཐོའི་ཚོགས་ཆུང་ཞིག་བཙུགས་ཡོད་པ་རེད།
    ཟླ་འདིའི་ཚེས་༡༧ གྱི་ཕྱི་དྲོར་བོད་གཞུང་བཀའ་བློན་ཁྲི་པ་མཆོག་དང༌། སྤྱི་འཐུས་ཚོགས་གཙོ་དང༌། ཚོགས་གཞོན་བཅས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དང༌། བཀའ་ཁྲི་མཆོག་གིས་ལས་འགུལ་ངོ་སྤྲོད་གནང་དོན། ཆེས་མཐོའི་ཚོགས་ཆུང་དེའི་འོག་རྒྱ་བལ་འབྲུག་གསུམ་དང༌། ཕྱི་རྒྱལ་ཁག་གི་བོད་མི་ཚང་མ་ལས་འགུལ་དེའི་ལྟ་རྟོགས་སྟངས་འཛིན་གྱི་འོག་ནས་འདི་གཞུང་གི་ལས་འགུལ་རེད། འདི་མི་མང་གི་ལས་འགུལ་རེད་ཅེས་དབྱེ་བ་འབྱེད་མི་དགོས་པར་གཞུང་མང་མཉམ་འབྲེལ་གྱི་ཐོག་ནས་བོད་ཀྱི་ད་ལྟ་དཀའ་རྙོག་དེ་འཕྲལ་དུ་སེལ་བ་དང༌། མཚམས་འཇོག་ཡོང་རྒྱུའི་ཆེད་ཐབས་ཤེས་ག་རེ་བྱེད་རྒྱུ་མེད་ན་མ་གཏོགས། ཡོད་ཚད་བྱེད་དགོས་པའི་ཐུགས་ཐག་ཆོད་སོང་ཅེས་དང༌། ལས་འཆར་དེའི་སྙིང་དོན་ཟླ་དུས་ཚེས་གྲངས་དུས་བཅད་ཅིག་གནང་དགོས་ནའང་རེད། ཡང་ན་བོད་ཀྱི་ད་ལྟའི་ཛ་དྲག་གནས་བབས་དེ་ལྷིང་འཇགས་མ་བྱུང་གི་བར་དུ་ལབ་དགོས་ནའང་རེད། དུས་ཚོད་ངེས་ཅན་ཅིག་གི་བར་དུ་གཞུང་དང་མི་མང་དབྱེ་བ་མེད་པའི་ཐོག་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་འགུལ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་གཅིག་གི་འོག་ཏུ་འགྲོ་ཐུབ་པ་ཞིག་བྱུང་ན། སྤྱི་འཐུས་དང་མཉམ་དུ་འཛིན་སྐྱོང་བཀའ་ཤག་ཀྱང་མཉམ་ཞུགས་བྱེད་ཐུབ་པ་ཞིག་དང༌། ས་གནས་འཐུས་མི་དང༌། ས་གནས་འགོ་འཛིན་ཡོངས་སུ་རྫོགས་པ་ས་གནས་མི་མང་གི་ལས་འགུལ་ནང་མཉམ་ཞུགས་བྱེད་ཐུབ་པ་ཞིག་ཆགས་རྒྱུ་རེད། དེ་འདྲ་བྱུང་ན་ཡག་པོ་ཞེ་དྲག་ཡོང་ས་རེད། དེ་འདྲ་ཡོང་རྒྱུའི་ཆ་རྐྱེན་ལ་ང་ཚོས་དམིགས་ཡུལ་སྣ་ཚོགས་དང༌། འབོད་སྒྲ་སྣ་ཚོགས་བྱས་ན་ཚང་མ་མཉམ་ཞུགས་བྱེད་ཐུབ་པ་ཡོང་རྒྱུ་མ་རེད། དམིགས་ཡུལ་དང༌། འབོད་སྒྲ་གཅིག་གི་འོག་ནས་གནས་སྐབས་རིང་ལ་ལས་འགུལ་སྤེལ་ན། ཚོགས་པ་དང༌། སྐྱིད་སྡུག་མི་འདྲ་བའི་ལས་འགུལ་ལ་གནོད་རྒྱུ་ཡོད་པ་མ་རེད། བདུན་ཕྲག་ཁ་ཤས་ཡིན་ནའང་རེད། ཟླ་བ་རེ་ཟུང་ཡིན་ནའང་རེད། དུས་ཚོད་ངེས་ཅན་ཞིག་གི་བར་དུ་སོ་སོའི་ལས་འགུལ་དང་འབོད་སྒྲ་མཚམས་འཇོག་བྱས་ནས། འབོད་སྒྲ་གཅིག་གི་ནང་ལ། འགོ་ཁྲིད་གཅིག་གི་འོག་ནས་འགྲོ་ཐུབ་པ་བྱུང་ན་ཡག་པོ་ཡོང་ས་རེད་ཞུས་པ་ཡིན།
    འབོད་སྒྲ་གཅིག་དེ་ད་ལྟ་བོད་ནང་གི་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ་དང༌། ད་ལྟ་འཛིན་བཟུང་བྱས་པའི་བཙོན་པ་འཕྲལ་དུ་གློད་གྲོལ་དགོས་པ། རྨས་བཞག་པ་འཕྲལ་དུ་སྨན་བཅོས་ཀྱི་རོགས་རམ་དགོས་པ། གནས་ཚུལ་འདི་ག་འདྲ་བྱུང་བ་རེད། དེ་ཚོར་ཞིབ་གཟིགས་གནང་རྒྱུ་དང༌། མ་འོངས་པར་ལྷིང་འཇགས་ཡོང་རྒྱུའི་ཆེད་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚོན་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་མཚོན་པས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང༌། འགྲོ་བ་མིའི་ཀུན་སྤྱོད་ཐོབ་ཐང་ལ་ལྟ་རྟོགས་བྱེད་མཁན་གྱི་ཚོགས་པ་ཚང་མའི་ངོས་ནས་བོད་ནང་ལ་གཟིགས་སྐོར་ལྟ་རྟོགས་ཚོགས་པ་ཕེབས་དགོས་པའི་འབོད་སྐུལ་བྱེད་རྒྱུ། དེ་བཞིན་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལ་བཀའ་བསྡུར་གནང་ནས་བོད་ནང་དུ་འཕྲལ་དུ་དྲག་གནོན་མཚམས་འཇོག་གི་ཐོག་ལ་བོད་མི་ཚོས་བདེ་བ་སྡུག་བསྔལ་དེ་ཁྲིམས་མཐུན་གྱི་ཐོག་ནས། ཞི་འཇམ་གྱི་ཐོག་ནས་བཤད་ས་ཡོད་པའི་གོ་སྐབས་བསྐྲུན་དགོས་པ་དེ་ཚོའི་ཐོག་ལ་ང་ཚོས་རྡོག་བསྒྲིལ་དགོས་ཀྱི་འདུག་ཅེས་དང༌། ད་ལྟ་རྨས་མ་ང་ཚོས་གྲངས་ཀ་ཐེབས་པ་༤༠༠ ཡས་མས་ཆགས་འགྲོ་ཡི་འདུག ང་ཚོས་མ་ཤེས་པ་དེ་ལས་མང་བ་ཡོད་མདོག་ཁ་པོ་རེད། དེ་ཚོས་སྨན་བཅོས་ཀྱི་མཐུན་རྐྱེན་རྩ་བ་ནས་མ་རག་པར་རྒྱ་མིའི་སྨན་ཁང་ལ་འགྲོ་མ་ནུས། དེ་མ་ཡིན་པའི་སྨན་བཅོས་མ་རག་ནས་ད་ལྟའི་ཛ་དྲག་གི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པས། རྒྱ་གྲམ་དམར་པོ་དང༌། རྒྱལ་མཚམས་མེད་པའི་སྨན་པའི་ཚོགས་པ་དེ་ཚོའི་ཐོག་ནས་འཕྲལ་དུ་སྨན་བཅོས་ཀྱི་མཐུན་རྐྱེན་དང༌། སྨན་པ་གཏོང་དགོས་པའི་སྔོན་འགྲོ་བཀའ་ཤག་གིས་ས་གནས་དོན་གཅོད་ཁག་གི་ཐོག་འབྲེལ་བ་བྱེད་རྒྱུའི་སྐུལ་མ་བྱས་ཟིན་པ་ཡིན། དེ་རིང་ནས་སྤྱི་ཁྱབ་ཀྱི་ལས་འགུལ་ལྟ་རྟོགས་ཚོགས་ཆུང་གཅིག་གི་འོག་ནས་ལས་འགུལ་སྤེལ་ཐུབ་པ་ཞིག་དགོས་སྐོར་དང༌།
    ངེས་ཅན་གྱིས་གནས་ཚུལ་གོ་ཐོས་ཡོང་བ་ལ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འཆར་གཞི་དང་ལྡན་པའི་གཉའ་གནོན་གྱི་ལས་རིམ་དེའི་ནང་ལ་དེ་སྔ་བར་དུ་དངུལ་དངོས་ཀྱི་འགྲོ་སོང་མང་པོ་བཏང་ནས། གསོ་སྐྱོང་བྱས་བཞག་པའི་སོ་ཉུལ་བ་མང་པོ་ཞེ་དྲག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལ་བཀྲམ་བཞག་ཡོད་པ་རེད། དེ་ཚོ་ད་ལྟ་བེད་སྤྱོད་གཏོང་རྒྱུའི་གོ་སྐབས་ལ་སླེབས་ཡོད་པ་རེད། ཁོང་ཚོ་བེད་སྤྱོད་བཏང་ནས། བོད་པ་དང་བོད་པའི་བར་དང༌། བོད་པ་དང་ས་གནས་མིའི་བར་ལ་རྒྱག་རེས་བཟོ་རྒྱུ། བོད་པ་དང་ས་གནས་གཞུང་གི་བར་ལ་རྒྱག་རེས་བཟོ་རྒྱུ། བོད་པ་ཡོད་སའི་ས་གནས་གཞུང་ལ་ལྐོག་ངན་བཟོ་རྒྱུ་སོགས་ཀྱི་ཐབས་ལམ་གང་ཡིན་ནའང་བྱེད་དགོས་པ་རེད་ཅེས་རྒྱ་ནག་གཞུང་གིས་ཐག་གཅོད་བྱས་ཡོད་པའི་གནས་ཚུལ་ཡོང་གི་འདུག ང་རང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་ཡོངས་སུ་རྫོགས་པས་གནས་ཚུལ་འདི་ཚོའི་ཐོག་ལ་སྤྱང་གྲུང་འཛོམས་པོ་དང༌། ཐབས་ལམ་ཟབ་པོའི་ཐོག་ནས་གདོང་ལེན་གནང་དགོས་པ་ཆགས་ཀྱི་འདུག་ཅེས་སོགས་གསུངས་ཡོད་པ་རེད།
    སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་ལས་འགུལ་འདི་ནི་དབུ་མའི་ལམ་དང་རང་བཙན་སོགས་ཀྱི་ལྟ་གྲུབ་གང་ཡང་མེད་པར་བོད་ནང་གི་ཛ་དྲག་གི་གནས་སྟངས་ནས་སྐྱོབ་ཐབས་ཡིན་པ་དང༌། ཚང་མ་ཆིག་སྒྲིལ་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས་ཡོད་པ་རེད།།   

    
བོད་ལ་ཞིབ་འཇུག་བྱེད་མཁན་གཏོང་དགོས་པ།

ཟླ་འདིའི་ཚེས་༡༨ ཉིན་གྱི་སྔ་དྲོ་རྒྱ་ནག་གི་སྲིད་བློན་དབུན་ཅ་པའོ་ཡིས་བོད་ནང་གི་ངོ་རྒོལ་ལས་འགུལ་དེ་ྋགོང་ས་མཆོག་གིས་སྐུལ་མ་བྱས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་པར་བརྟེན། ཉིན་དེའི་ཕྱི་དྲོ་བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་གནང་ཏེ། ཐོག་མ་ཕྱི་ཟླ་༣ པའི་ཚེས་༡༠ ཉིན་གྲྭ་པ་བདུན་བརྒྱད་ཅིག་གིས་ངོ་རྒོལ་བྱེད་སྐབས་ཚད་དང་ལྡན་པའི་ངོས་ལེན་བྱས་ཡོད་ན། ཛ་དྲག་མི་ཆགས་པའི་སྐོར་དང༌། རྒྱ་ནག་གིས་ཞི་བའི་རྣམ་འགྱུར་སྟོན་མཁན་ཚོར་ཧ་ཅང་གདུག་རྩུབ་བྱས་པ་དང༌། འདས་པའི་ལོ་དྲུག་བཅུའི་ནང་བོད་མི་ཚོར་འདོད་བློ་མ་ཁེངས་པའི་སྡུག་བསྔལ་ཆེན་པོ་ཡོད་པས་ད་ཐེངས་རྐྱེན་ཞིག་དང་འཕྲད་ནས་ལངས་པ་ཡིན་སྐོར་དང༌། དེ་བཞིན་འདི་ནས་ལམ་སྟོན་བྱས་པའི་དོགས་པ་ཡོད་ན། ྋགོང་ས་མཆོག་གིས་གསུངས་པ་བཞིན། རྒྱལ་སྤྱིའི་ཐོག་ནས་བོད་ནང་དུ་ཞིབ་འཇུག་བྱེད་དུ་ཕེབས་བཅུག་དགོས་སྐོར་དང༌། ཁོང་རང་ཚོར་ཁུངས་འཁྱོལ་ར་འཕྲོད་ཐུབ་པའི་བདེན་པ་ཡོད་ན་འཛམ་གླིང་ཐོག་ཏུ་འཇོག་དགོས་པ་རེད་ཅེས་སོགས་གསུངས་ཡོད་པ་རེད།།
        དམ་དྲག་འོག་གྲྭ་བ་ཞིག་རང་ཤི་བསྐྱོན་པ། རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ས་གནས་གང་སར་གྲྭ་བ་རྣམས་ཕྱི་ལོག་ལ་ཐོན་མ་བཅུག་པར་ནང་དུ་བཀག་ཉར་བྱེད་བཞིན་ཡོད་པ་དང༌། ཚེས་༢༣ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ར་མོ་ཆེའི་གཙུག་ལག་ཁང་དུ་དགུང་ལོ་༣༠ ཙམ་ལ་སོན་པའི་གྲྭ་ཐོག་མེད་ཟེར་བ་ཞིག་རང་སྐེ་བསྡམས་ནས་རང་ཤི་བསྐྱོན་ཡོད་པའི་གནས་ཚུལ་ཐོན་འདུག ཁོང་རང་ཤི་བསྐྱོན་དགོས་དོན་ནི་ཉིན་༡༠ ལ་ཟས་དང་ཆུ་སོགས་མ་རག་པ་དང་རྒྱ་དམག་གིས་ཆུ་འབྱིན་མདེའུ་མང་པོ་ཁོང་གི་བཞུགས་ཡུལ་དུ་གཡུག་རྐྱེན་ཁོང་རང་ཤི་མ་བསྐྱོན་ཐབས་མེད་ཆགས་ཡོད་འདུག།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་དྷ་སར་གཟིགས་སྐོར།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་དྷ་སར་གཟིགས་སྐོར་གནང་ཡོད་པ་དང༌། ཟླ་འདིའི་ཚེས་༢༡ ཉིན་གྱི་སྔ་དྲོ་མི་མང་གི་ཕེབས་བསུ་ཞུས་པ་དང་འབྲེལ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་དང༌། ཚོགས་གཙོ་མཆོག་དང༌། ཁོང་གི་ཕྱག་རོགས་སྤྱི་འཐུས་དགུ། བོད་གཞུང་གི་མཛད་གཙོ་རྣམས་པ་སོགས་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཕེབས་ནས་མཛད་སྒོ་ཞིག་འཚོགས་ཡོད་པ་རེད། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གིས་དགའ་བསུ་འཚམས་འདྲིའི་གསུངས་བཤད་དང༌། ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཚོགས་གཙོ་ནན་སི་པེ་ལོ་སི་མཆོག་གིས་བོད་ནང་གི་དངོས་ཡོད་གནས་ཚུལ་འཛམ་གླིང་མི་མང་གིས་མཁྱེན་རྟོགས་ཡོང་ཐབས་བྱེད་དགོས་སྐོར་དང༌། རང་དབང་ལ་དགའ་བའི་འཛམ་གླིང་མི་མང་གིས་རྒྱ་ནག་གིས་བོད་ནང་སྤེལ་བཞིན་པའི་དྲག་གནོན་ལ་ངོ་རྒོལ་དགོས་སྐོར། ྋགོང་ས་མཆོག་དང༌། ཨ་རིའི་བར་གྱི་འབྲེལ་བའི་བརྒྱུད་རིམ་སྐོར་སོགས་གསུངས་ཡོད་པ་རེད།
    མཛད་སྒོ་གྲོལ་རྗེས་ཚོགས་གཙོ་མཆོག་དང་ཁོང་གི་ཕྱག་རོགས་རྣམས་ྋགོང་ས་མཆོག་གི་ཕོ་བྲང་དུ་ཕེབས་ཡོད་པ་དང༌། ཉིན་རྒྱབ་ྋགོང་ས་མཆོག་དང༌། ཚོགས་གཙོ་ནན་སི་པེ་ལོ་སི་མཆོག་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་གནང་ཡོད་པ་དང༌། སྐབས་དེར་ྋགོང་ས་མཆོག་གིས་ཚོགས་གཙོ་མཆོག་འདིར་ཕེབས་ཐུབ་པ་དེར་དགའ་ཚོར་ཆེན་པོ་བྱུང་བ་དང༌། ཁོང་གི་མ་འོངས་པའི་ལས་དོན་ལམ་ལྷོང་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། ཚོགས་གཙོ་ནན་སི་པེ་ལོ་སི་མཆོག་གིས་ད་ལྟ་བོད་ནང་གི་ཞི་རྒོལ་དེ་ྋགོང་ས་མཆོག་གིས་ངན་ཇུས་བསྟན་པ་ཞིག་ཡིན་སྐོར་རྒྱ་ནག་གིས་འཁྱོག་བཤད་བྱས་པ་དང༌། བོད་ནང་གི་གནས་སྟངས་ལ་རྒྱལ་སྤྱིའི་ཐོག་ནས་རྟོག་ཞིབ་ཚོགས་ཆུང་ངེས་པར་དུ་གཏོང་དགོས་སྐོར་དང༌། བོད་ནང་དུ་ཛ་དྲག་གིས་སྨན་བཅོས་བྱེད་མཁན་གཏོང་དགོས་སྐོར་སོགས་གསུངས་ཡོད་པ་རེད། དེ་རྗེས་ཚོགས་གཙོ་ནན་སི་པེ་ལོ་སི་མཆོག་གིས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་དང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གཉིས་ལ་གཟིགས་སྐོར་གནང་རྗེས་ལྡི་ལིར་ཕེབས་ཡོད་པ་རེད།།

བཙན་བྱོལ་གཞུང་གིས་བོད་ནང་གི་དོན་རྐྱེན་ལ་ངོས་འཛིན་གནང་ཕྱོགས།

འདི་ལོའི་གསུམ་བཅུའི་དུས་དྲན་སྟེ། ཟླ་འདིའི་ཚེས་༡༠ ཉིན་ནས་བོད་ནང་གི་ས་གནས་གང་སར་ཞི་བའི་གྱེན་ལངས་བྱས་ནས། རྒྱ་ནག་གིས་དྲག་གནོན་དང༌། དམར་གསོད། འཛིན་བཟུང་བྱེད་བཞིན་ཡོད་པ་བཅས་ཀྱི་དོན་རྐྱེན་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ངོས་འཛིན་བྱེད་སྟངས་དང༌། དོན་རྐྱེན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཐོག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་བཀའ་བློན་ཚང་མ་ཟླ་འདིའི་ཚེས་༢༢ ཉིན་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཕེབས་ནས་བཀའ་ཁྲི་མཆོག་གིས་མང་ཚོགས་ལ་ལམ་སྟོན་གསུང་བཤད་གནང་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་གིས་ད་ཐེངས་བོད་དུ་བྱུང་བའི་ཞི་བའི་གྱེན་ལངས་ཀྱི་གནས་ཚུལ་དེ་ཧ་ཅང་གི་རླབས་ཆེན་པོ་དང༌། གཟི་བརྗིད་ཆེན་པོ། བྱུང་རིམ་གྱི་དོན་སྙིང་དང་ལྡན་པ། བོད་མི་རིགས་ཀྱི་སྙིང་སྟོབས་དང༌། བློ་སྤོབས་གསལ་པོ་བྱས་ནས་མཚོན་པའི་དཔང་རྟགས་འགྲན་ཟླ་མེད་པ་ཞིག་ཡིན་པ་མཐོང་གི་ཡོད་པ་དང༌། ད་ལྟའི་གནས་སྐབས་ལ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་ཐོག་ཁ་ཚ་དགོས་གཏུགས་ཀྱིས་འབོད་སྐུལ་ཞུ་དགོས་པའི་དོན་གནད་གཙོ་བོ་བཞི་ཡོད་ཅེས་གསུངས་ཡོད་པ་རེད།
    བཀའ་བློན་ཁྲི་པ་མཆོག་གིས་གསུང་དོན། ཚང་མས་དགོངས་པ་མངའ་གསལ་ལྟར་ཕྱི་ལོ་༢༠༠༨ ཟླ་༣ པའི་ཚེས་༡༠ ནས་བཟུང་སྟེ། ད་ལྟ་བར་བོད་ཆོལ་ཁ་གསུམ་གྱི་བོད་ས་ཁྱོན་མང་པོ་ཞིག་ལ་ཞི་བའི་གྱེན་ལངས་བྱས་ནས་བོད་མི་ཧ་ཅང་མང་པོ་ཞིག་གི་སྲོག་ཤོར་བ་དང༌། དེ་ལས་མང་བ་སྨན་བཅོས་དང༌། འཛིན་བཟུང་མནར་གཅོད་ཀྱི་འོག་ལ་གནས་ཡོད་པ་རེད། གནད་དོན་དེ་བྱུང་བ་དང་ཆབས་ཅིག་ཏུ་བཙན་བྱོལ་བོད་གཞུང་གིས་མཚོན་པས། བཙན་བྱོལ་བོད་མི་ཚོས་ངོས་ནས་རང་རང་སོ་སོའི་གནས་ཡུལ་ནང་ལས་འགུལ་འདྲ་མིན་སྣ་ཚོགས་བརྩམས་དང༌། རྩོམ་བཞིན་པ་རེད་ཅེས་དང༌། དེ་རིང་མང་ཚོགས་ལ་བཀའ་ཤག་གི་ངོས་ནས་གཏམ་བཤད་འདི་ཞུ་རྒྱུའི་སྐོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞུས་ནས། ད་ལྟའི་བརྗོད་དོན་གྱི་སྙིང་པོ་ཁག་དེ་ཚོར་བཀའ་ཁྲོལ་ཐོབ་པ་ཤ་སྟག་ཡིན། དང་པོ་དེ་ད་ལྟ་བར་དུ་བོད་ནང་དུ་བྱུང་བའི་གནས་ཚུལ་འདི་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་ངོས་འཛིན་ག་འདྲ་ཞིག་བྱེད་ཀྱི་ཡོད་པ་རེད། གཉིས་པ་དེ་གནད་དོན་དེ་དང་འབྲེལ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་ག་རེ་ཞུས་ཡོད། ལས་དོན་ག་རེ་བསྒྲུབས་ཡོད། གསུམ་པ་དེ་གཞིས་བྱེས་མང་ཚོགས་ཀྱིས་མ་འོངས་པར་ཐུགས་ལ་འཇགས་དགོས་པའི་འབོད་སྐུལ་ག་རེ་ཡོད།
    དང་པོ་ད་རེས་ཀྱི་བྱུང་རིམ་འདི་ལ་བཀའ་ཤག་གི་མཐོང་ཚུལ་ག་རེ་ཡོད་པ་ཞུས་པ་ཡིན་ན། ཐོག་མ་ད་ཐེངས་བོད་དུ་བྱུང་བའི་ཞི་བའི་གྱེན་ལངས་ཀྱི་གནས་ཚུལ་དེ་ཧ་ཅང་གི་རླབས་ཆེན་པོ་དང༌། གཟི་བརྗིད་ཆེན་པོ། བྱུང་རིམ་གྱི་དོན་སྙིང་དང་ལྡན་པ། བོད་མི་རིགས་ཀྱི་སྙིང་སྟོབས་དང༌། བློ་སྤོབས་གསལ་པོ་བྱས་ནས་མཚོན་པའི་དཔང་རྟགས་འགྲན་ཟླ་མེད་པ་ཞིག་ཡིན་པ་མཐོང་གི་ཡོད། དེ་ཙམ་མ་ཟད་ད་རེས་གྱེན་ལངས་ཀྱི་རྦ་རླབས་དེ་ལྷ་ས་དང་དེའི་ཉེ་འཁོར་ཙམ་ལ་མ་བསྡད་པ་བྱས་ནས། བོད་ཆོལ་ཁ་གསུམ་གྱིས་མཚོན་པས་བོད་རིགས་གནས་ཡུལ་གང་སར་རྒྱ་ཁྱབ་ཏུ་ཕྱིན་པ་དེས་ཕྱོགས་གཅིག་ནས་བོད་མི་ཡོངས་སུ་རྫོགས་པ་བསམ་པ་དང་མངོན་འདོན་གཅིག་མཐུན་ཡིན་པ། ྋགོང་ས་སྐྱབས་མགོན་ཆེན་པོའི་ཡང་དག་པའི་དབུ་ཁྲིད་འོག་ལ་གཅིག་འགྲོས་བྱས་ནས་འགྲོ་ཡི་ཡོད་པ་དེ་མངོན་པར་གསལ་བ་རེད་བསམ་གྱི་ཡོད། དེ་ཙམ་དུ་མ་ཟད་གཉིས་ནས། ཏཱ་ལའི་ལོག་སྤྱོད་པའི་རྗེས་འཇུག་གི་མངའ་བདག་ས་བདག་གྲལ་རིམ་ཉུང་ཤས་ཤིག་མ་གཏོགས་བོད་ལ་ཡོད་པའི་བོད་མི་ཡོངས་རྫོགས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་གྲུབ་དང༌། ཆབ་སྲིད་ལ་གློ་སྙིང་བྲང་གསུམ་གཏད་མཁན་ཡིན་ཞེས་འཛམ་བུ་གླིང་ལ་བཤད་བསྡད་ཡོད་པ་རེད། དེ་ཙམ་དུ་མ་ཚད་བོད་ནང་དཔལ་འབྱོར་དང༌། སྤྱི་ཚོགས་ཀྱི་ཡར་རྒྱས་ཤུགས་ཆེན་པོ་བཏང་ཡོད་ཙང༌། བོད་མི་ཡོངས་རྫོགས་བློ་ཁ་ཚིམས་ནས་དུས་བདེ་ཞི་འཇགས་ངང་གནས་ཡོད་ཅེས་དྲིལ་བསྒྲགས་བྱས་པ་གཉིས་ཀ་དེ་སྐྱག་རྫུན་གཙང་མ་ཡིན་པ་འཛམ་བུ་གླིང་ཡོངས་རྫོགས་ཀྱི་མདུན་ལ་ར་འཕྲོད་པ་བྱུང་བ་རེད་བསམ་གྱི་ཡོད། དེ་ལས་ཀྱང་གལ་གནད་ཆེ་བ་ཞིག་ལ་ྋགོང་ས་སྐྱབས་མགོན་ཆེན་པོས་འདས་པའི་ལོ་༤༩ རིང་ལ་ཆོལ་ཁ་གསུམ་གྱི་མཚོན་པས་བོད་ཀྱི་ས་ཁྱོན་གང་སར་གནས་པའི་བོད་རིགས་ཡོངས་རྫོགས་འཛིན་སྐྱོང་གཅིག་གི་འོག་ལ་སྡོད་དགོས་པ་དེ་གལ་ཆེན་པོ་ཡིན་པ་ཡང་ནས་ཡང་དུ་གསུངས་པ་དངོས་ཡོད་ཀྱི་གནས་ཚུལ་དང་མཐུན་པ་ཞིག་ཡིན་པ་དེ་ད་ཐེངས་ཀྱི་དོན་རྐྱེན་འདིའི་ཐོག་ནས་གསལ་བོ་བསྟན་པ་རེད་བསམ་གྱི་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྣེ་མོ་བ་འགའ་ཞིག་གིས་ད་ཐེངས་དོན་རྐྱེན་འདིའི་ཐོག་ལ་ཁྱོད་ཤི་ང་གསོན་གྱིས་འཐབ་རྩོད་བྱེད་ཀྱི་ཡིན་ཞེས་ཡང་ཡང་ལབ་དགོས་བྱུང་བ་དེས་བོད་མི་རིགས་དེ་རྒྱ་ནག་མི་མང་ཁྱིམ་ཚང་ཆེན་པོའི་ཆ་ཤས་མ་ཡིན་པ། བོད་མི་རིགས་ཡོངས་རྫོགས་ལ་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ཀྱིས་དགྲ་བོའི་འདུ་ཤེས་བཟུང་ཡོད་པ་དེ་གསལ་བོ་བྱས་ནས་མཚོན་པ་རེད་བསམ་གྱི་ཡོད། འདི་འདྲ་བའི་དཔའ་མཛངས་ལྡན་པའི་གྱེན་ལངས་བོད་ས་ཡོངས་ལ་ཁྱབ་པ་དེས་འདས་པའི་ལོ་༤༩ རིང་བྱུང་བའི་གྱེན་ལངས་ཚང་མ་ལས་གཞི་རྒྱ་ཆེ་བ་དང༌། རྒྱལ་སྤྱི་དང༌། རྒྱལ་ནང་གི་གནས་ཚུལ་གང་ལ་བལྟས་ཀྱང༌། བོད་མི་རིགས་དེ་ཆགས་འཇིག་གི་ཁ་མཚམས་ཆོད་པའི་འཐབ་རྩོད་ཅིག་ཆགས་པ་མ་ཟད། ད་ཐེངས་ཀྱི་ལས་འགུལ་འདིས་༡༩༥༡ ལོ་རྒྱ་མིས་དབང་བསྒྱུར་བྱས་པའི་རྗེས་ནས། ད་ཐེངས་གྱེན་ལངས་བྱེད་མཁན་མང་ཆེ་བ་མི་རབས་བཞི་པ་དེ་རེད། གཞོན་སྐྱེས་ཚོ་རེད། དེས་ང་ཚོའི་བོད་ཀྱི་བདེན་པའི་འཐབ་རྩོད་དེ་མི་རབས་གཅིག་ཙམ་གྱིས་རྫོགས་འགྲོ་བ་མ་ཡིན་པ། མི་རབས་ནས་མི་རབས་བརྒྱུད་དེ་ད་ལྟའི་ན་གཞོན་ཆོས་ཀྱི་སློབ་སྦྱོང་མེད་པ། ྋསྐྱབས་མགོན་རིན་པོ་ཆེ་མཇལ་མ་མྱོང་བ། རྒྱ་མིས་སྐད་ཆ་བཤད་སྟངས་བྱས་པ་ཡིན་ན། དར་ཆ་དམར་པོའི་འོག་ཏུ་འཚར་ལོངས་བྱས་པའི་གཞོན་སྐྱེས་དེ་ཚོ་རེད། དེ་ཚོའི་བསམ་བློའི་ནང་ལ་བོད་ཀྱི་ཆོས་དང་མི་རིགས་ལ་ཤ་ཞེན་འདོར་བ་མེད་པ་དེ་ད་ཐེངས་གསལ་བོ་ཆགས་ཡོད་པ་རེད་བསམ་གྱི་འདུག ད་ཐེངས་ཀྱི་དོན་རྐྱེན་འདིས་བོད་ལ་ཡོད་པའི་བོད་མི་དེ་ཚོས་བློས་གཏོང་ག་ཚོད་བྱས་ཡོད་པ་རེད། ཆོད་སེམས་ག་ཚོད་ཡོད་པ་རེད། ལྷག་བསམ་ག་ཚོད་ཡོད་པ་རེད། དེ་ཚོ་ས་རིས་ཐང་གསལ་ཞུས་པ་རེད། དེ་འདྲ་སོང་བ་ཡིན་ཙང༌། ང་ཚོ་ཚང་མས་སྤོབས་པ་དང་ཡི་རངས་ཀྱི་སྒོ་ནས་བསྔགས་བརྗོད་ཚད་མེད་ཞུ་འོས་པ་ཞིག་རེད་ལ། བོད་མི་རིགས་ཀྱི་བྱུང་རིམ་དེ་ཚོའི་ནང་མ་འོངས་པར་གསེར་གྱི་ཡི་གེའི་ནང་དུ་འབུར་དུ་འདོན་རྒྱུ་ཡིན་པ་དེ་ཐེ་ཚོམ་མེད་པ་ཞིག་རེད། དེས་མ་ཚད་ད་རེས་སྲོག་ཐོག་སོང་བ་དེ་ཚོ་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་ནས་ཁོང་གི་གདུལ་ཞིང་གངས་ཅན་གྱི་ལྗོངས་སུ་སླར་ཡང་མི་ལུས་ཐོབ་རྒྱུ་དང༌། བོད་མི་རིགས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་ཡེ་ཤེས་སྤྱན་ལྡན་ཚོས་ལུང་བསྟན་ཡང་འདུག་ཞུ་རྒྱུ་ཡིན། དེ་ཡན་ཆད་དེ་ད་ཐེངས་བོད་དུ་བྱུང་བའི་གནས་ཚུལ་ལ་བཙན་བྱོལ་གཞུང་གིས་ངོས་འཛིན་བྱེད་སྟངས་མདོར་བསྡུས་ཤིག་ཡིན།
    ང་ཚོའི་ངོས་ནས་ག་རེ་བྱེད་དགོས་ཀྱི་ཡོད་པ་དང༌། ག་རེ་བྱས་པ་དེ་མདོར་བསྡུས་ཤིག་ཞུས་ན། དོན་རྐྱེན་འདི་ལ་བརྟེན་ནས། བྱེས་ལ་འབྱོར་བའི་བོད་རིགས་ཡོད་དོ་ཅོག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་འཕྲལ་ཕུགས་གཉིས་ཀར་ཕན་པའི་ལས་འགུལ་སྤེལ་དགོས་ཀྱི་ཡོད་པ་བརྗོད་མ་དགོས་པ་རེད། དེ་འདྲ་སོང་བ་ཡིན་ཙང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུ་ཁྲིད་འོག་ལ་ཆེས་མཐོའི་ཚོགས་ཆུང་བཙུགས་ནས། བཙན་བྱོལ་བོད་མིའི་ལས་འགུལ་ཡོངས་སུ་རྫོགས་པ་གང་སར་ཁ་མ་བཀྲམ་པར་གོང་བུ་གཅིག་གྱུར་བཟོ་ཐབས་བྱས་ཡོད་པ་རེད། དེ་འདྲའི་ཕྱག་ལས་གནང་བ་དེ་ང་ཚོ་བཙན་བྱོལ་གྱི་བྱུང་རིམ་ནང་ལ་ཛ་དྲག་གི་བྱེད་ཐབས་གསར་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་འདྲ་སོང་བ་ཡིན་ཙང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག སྡེ་ཚན་ཁག སྐྱིད་སྡུག ཡུལ་མི་སྒེར་ཚང་མས་དབུ་ཁྲིད་འདིའི་འོག་མཐུན་འགྱུར་དང་ཤར་བསྐྱོད་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད། ད་ཐེངས་ཀྱི་གོ་སྐབས་འདི་བཟུང་ནས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་འདིར་ཆིབས་བསྒྱུར་གནང་བའི་མི་མང་བརྒྱུད་ནས། གཞིས་བྱེས་བོད་མི་ཡོངས་རྫོགས་ལ་ལས་དོན་དང༌། འབོད་སྐུལ་སྙན་སྒྲོན་ཞུ་རྒྱུར། དང་པོ་དེ་ལ་བོད་ལ་དྲག་གནོན་གྱི་གནས་ཚུལ་བྱུང་མ་ཐག་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ངལ་འཛེམས་མེད་ཀྱི་ཐོག་ནས། སྐུ་ཁམས་བདེ་མིན་ཡོད་པ་ལ་ཐུགས་སྣང་མ་གནང་ནས། ཆབ་སྲིད་ཀྱི་ཐོག་ལ་ཆ་མཚོན་ན། མཐུན་ཕྱོགས་རྒྱལ་ཁབ་མང་ཆེ་བའི་ཆེས་མཐོའི་དབུ་ཁྲིད་རྣམ་པ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་གྲོགས་པོ་རྣམ་པ། གྲགས་ཅན་གྱི་མི་སྣ་ཁག་མང་པོ་ལ་བཀའ་ཡིག་སྔ་ཕྱིར་བསྩལ་གནང་མཛད་པ་དང༌། གསར་འགྱུར་གྱི་བརྒྱུད་ལམ་ཁག་ལ་ཐེངས་དྲུག་བདུན་བཅར་འདྲིའི་གོ་སྐབས་གནང་བ། དེ་བཞིན་རྒྱལ་སྤྱིའི་གཞུང་དང༌། མང་ཚོགས་ལ་འབོད་སྐུལ་སྔ་ཕྱིར་གནང་བ་མཛད་འཕྲིན་ཧ་ཅང་གི་རྒྱ་ཆེན་པོ་བསྐྱངས་དང་སྐྱོང་བཞིན་པ་ཕལ་ཆེར་ཚང་མས་ཐུགས་སྣང་བྱུང་ཡོད་པ་རེད་བསམ་གྱི་འདུག ཆོས་ཀྱི་ཐོག་ནས་ཞུས་ན། ད་ཐེངས་ཀྱི་བོད་ཀྱི་གནས་ཚུལ་འདི་དོན་དང་ལྡན་པ་ཞིག་ཡོང་རྒྱུའི་ཆེད་དུ་སྒྲོལ་མ་དང༌། ཤེས་རབ་སྙིང་པོ། རྟ་མགྲིན་གྱི་གཟུངས་སྔགས་ལ་སོགས་བསྟན་སྲིད་ཀྱི་ཞབས་རིམ་བསྒྲུབ་རྒྱུ་དང༌། བོད་སྤྱི་མཐུན་གྱི་བསོད་ནམས་བསག་རྒྱུའི་ཐབས་ལ་འབད་དགོས་པའི་ལམ་སྟོན་སྔ་རྗེས་གནང་བ་ཙམ་གྱིས་མ་ཚད། ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ངོ་མ་ཞབས་རིམ་གྱི་ཉི་མ་དང་པོའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད། བོད་གཞུང་བཀའ་ཤག་གི་ངོས་ནས་ཀྱང་སྐུ་ཚབ་དོན་གཅོད་ཁག་བརྒྱུད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་བཅས་ལ་གནས་ཚུལ་མཁོ་སྤྲོད། རོགས་མགོན་རྒྱབ་སྐྱོར། ལྷག་པར་དུ་ད་ལྟའི་གནས་སྐབས་ལ་བོད་ནང་དུ་ཛ་དྲག་གི་ཆེད་དུ་ག་རེ་ཡིན་པ་འཐུས་ཚང་བརྒྱུད་བསྒྲགས་ཞུས་དང་ཞུ་བཞིན་པ་ཡིན། ཨ་རི་དང༌། ཡོ་རོབ་མཉམ་འབྲེལ་གྱིས་མཚོན་པས་འཛམ་གླིང་ཤར་ནུབ་ཀྱི་མཐུན་ཕྱོགས་རྒྱལ་ཁབ་མང་ཆེ་བའི་ཆེས་མཐོའི་དབུ་ཁྲིད་རྣམ་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ། ཆབ་སྲིད་ཚོགས་པ་ཁག་གི་དབུ་ཁྲིད། སྤྱི་ཚོགས་ཞབས་ཞུ་བ་ཁག གྲགས་ཅན་མི་སྣ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག ཆོས་ལུགས་སོ་སོའི་ཆེས་མཐོའི་དབུ་ཁྲིད་ལ་སོགས་པས་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་སྤེལ་བ་ལ་ང་ཚོས་སྔོན་ནས་ཐུགས་རྗེ་ཆེ་ཞུས་ཡོད་པས་མ་ཚད་གོ་སྐབས་འདིའི་ཐོག་ནས་བསྐྱར་དུ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། ད་དུང་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་ནུས་པ་ཐོན་པའི་རྒྱབ་སྐྱོར་དེ་མུ་མཐུད་ནས་གནང་རོགས་གནང་ཞེས་རེ་སྐུལ་ཡང་ཞུ་བཞིན་པ་ཡིན།
    ད་ལྟའི་གནས་སྐབས་ལ་ང་ཚོའི་ངོས་ནས་རྒྱལ་སྤྱིའི་ཐོག་ཁ་ཚ་དགོས་གཏུགས་ཀྱིས་འབོད་སྐུལ་ཞུ་དགོས་པའི་དོན་གནད་གཙོ་བོ་བཞི་ཡོད། དང་པོ། བོད་ས་ཡོངས་ལ་དྲག་གནོན་འཕྲལ་དུ་མཚམས་འཇོག་དགོས་པ། གཉིས་པ། རྒྱུ་མཚན་འདི་དང་འདི་འདྲའི་འོག་འཛིན་བཟུང་བཙོན་འཇུག་བྱས་པའི་བཙོན་པ་ཡོངས་རྫོགས་འཕྲལ་དུ་གློད་གྲོལ་དགོས་པ། གསུམ་པ། རྨས་མ་དེ་ཚོར་སྨན་བཅོས་ཀྱི་མཐུན་རྐྱེན་དང༌། ས་གནས་མང་པོར་བཀག་ནས་བཅུག་བཞག་ཡོད་པ་དེ་ཚོར་བཟའ་བཏུང་གི་མཐུན་རྐྱེན་འཕྲལ་དུ་སྤྲོད་ཐབས་དགོས་པ། བཞི་བ། རྒྱལ་སྤྱིའི་རང་དབང་ཅན་གྱི་ཞིབ་འཇུག་ཚོགས་པ། རིས་སུ་མ་ཆད་པའི་གསར་འགོད་པ་དེ་ཚོ་བཀག་འགོག་མེད་པར་བོད་ས་ཡོངས་རྫོགས་ལ་བསྐྱོད་ཆོག་པའི་དགོས་འདུན་བཏོན་པས་མ་ཚད། དེ་ཚོ་ལག་ལེན་ཁེལ་བ་ཞིག་ཡོང་དགོས་པའི་ཐོག་ལ་བྱེས་འབྱོར་བོད་མི་ཡོངས་རྫོགས་ཀྱི་ནུས་པ་གཅིག་ཏུ་བསྒྲིལ་ནས་འཐབ་རྩོད་བྱེད་རྒྱུའི་དུས་ལ་བབས་ཡོད་པ་རེད་བསམ་གྱི་ཡོད་ཅེས་ལས་དོན་བྱེད་ཕྱོགས་ཐོག་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།།

བོད་ནང་དུ་རྩོམ་སྒྲིག་པ་ཞིག་འཇུ་བཟུང༌།

ད་ལྟ་བོད་ནང་དུ་རྒྱ་གཞུང་གིས་གསང་ཉུལ་བྱས་ཏེ། བོད་ཀྱི་ས་གནས་གང་ས་ནས་བོད་མི་རྣམས་འཇུ་བཟུང་བྱེད་བཞིན་ཡོད་པ་ལྟར། གནས་ཚུལ་ཤེས་གསལ་ལྟར་ན། མདོ་སྨད་ཨ་མཆོག་མཚན་ཉིད་དགོན་པའི་དགེ་འདུན་པས་ཟླ་འདིའི་ཚེས་༡༧ ཉིན་རྒྱ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང༌། དགོན་པ་དེའི་དུས་དེབ་ཅིག་གི་རྩོམ་སྒྲིག་པ་ཀླུ་སྒྲུབ་ཕུན་ཚོགས་ལགས་ལ་རྒྱ་རྒོལ་གྱི་སྣེ་ཁྲིད་མཁན་ཡིན་པའི་ཉེས་མིང་འོག་ཟླ་འདིའི་ཚེས་༢༠ དགོང་མོར་རྒྱ་དམག་གིས་འཇུ་བཟུང་བྱས་ཡོད་འདུག།མཚོ་སྔོན་མི་རིགས་སློབ་གྲྭའི་ངོ་རྒོལ།བོད་ནང་གི་མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་མ་ཉིས་བརྒྱ་ཙམ་གྱིས་ཟླ་འདིའི་ཚེས་༢༠ དགོང་མོར་རྒྱ་ནག་གི་དྲག་གནོན་འོག་ནས་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་མཆོད་འབུལ་དང་མྱ་ངན་གུས་འདུད་ཞུས་ཡོད་པ་དང༌། ཞོགས་པར་སློབ་མ་ལྔ་བརྒྱ་ཙམ་གྱིས་མྱ་ངན་གུས་འདུད་ཞུ་བ་དང༌། བསངས་གསོལ་གཏོང་བ་སོགས་བྱེད་སྐབས་སློབ་གླིང་དེའི་བོད་དགེ་ཁག་ཅིག་གིས་རེ་སྐུལ་ལྟར་མཚམས་འཇོག་བྱས་ཡོད་འདུག སློབ་གླིང་དེའི་ཕྱི་ནང་ཚང་མར་རྒྱ་དམག་ཧ་ཅང་འབོར་ཆེན་པོ་སླེབས་ནས་སློབ་མ་རྣམས་ཡར་མར་ལ་འགྲོ་བསྐྱོད་བྱེད་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་རེད།།

མཚོ་སྔོན་མི་རིགས་སློབ་གྲྭའི་ངོ་རྒོལ།

བོད་ནང་གི་མཚོ་སྔོན་མི་རིགས་སློབ་གླིང་གི་སློབ་མ་ཉིས་བརྒྱ་ཙམ་གྱིས་ཟླ་འདིའི་ཚེས་༢༠ དགོང་མོར་རྒྱ་ནག་གི་དྲག་གནོན་འོག་ནས་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་མཆོད་འབུལ་དང་མྱ་ངན་གུས་འདུད་ཞུས་ཡོད་པ་དང༌། ཞོགས་པར་སློབ་མ་ལྔ་བརྒྱ་ཙམ་གྱིས་མྱ་ངན་གུས་འདུད་ཞུ་བ་དང༌། བསངས་གསོལ་གཏོང་བ་སོགས་བྱེད་སྐབས་སློབ་གླིང་དེའི་བོད་དགེ་ཁག་ཅིག་གིས་རེ་སྐུལ་ལྟར་མཚམས་འཇོག་བྱས་ཡོད་འདུག སློབ་གླིང་དེའི་ཕྱི་ནང་ཚང་མར་རྒྱ་དམག་ཧ་ཅང་འབོར་ཆེན་པོ་སླེབས་ནས་སློབ་མ་རྣམས་ཡར་མར་ལ་འགྲོ་བསྐྱོད་བྱེད་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་རེད།།

ཁམས་བྲག་འགོ་ས་ཁུལ་དུ་དྲག་གནོན།

ཕྱི་ཚེས་༢༤ ཉིན་ཁམས་བྲག་འགོ་རྫོང་དུ་ཞི་བའི་ངོ་རྒོལ་ཁྲོད་རྒྱ་དམག་གིས་ཞི་རྒོལ་བ་དམར་གསོད་བྱས་པའི་ཕུང་པོ་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་པར་རྒྱལ་བའི་གླིང་གི་འདུས་མང་གི་བསྔོ་སྨོན་ཆེད་འབྱོར་ཡོད་འདུག ཚེས་༢༤ ཉིན་ལྕོག་རི་ས་གནས་སུ་ཡོད་པའི་བཙུན་མ་༢༠༠ ཙམ་གྱིས་སྣེ་ཁྲིད་དེ་ཏྲེ་ཧོར་ཤང་གི་ཐོག་ཏུ་ཡོང་སྟེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན་ཞེས་པའི་སྐད་འབོད་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་རིམ་བཞིན་དེར་ཡོད་མི་མང་རྣམས་མཉམ་འཛོམས་ཀྱིས་སྐད་འབོད་བྱེད་སྐབས། ཉེ་ཁུལ་གྱི་དགོན་པའི་གྲྭ་མང་༢༠༠ ལྷག་ཙམ་དང༌། བཙུན་མ་༡༥༠ ཙམ་བཅས་ཁྱོན་སེར་སྐྱ་མང་ཚོགས་ཁྱོན་ཆེ་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་བྱས་འདུག་ཅིང་མཐར་རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་གྲྭ་ཀུན་དགའ་རང་ལོ་༢༡ ཅན་ཞིག་བསད་པ་དང༌། ཕུང་པོ་རྒྱ་དམག་གིས་འཁྱེར་རྩིས་བྱས་ཀྱང་གྲྭ་མང་གིས་འཕྲོག་སྟེ་དགོན་པར་འབྱོར་ཡོད་འདུག མི་སྐྱ་ཚེ་དབང་དོན་གྲུབ་ཀྱི་མཁལ་མར་མེ་མདའ་བརྒྱབ་ནས་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་བཅོས་ཐབས་དཀའ་བའི་གནས་སུ་གྱུར་ཡོད་འདུག ད་དུང་ཐད་འཕུར་གནམ་གྲུས་སྐོར་གཡེང་དང༌། དགོང་མོ་ནས་བོད་མི་རྣམས་ཕྱི་ལོགས་སུ་སོང་ན་མེ་མདའ་རྒྱག་རྒྱུ་ཡིན་པའི་ཉེན་བརྡ་ཡང་བཏང་འདུག ཕྱི་ཚེས་༢༥ ལྕོག་རི་དགོན་པའི་མཁན་པོ་བློ་བཟང་དབང་ཆེན་རིན་པོ་ཆེ་མཆོག་དང༌། ཆུ་མཁར་གྲོང་གི་ཚེ་དབང་རྒྱ་མཚོ། སྐལ་བཟང་ཟླ་བ། མཐར་ཕྱིན། དཔལ་ལྡན་ཤེས་རབ། བྱང་གྲོང་གྲོང་གི་ཀུན་དབྱངས་སོགས་མི་དགུ་འཇུ་བཟུང་གིས་ཤིན་ཏུ་ཛ་དྲག་གི་གནས་སུ་གྱུར་འདུག།

བོད་མི་མང་སྤྱི་འཐུས་རྣམ་པས་ཟས་བཅད་ངོ་རྒོལ།

བོད་ནང་དུ་བོད་རིགས་གང་མང་ཞིག་དམར་གསོད་གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་བོད་མི་མང་སྐབས་བཅུ་བཞི་པའི་སྤྱི་འཐུས་རྣམས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་གྲོས་ཚོགས་ལམ་ཆེན་དུ་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་བྱས་ཡོད་པ་དང༌། སྐབས་དེར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་རྗོར་ཆི་ཧཕ་ན་ཌིསི་དང༌། རྒྱ་གར་གྲོས་ཚོགས་ཀྱི་འཐུས་མི་བཅུ་ལྷག་ཅིག་ཕེབས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་གསུང་བཤད་གལ་འགང་ཆེ་བ་གང་མང་གནང་ཡོད་པ་རེད། སྐབས་དེར་དགོས་འདུན་དོན་ཚན་བཞི་བཏོན་ཡོད་པ་ནི་བོད་ཀྱི་ཛ་དྲག་གནས་སྟངས་ཞིབ་འཇུག་སླད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་འཕྲལ་དུ་བསྐོ་གཏོང་དགོས་པ། རྒྱལ་སྤྱིའི་སྤྱི་སྒེར་སྒྲིག་འཛུགས་ཁག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ། བོད་ནང་གི་ལག་བསྟར་བྱེད་བཞིན་པའི་དྲག་སྤྱོད་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ། བོད་ནང་གི་ཞི་བའི་ངོ་རྒོལ་སྐབས་འཛིན་བཟུང་བྱུང་བའི་བོད་མི་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ། བོད་ནང་ད་རེས་ཞི་བའི་ངོ་རྒོལ་སྐབས་ཉེས་རྡུང་ཕོགས་པའི་ནད་པ་རྣམས་ལ་འཕྲལ་དུ་ཛ་དྲག་གི་སྨན་བཅོས་མཐུན་རྐྱེན་སྤྲོད་དགོས་པ་བཅས་ཡིན་པ་རེད། སྐབས་དེ་ནས་བོད་གཞུང་མང་མཉམ་འབྲེལ་གྱི་ལས་འགུལ་སྣེ་ཁྲིད་ཀྱི་ཆེད་དུ་སྤྱི་འཐུས་རྣམས་ས་གནས་ཁག་བསྒོས་ཀྱིས་ཕེབས་ནས་མི་མང་ལས་འགུལ་སྣེ་ཁྲིད་བྱེད་བཞིན་ཡོད་པ་རེད།།

རྒྱ་གཞུང་ལ་ཞི་རྒོལ་བྱས་པའི་གནས་ཚུལ་མདོར་བསྡུས།

མཛོད་དགེ། མདོ་སྨད་ཐང་སྐོར་དགོན་གྲོང་གཉིས་ཀྱི་མི་མང་རྣམས་ཀྱིས་ཕྱི་ཟླ་༣ ཚེས་༡༠ ནས་བཟུང་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང༌། རྒྱ་གཞུང་གི་རྒྱལ་དར་ཐེངས་མང་མར་ཕབ་པ་དང༌། བོད་ཀྱི་རྒྱལ་དར་ཡར་འཕྱར་བ་སོགས་ཀྱིས་མཚོན་ཞི་རྒོལ་བྱས་མཐར། ས་གནས་དེའི་གྲྭ་ཚུལ་ཁྲིམས་འབྱུང་གནས་དང༌། ཡར་འཕེལ་ནག་ར་སོགས་སྐྱ་སེར་མི་གྲངས་༢༤ འཛིན་བཟུང་གིས་ད་ལྟ་རྒྱ་མིའི་བཙོན་ཁང་གང་དུ་ཡོད་མེད་ཤེས་རྟོགས་མེད་པ་དང༌། ད་དུང་སྔར་ལས་འགུལ་ཁྲོད་ཞུགས་ཟིན་པའི་མི་མང་པོ་ཞིག་རང་ཁྱིམ་དུ་སྡོད་མ་ཐུབ་པར་རི་སྒང་དུ་བྲོས་བྱོལ་ལ་འགྲོ་མུས་ཡིན་འདུག འདི་ཟླའི་ཚེས་༣༠ བར་ཏཱ་ལའི་རུ་ཚོགས་ཀྱི་སྐུལ་སློང་འོག་བོད་རང་བཙན་དང་འབྲེལ་བའི་ལས་འགུལ་གང་སྤེལ་ཡོད་པ་རྣམས་རང་གི་ནོར་འཁྲུལ་ཡིན་པ་ངོས་ལེན་མཚོན་བྱེད་དུ་ཐང་སྐོར་སོག་ཚང་དགོན་པའི་མགོ་བླ་མ་ནས་མ་བྱན་ཡན་ཆོད་ལ་ས་ཡིག་བརྒྱག་དགོས་པའི་བཀའ་ཕབ་ཡོད་འདུག་ཀྱང་མི་མང་གི་ངོས་ནས་བོད་རང་བཙན་མ་ཐོབ་རུང༌། རྒྱ་གཞུང་ལ་མགོ་བསྒུར་ནས་རྒྱལ་བ་རིན་པོ་ཆེར་ཁ་གཏོང་གི་མིན་ཞེས་བརྗོད་དེ་ད་བར་ས་ཡིག་རྒྱག་མཁན་སུ་ཡང་བྱུང་ཡོད་མི་འདུག
ལྷ་ས། ཚེས་༢༥ ཉིན་ཡང་ལྷ་སའི་དམ་དྲག་གི་གནས་སྟངས་རང་འཇགས་ཡིན་པ་དང༌། བར་སྐོར་ཕྱོགས་སུ་བོད་མི་གཅིག་ཀྱང་མི་གཏོང་བ་མ་ཟད། རྒྱ་མིའི་ཚོང་ཁང་རེ་ཟུང་ལས་ཚོང་ཁང་གཞན་རྣམས་སྒོ་ཕྱེས་ཡོད་མི་འདུག་ལ་ལྷ་ས་ནང་ཁུལ་དུ་ཡོད་པའི་གཉེན་ཉེ་སྤུན་མཆེད་རྣམས་ཕན་ཚུན་འགྲོ་འོང་མེད་པར་ཉིན་གྲངས་བཅུ་ཕྲག་ལྷག་ཕྱིན་ཡོད་འདུག་ལ། ཕྲུ་གུ་སློབ་གྲྭར་སྐྱེལ་མཁན་ཡང་འགྲོ་ཆོག་གི་མེད་པའི་གནས་ཚུལ་འདུག།
ལི་ཐང༌། ཁམས་ལི་ཐང་རྫོང་དུ་རྒྱ་དམག་ཕོན་ཆེ་འབྱོར་སྟེ་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དང༌། མི་མང་གིས་ངོ་རྒོལ་སྐབས་འཇུ་བཟུང་བྱས་པའི་ནང་བློ་བཟང་དོན་གང་དུ་བཀག་ཉར་བྱས་ཡོད་ཤེས་རྟོགས་བྱུང་མེད་འདུག རྒྱ་དམག་༡༣༠ ཙམ་ཤོངས་བའི་དམག་གུར་༡༠༠ ལྷག་ཡོད་པ་མ་ཟད། ད་དུང་དམག་སྒར་གསར་པ་ཡང་རྒྱག་བཞིན་ཡོད་འདུག དམག་མི་དེ་དག་ཕྱི་ཟླ་༩ པའི་བར་དུ་གནས་རྒྱུ་ཡིན་ལུགས་ཤོད་ཀྱི་ཡོད་འདུག དེ་ལྟ་བུའི་དམ་དྲག་འོག་ཕྱི་ཚེས་༢༤ ཉིན་གྱི་ཉིན་གུང་ཙམ་ལ་ཁམས་ལི་ཐང་རྫོང་དམར་ཤོག་ལྷན་ཁང་གི་ཁང་པ་མེར་བསྲེག་ཐེབས་པ་དང༌། མང་ཚོགས་ཀྱིས་དེ་ནི་རྒྱ་གཞུང་གི་ལྐོག་གཡོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག།
    
བོད་བར་གྱི་ཞི་བའི་གོམ་བགྲོད་གནས་སྐབས་མཚམས་འཇོག།

ཚོགས་པ་ལྔའི་གོ་སྒྲིག་འོག་བོད་བར་དུ་བསྐྱོད་རྒྱུའི་ཞི་བའི་གོམ་བགྲོད་ཅིག་འདི་ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་ནས་འགོ་འཛུགས་བྱས་པ་དང༌། ལས་འགུལ་འདི་རྒྱ་གར་གཞུང་གིས་བཀག་ནའང་རེད། ྋགོང་ས་མཆོག་གིས་མཚམས་འཇོག་དགོས་པའི་བཀའ་གནང་ནའང་རེད། དཀའ་ངལ་ག་རེ་འཕྲད་ནའང་མུ་མཐུད་དུ་བསྐྱོད་རྒྱུར་དམ་བཅའ་བརྟན་པོ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་རེད། ལས་འགུལ་བ་དང་པོ་དེ་རྒྱ་གར་གཞུང་གིས་འཇུ་བཟུང་བྱས་ཡོད་པ་དང༌། ལས་འགུལ་གཉིས་པ་དེ་འགོ་འཛུགས་ཀྱིས་བསྐྱོད་བཞིན་པའི་སྐབས་ྋགོང་ས་མཆོག་གིས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་བསྡུ་བསྐོང་གིས་ལས་འགུལ་དེ་མཚམས་འཇོག་དགོས་པར་བཀའ་གནང་ཡོད་པ་དང༌། དེ་རྗེས་བོད་གཞུང་མང་ལས་འགུལ་ཚོགས་ཆུང་གིས་ཀྱང་མཚམས་འཇོག་དགོས་སྐོར་གསུངས་མཐར། བོད་ཀྱིས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་མོས་མཐུན་བྱས་མེད་ནའང་བོད་ཀྱི་དབུས་བུད་མེད་ལྷན་ཚོགས་དང༌། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱིས་མོས་མཐུན་བྱས་ཏེ་མང་མོས་ཀྱིས་ལྡི་ལིར་སླེབས་མཚམས་གནས་སྐབས་མཚམས་འཇོག་བྱེད་རྒྱུ་ཐག་གཅོད་གནང་ཡོད་པ་རེད།  
    གོམ་བགྲོད་དེ་མཚམས་འཇོག་ལ་མོས་མཐུན་མ་གནང་བ་གཙོ་བོ་གང་ཡིན་སྐོར་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་བཅར་འདྲི་ཞུས་པར། གོམ་བགྲོད་དེ་གནས་སྐབས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱུང་བ་རེད། ཕྱིར་འཐེན་བྱེད་སྐབས་ང་ཚོ་གྲོས་བསྡུར་བྱེད་སྐབས་གཞོན་ནུའི་ངོས་ནས་ཕྱིར་འཐེན་རྩ་བ་ནས་བྱེད་རྒྱུ་མིན། ཐོག་མ་འཆར་གཞི་བསྒྲིགས་པའི་སྐབས་ལ་ཚང་མས་ཆོད་སེམས་བརྟན་པོའི་ཐོག་ནས་དཀའ་ངལ་ག་རེ་འཕྲད་ནའང༌། གདོང་ལེན་བྱས་ཏེ་ལས་འགུལ་དེ་ཤར་བསྐྱོད་བྱེད་རྒྱུ་ཡིན་ཞེས་ཐག་བཅད་ཡོད་པ་རེད། དེ་ཡོད་པ་ནང་བཞིན་ང་ཚོའི་ངོས་ནས་ཕྱིར་འཐེན་བྱེད་ཐུབ་མེད། ཡིན་ནའང་ཚོགས་པ་ལྔ་ཡོད་པ་རེད། དེའི་ནང་ནས་མང་མོས་ཀྱིས་ཐག་གཅོད་བྱས་ནས་གནས་སྐབས་ཕྱིར་འཐེན་བྱས་པ་རེད་ཅེས་གསུངས་བྱུང༌། གཞོན་ནུའི་གོམ་བགྲོད་དེ་གལ་ཆེན་དུ་གཟིགས་ནས་མཚམས་འཇོག་བྱེད་རྒྱུར་མོས་མཐུན་མ་གནང་ནའང་མཚམས་འཇོག་བྱེད་དགོས་བྱུང་བ་རེད། ལས་འགུལ་དེ་ཁ་སྐོང་རྒྱུའི་ཆེད་དུ་གཞོན་ནུའི་ངོས་ནས་གོམ་བགྲོད་གཞན་པ་འགོ་འཛུགས་གནང་འཆར་ཡོད་མེད་དྲིས་པ་ན། ཐོག་མ་ལས་འགུལ་དེ་མུ་མཐུད་དུ་འགྲོ་རྒྱུར་ཆོད་སེམས་བརྟན་པོ་ཡོད། ང་ཚོའི་ངོས་ནས་གང་ཅིའི་ཐོག་ལ་ནུས་པ་སྤུངས་ནས་ཐབས་ཤེས་བྱས་པ་ཡིན། ཛ་དྲག་ཆགས་ཡོང་སྐབས་ང་ཚོས་གཞི་ནས་ཟུར་དུ་བསྡད་ནས་དུས་ཚོད་བཏང༌། བསམ་བློ་བཏང་ནས་ལས་ཀ་བྱེད་རྒྱུའི་དུས་ཚོད་ལ་སླེབས་བསྡད་ཡོད་པ་རེད། ད་ལྟ་ཐག་ཆོད་གང་ཡང་མེད་ཅེས་འགྲེལ་བརྗོད་གནང་སོང༌།
    ལས་འགུལ་དེ་ཕྱིར་འཐེན་བྱེད་རྒྱུར་མོས་མཐུན་གནང་མཁན་གྱི་ཚོགས་པ་བཞིའི་ནང་ནས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་སུ་ཕྱིར་འཐེན་བྱེད་དགོས་དོན་བཅར་འདྲི་ཞུས་པར། ཁོང་གིས་ཐོག་མ་ང་ཚོས་གོམ་བགྲོད་དེ་མཇུག་སྐྱེལ་རྒྱུའི་དམ་བཅའ་ཡང་བྱས་པ་རེད། ད་ལྟ་ཡིན་ནའང་དམ་བཅའ་དེ་རང་ཡོད་བསམ་གྱི་ཡོད། ཡིན་ནའང་བར་ལམ་ནས་བོད་གཞུང་གིས་ྋགོང་ས་མཆོག་གི་ལམ་སྟོན་ཡོད་པའི་གཞུང་མང་གི་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་བཙུགས། ཁོང་ཚོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག མི་མང་ཚང་མ་མཉམ་རུབ་བྱེད་དགོས་པའི་བཀའ་ཕེབས་པ་རེད། གཞུང་གི་ངོས་ནས་ཛ་དྲག་གི་ཚོགས་ཆུང་བཙུགས་པ་དང༌། ཐང་ལ་ཐོན་ནས་ལས་ཀ་བྱེད་རྒྱུ་ཡིན་ལབ་པ་ཞེ་དྲག་གོ་མྱོང་མེད། ད་ལྟ་དེ་རླབས་ཆེན་པོ་དང་ནུས་པ་ཐོན་པ་ཞིག་རེད་བསམ་སོང༌། ཚོགས་པ་ལྔས་བྱས་པ་རེད། བཅུ་ཡིས་བྱས་པ་ཡིན་ནའང་གཞུང་དང་འདྲ་ཡི་མ་རེད་བསམ་གྱི་ཡོད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ག་ཚོད་ཆེན་པོ་ཡིན་ནའང༌། འགྲོ་ས་དེ་གཞུང་གི་འོག་རེད་བསམ་གྱི་ཡོད། གནད་དོན་དེ་ལ་བརྟེན་ནས། བསམ་བློ་གཏོང་ས་ཞིག་ཆགས་པ་རེད། ད་དུང་ལྐུག་པའི་ཨུ་ཚུགས་ཀྱིས་བྱས་པ་ཡིན་ན། ཛ་དྲག་ཚོགས་ཆུང་གི་ལས་འགུལ་དེ་རླབས་ཆེན་པོ་དང༌། ནུས་པ་ཆེན་པོ་ཞིག་ཡོང་རྒྱུ་ལ་ང་ཚོའི་ངོས་ནས་གནོད་སྐྱོན་དང༌། བར་ཆད་ཡོང་མི་སྲིད་པ་མ་རེད་བསམས་ནས། ཁོང་ཚོས་ལས་འགུལ་སྤེལ་རྒྱུ་ཡིན་ལབ་དུས་ང་ཚོས་ངོས་ལེན་མ་བྱས་ན་མ་བདེ་བ་འདྲ་ཆགས་བསྡད་ཡོད་པ་རེད། གྲོས་བསྡུར་བྱས་མཐར་ང་ཚོ་ལས་གཞུང་གིས་ནུས་པ་ཡག་པོ་འདོན་ཐུབ་པ་ང་ཚོས་ཤེས་ཀྱི་ཡོད་པ་རེད། གོམ་བགྲོད་དེ་ང་ཚོས་གནས་སྐབས་མཚམས་འཇོག་བྱེད་རྒྱུ་མང་མོས་ཀྱིས་ཐག་གཅོད་བྱས་པ་རེད། ཛ་དྲག་ཚོགས་ཆུང་གི་ལས་འགུལ་ལ་ནུས་པ་ཡག་པོ་ཐོན་ན་ཡག་ཤོས་རེད། ནུས་པ་ཞེ་དྲག་ཐོན་ས་མ་རེད་བསམ་ན། ང་ཚོས་མུ་མཐུད་རྒྱུ་འདྲ་ཐག་གཅོད་བྱུང་བ་རེད། ྋགོང་ས་མཆོག་དང༌། བོད་གཞུང་གིས་མཚམས་འཇོག་དགོས་པའི་བཀའ་གནང་ནའང་མཚམས་འཇོག་བྱེད་རྒྱུ་མིན་ང་ཚོས་ལབ་པ་རེད་མོད། སྔོན་མ་དང་མ་འདྲ་བ་དེ་མཚམས་འཇོག་གྱིས་འདི་བྱེད་རོགས་བྱས་གསུངས་ནས་ལམ་ཁ་ཞིག་བསྟན་ཡོང་བ་དེ་གཉིས་ལྗིད་ཁོག་ཞིག་བཀྱག་དགོས་པ་རེད་བསམ་གྱི་ཡོད་ཅེས་དང༌།
    ྋགོང་ས་མཆོག་གིས་ཚོགས་པ་ཁག་གི་ཚོགས་གཙོ་རྣམས་ཡར་བསྐོང་ནས་བཀའ་སློབ་གནང་བའི་སྐོར་དྲིས་པར། ྋསྐྱབས་མགོན་རིན་པོ་ཆེ་ལ་ཐུགས་ཁག་ཡོད་པ་མ་རེད། རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་ྋསྐྱབས་མགོན་རིན་པོ་ཆེར་བོད་བར་དུ་ཞི་བའི་གོམ་བགྲོད་དེ་མཚམས་འཇོག་དགོས་སྐོར་དང༌། ས་མཚམས་ནས་གཏོང་རྒྱུ་དེ་གནད་འགག་ཆེན་པོ་རེད། མཚམས་འཇོག་མ་བྱས་ན་དེ་ལུགས་ཀྱིས་ལག་བསྟར་བྱེད་རྒྱུ་ཡིན་སྐོར་ཞུས་ཡོད་པ་རེད། ྋསྐྱབས་མགོན་རིན་པོ་ཆེས་དེ་འདྲ་བྱུང་ན་དཀའ་ངལ་ཆེན་པོ་འཕྲད་རྒྱུ་རེད། ཁྱེད་རང་ཚོས་མཚམས་འཇོག་བྱས་ཞེས་དེའི་ཐོག་ལ་ཤུགས་ཆེན་པོ་གསུངས་སོང༌། ང་ཚོས་མཚམས་འཇོག་ཐབས་མེད་ཞུས་པ་རེད་མོད། ས་མཚམས་སུ་སོང་ནས་ག་རེ་བྱེད་ཀྱི་ཡིན་གསུངས་བྱུང༌། ང་ཚོ་བོད་ནང་དུ་འཛུལ་རྒྱུ་ཡིན་ཞུས་པ་ཡིན། འཛུལ་ནས་ག་རེ་བྱེད་རྒྱུ་གསུངས་བྱུང༌། ཁྱབ་བསྒྲགས་ཡག་པོ་འགྲོ་རྒྱུ་རེད་ཞུས་པ་ཡིན། ཁྱབ་བསྒྲགས་བྱས་ཚར་སོང་ཨ། དེའི་ལྷག་ཅིག་ཡོང་རྒྱུ་ཡོད་པ་རེད་དམ་གསུངས་བྱུང༌། ང་ཚོ་ཤི་ནའང་ཤི། བོད་ནང་དུ་འཛུལ་རྒྱུ་ཡིན་ཞུས་པ་ཡིན། ཤི་ན་ག་རེ་ཕན་ཐོགས་ཀྱི་རེད་གསུངས་བྱུང༌། དེ་འདྲ་གསུངས་དུས་ང་ཚོར་ལབ་རྒྱུ་ཅང་མི་འདུག གཅིག་དེ་རེད། གཉིས་དེ་ྋསྐྱབས་མགོན་རིན་པོ་ཆེས་སྐུ་དྲག་པོ་དང༌། དྲག་པོ་ཟེར་ནའང༌། ཐུགས་ཕམ་པོའི་གནས་སྟངས་འདྲ་རེད་འདུག བློ་ཁོག་མེད་ན་སེམས་ཀྱིས་འདང་ཡ་མི་འདུག ཞུ་ནུས་ཡ་མི་འདུག་ཅེས་འགྲེལ་བརྗོད་གནང་སོང༌།།
གོ་འཇོ། ཕྱི་ཚེས་༢༢ ཉིན་ཁམས་གོ་འཇོ་སྤྱ་འབལ་ཤང་དུ་ཡུལ་མི་རྣམ་པས་རྭ་ཅོའི་ནང་རྫས་མདེལ་བླུག་སྟེ་ཤང་སྲིད་གཞུང་གི་ཁང་པའི་ནང་གཡུག་པ་དང༌། རྫས་མདེལ་གཉིས་འབར་གས་བྱུང་ཡོད་ལ། གཅིག་གས་མེད་འདུག བོད་མི་རྣམས་ཀྱིས་རྒྱ་མི་ལ་མ་འདོད་པའི་རྣམ་འགྱུར་ཤུགས་དྲག་བསྟན་འདུག དེའི་རྐྱེན་གྱིས་ཕྱི་ཚེས་༢༣ ཉིན་བོད་མི་འགའ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་འདུག ཡང་སྡེ་དགེ་འཇོ་མདའི་ཁོངས་ཆུ་གཉིས་ཤང་དུ་བོད་རྒྱ་བར་འཁྲུག་འཛིང་ཤོར་བའི་གནས་ཚུལ་ཡང་ཐོན་འདུག།
དཀར་མཛེས། ཕྱི་ཚེས་༢༤ ཉིན་ཁམས་དཀར་མཛེས་རྫོང་ཁོངས་སུ་རྒྱ་མིས་ཁྱིམ་ཚང་རེ་རེ་བཞིན་སྔོག་བཤེར་བྱེད་སྐབས་དཀར་མཛེས་སེར་ཤུལ་ཤང་གི་ཁྱིམ་ཚང་ཞིག་ནས་ྋགོང་ས་མཆོག་གི་སྐུ་པར་༧༠ ཙམ་ཐོན་པ་དང༌། དོལ་རྒྱལ་བསྟེན་གསོལ་དམ་དྲག་སྐོར་གྱི་འཁོར་ཐག་གསར་རྙིང་གསུམ་བཅས་ཐོན་འདུག ཁྱིམ་ཚང་དེའི་ཁྱིམ་བདག་མངོན་དགའ་དེའི་སྔོན་ནས་འཛིན་བཟུང་བྱས་ཟིན་འདུག་པ་དང༌། ཡུལ་མི་ཚོས་བརྗོད་གསལ་ལ་ཁོང་ཕར་ཆེར་བསད་ཚར་ཡོད་ས་རེད་ཅེས་བརྗོད་ཀྱི་ཡོད་འདུག ཟླ་༣ ཚེས་༡༨ ཉིན་རྒྱབ་དཀར་མཛེས་རྫོང་གྲོང་བརྡལ་གྱི་ཁྲོམ་གཞུང་དུ་སེར་སྐྱ་མི་མང་༢༥༠ ནས་༣༠༠ བར་གྱིས་ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་རང་བཙན་ཡིན་པ་སོགས་ཀྱི་ཞི་བའི་སྐད་འབོད་ཁྲོམ་སྐོར་ཤུགས་ཆེ་གནང་བའི་སྐབས་ང་ཚོས་ཤེས་རྟོག་བྱུང་བར་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་སྟེ་མི་གསུམ་དམར་གསོད་བཏང་ཡོད་པ་དང༌། དེ་བཞིན་མང་པོ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།།
དར་ལག་རྫོང༌། ཕྱི་ཚེས་༢༤ ཉིན་མགོ་ལོག་དར་ལག་རྫོང་དཔོན་སྐོར་སྟོད་སྨད་གཉིས་ཀྱི་སྐྱེས་པ་རྣམས་རི་རྩེར་མཚོན་ཆ་ཉར་ནས་མུ་མཐུད་སྡོད་བཞིན་ཡོད་པ་དང༌། རྒྱ་དམག་གིས་མཚོན་ཆ་རྣམས་རྩིས་སྤྲོད་དགོས་པ་མ་ཟད་མགོ་སྒུར་དགོས་པའི་ཉེན་བརྡ་བཏང་ཡོད་འདུག་ཀྱང༌། ཁོང་རྣམས་ནས་དེ་སྔོན་ཡང་རྒྱ་མི་ལ་མགོ་སྒུར་མ་མྱོང་ལ་ད་དུང་ཡང་མགོ་མི་སྒུར་ཐག་ཆོད་ཡིན་ཟེར་ཏེ་རི་ཁོག་བྲུས་ནས་བསྡད་པ་དང༌། བུད་མེད་རྣམས་ལའང་མགོ་མ་སྒུར་ཟེར་བའི་བསླབ་བྱ་བརྒྱབ་སྟེ་བསྡད་ཡོད་འདུག།
ཅོ་ནེ། ཕྱི་ཚེས་༢༣ ཉིན་མདོ་སྨད་ཅོ་ནེ་རྫོང་ཁོངས་བཀྲ་ཤིས་ཆོས་གླིང་དགོན་པའི་གྲྭ་མང་གིས་རྒྱ་གཞུང་ལ་ངོ་རྒོལ་དང་སྐད་འབོད་བྱས་འདུག་པ་དང༌། རྒྱ་གཞུང་གིས་ཕྱི་ཚེས་༢༤ ཞོགས་པ་ཚུན་མགོ་སྒུར་དགོས་པའི་ཉེན་བརྡ་བཏང་བ་དང༌། གྲྭ་བ་བརྒྱ་ལྷག་འཇུ་བཟུང་བྱས་ཡོད་འདུག།
ས་སྐྱ་དགོན་པ། ཕྱི་ཚེས་༡༨ ཉིན་གཙང་ས་སྐྱ་དགོན་པར་ལས་དོན་རུ་ཁག་མི་ལྔ་ཡོང་སྟེ་དགོན་པར་སློབ་གསོ་རྒྱག་རྩིས་བྱས་འདུག་པར་གྲྭ་མང་ནས་ང་ཚོའི་དགོན་པ་དུས་བདེ་ཞི་འཇགས་ཡིན་པས་སློབ་གསོ་བརྒྱག་དགོས་མེད་སྐོར་བཤད་འདུག ཕྱི་ཚེས་༡༩ ཉིན་གྲྭ་མང་གིས་ལས་དོན་རུ་ཁག་རྣམས་ཕྱིར་ཕུད་ཀྱིས་བོད་རང་བཙན་ཡིན་སྐོར་དང་རྒྱ་མི་མར་རྒྱུགས་ཟེར་བ་སོགས་སྐད་འབོད་བྱས་འདུག་ཀྱང་དེའི་རྗེས་ཀྱི་གནས་ཚུལ་ཇི་བྱུང་གསལ་ཁ་གང་ཡང་མི་འདུག།
གཅན་ཚ། ཕྱི་ཚེས་༢༢ ཉིན་ཨ་མདོ་གཅན་ཚ་རྫོང་དུ་བོད་མི་༡༠༠༠ ལྷག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག པཎ་ཆེན་ཆུང་སྲིད་རིན་པོ་ཆེ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་ཞེས་པ་སོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་བྱས་འདུག་པ་དང་མཐར་རྒྱ་དམག་གིས་བཀག་སྡོམ་བྱས་འདུག།
བིས་མདོ། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་འཁྲུངས་ཡུལ་མདོ་སྨད་བིས་མདོ་རུ་བོད་རིགས་སློབ་འབྲིང་གི་སློབ་མ་རྣམས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག།
རེབ་གོང༌། ཕྱི་ཚེས་༡༦ ཉིན་ནི་རོང་པོ་དགོན་ཆེན་གྱི་དཔྱིད་ཆོས་ཆེན་མོ་ཡིན་པ་དང༌། རི་མགོར་བསང་གསོལ་གཏོང་དུ་འགྲོ་སྐབས་རྒྱ་མིའི་ཉེན་རྟོག་པས་མཐའ་བསྐོར་བྱས་ནས། བསང་གསོལ་མཚམས་འཇོག་དགོས་ལུགས་བརྗོད་ཡོད་ཀྱང་ཉན་འཇོག་བྱས་མེད་པ་དང༌། དེ་ནས་ཕྱི་དྲོ་རིམ་བཞིན་དགོན་པའི་མདུན་ཐང་དུ་འཛོམས་སྐབས་རྒྱ་མིའི་ལས་བྱེད་དང་ཉེན་རྟོག་པས་བླ་མ་གསུམ་གདན་འདྲེན་ཞུས་ཏེ་སློབ་གསོ་བཏང་བཅུག་པ་དང༌། དེ་དུས་གྲྭ་པ་རྣམས་ནས་ཆ་རྐྱེན་གསུམ་བཏོན་ཞིང༌། སྨོན་ལམ་སྐབས་དགོན་པའི་ཉེ་འགྲམ་དུ་དམག་སྒར་གསར་པ་བརྒྱབ་པ་དེ་ཕྱིར་འཐེན་དགོས་པ་དང༌། དགོན་པའི་གཡས་གཡོན་དང༌། རྫོང་ཐོག་ལམ་བར་དུ་བཙུགས་པའི་གསང་བའི་པར་ཆས་རྣམས་ཕྱིར་བསྡུ་དགོས་པའི་དགོས་འདུན་བཏོན་པར་རྒྱ་མིས་པར་ཆས་རྣམས་ཕྱིར་བསྡུ་བྱས་ཀྱང༌། དམག་མིའམ་ལས་བྱེད་གང་ཡིན་མི་ཤེས་པར་སྐྱ་ཆས་གྱོན་མཁན་མང་པོ་ཞིག་དགོན་པར་བསྐོར་གཡེང་ཡང་ཡང་བྱེད་ཀྱི་ཡོད་སྟབས་ཕན་ཚུན་བར་ཛ་དྲག་གི་གནས་སུ་ལྷུང་བསྡད་ཡོད་འདུག།
སྦྲ་ཆེན། ཁམས་སྦྲ་ཆེན་རྫོང་གི་རྒྱ་མིའི་ཚོང་ཁང་དང༌། ཟ་ཁང་ཁ་ཤས་མེ་བརྒྱབ་ཡོད་པ་དང༌། མེ་རྒྱག་མཁན་སུ་ཡིན་རྩད་གཅོད་ཐུབ་མི་འདུག་ཀྱང༌། རྫོང་ཐོག་ཏུ་མང་ཚོགས་ལ་སྔར་ལྷག་དམ་དྲག་བྱེད་བཞིན་ཡོད་འདུག།
སོག་རྫོང༌། སོག་རྫོང་ཐོག་ཏུ་དེང་སྐབས་རྒྱ་དམག་ཁྲི་གཅིག་ཙམ་སླེབས་ནས་དམ་དྲག་བྱེད་བཞིན་ཡོད་པ་དང༌། རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་དེ་གྲོང་ཚོ་རེའི་ནང་ལས་བྱེད་མི་སྣ་༣ རེ་ཡིས་ཟླ་༣ ཚེས་༡༦ ནས་འགོ་འཛུགས་ཀྱིས་ཟླ་༦ རིང་སྤེལ་བཞིན་ཡོད་པ་དང༌། དེང་སྐབས་སོག་རྫོང་ཐོག་ཏུ་རྒྱ་མིའི་དམག་མི་མང་དྲགས་པས་བོད་མི་མང་པོ་མེད་པའི་ཚོར་སྣང་ཡོང་གི་ཡོད་ལ། གོང་ཚེས་ཉིན་ནས་སོག་རྫོང་ཐོག་གི་ཚོང་ཁང་དང་ཟ་ཁང་རྣམས་སྒོ་རྒྱག་ཏུ་བཅུག་ཡོད་པ་དང༌། མི་གཉིས་གསུམ་འདུས་ནས་སྡོད་མི་ཆོག་པ། ཁ་བྲལ་བའི་རྗེས་འབྲང་སུ་བྱུང་ཡང་མེ་མདའི་སྐམ་པ་གནོན་ཆོག་ཆོག་ཡིན་ཚུལ་གྱིས་སྡིག་ར་སྐུལ་ཡོད་འདུག།
ཀླུ་ཆུ་རྫོང༌། ཟླ་༣ ཚེས་༡༩ ཉིན་མདོ་སྨད་ཀླུ་ཆུ་རྫོང་མ་དངོས་ཤང་དཔོན་སྐོར་སྡེ་པའི་མི་མང་༢༥༠ ནས་༣༠༠ བར་གྱིས་བོད་རང་བཙན་ཡིན་སྐོར་གྱི་ཞི་བའི་སྐད་འབོད་གནང་སྟེ་དཔོན་སྐོར་སྡེ་པའི་སློབ་ཆུང་ནང་འཛུལ་ནས་རྒྱ་གཞུང་གི་རྒྱལ་དར་མར་ཕབ་སྟེ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་ཀྱིས་ཞི་རྒོལ་ཤུགས་ཆེ་གནང་བའི་སྐབས་གློ་བུར་དུ་ཉེན་རྟོག་དམག་མི་རླངས་འཁོར་༥ ཙམ་འབྱོར་ཏེ་མི་མང་ཐོག་དྲག་སྣོན་བྱས་ནས་བོད་མི་འགའ་ཤས་འཇུ་བཟུང་བྱ་རྩིས་བྱེད་སྐབས་སླར་ཡང་མི་མང་མཉམ་རུབ་ཀྱིས་བཀག་འགོག་བྱས་ཡོད་པ་རེད། ད་ལྟ་ཁུལ་དེར་གནས་སྟངས་ཛ་དྲག་ཆགས་ཡོད་པའི་གནས་ཚུལ་འདུག།
གསེར་རྟ། དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང༌། དེ་བཞིན་གསེར་རྟ་རྫོང་ཁོངས་རྙི་སྟོད་ཀྱི་ཁེ་སྐོར་ཤང་དང༌། ཕུ་གུ་དགོན་པའི་ནང་ཡར་ལངས་ཤུགས་ཆེན་བྱས་ཡོད་དང༌། ཁེ་སྐོར་ཤང་ཐོག་ཏུ་རྒྱ་མིའི་རྒྱལ་དར་མར་ཕབ་ས་ནས་ཉེན་རྟོག་པས་ཚེ་ཤས་སྡེ་པ་ནས་ཡིན་པའི་བོད་མི་གཅིག་བསད་ཡོད་པ་དང༌། ས་གནས་གང་སར་བསྡོམས་པའི་མི་ལྔ་བཅུ་ཙམ་འཛིན་བཟུང་བྱས་ཡོད་འདུག ད་ལྟ་དམག་མི་ཧ་ཅང་འབོར་ཆེན་སླེབས་ནས། དམ་དྲག་བྱེད་བཞིན་ཡོད་པ་རེད།།
ཡུལ་ཤུལ། ཟླ་༣ ཚེས་༡༨ ཉིན་རྒྱབ་ཁམས་ཡུལ་ཤུལ་ཁུལ་གྱི་བོད་རིགས་སློབ་འབྲིང་དང་པོའི་སློབ་མ་༥༠༠ ཙམ་ཡར་ལངས་བྱས་ཏེ་རྒྱ་མིའི་རྒྱལ་དར་མར་ཕབ་སྟེ་མེར་བསྲེག་བཏང་ཡོད་པ་དང༌། དེ་མ་ཐག་དམག་གིས་དྲག་གནོན་བྱས་ཏེ་སློབ་མ་གཅིག་ཀྱང་ཕྱིར་ཐོན་བཅུག་མི་འདུག་ལ། གསང་བ་ཕྱིར་བསྒྲགས་བྱས་ཚེ་སྲོག་ཐོག་གཏོང་རྒྱུ་ཡིན་ཚུལ་བཤད་ཡོད་འདུག ཨོ་ལིམ་ཕིག་རྩེད་འགྲན་མ་གྲུབ་བར་སློབ་ཕྲུག་དེ་དག་བཀག་ཉར་བྱ་རྒྱུ་ཡིན་འདུག། ཉེ་བའི་ཆར་གྱི་གནས་ཚུལ་ལག་སོན་བྱུང་བ་རྣམས་མདོར་བསྡུས་ནས་བཀོད་ཡོད།

མོན་གྷོ་དང་མུམ་བྷའི་རུ་བོད་དོན་ལས་འགུལ།

མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་གིས་མོན་གྷོ་རུ་ཟས་བཅད་ངོ་རྒོལ་འགོ་འཛུགས་བྱས་ནས་བཟུང༌། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་རོགས་རམ་གནང་བའི་འོག་ཟླ་འདིའི་ཚེས་༡༥ ནས་ཚེས་༢༥ བར་དུ་མོན་གྷོ་སེར་སྐྱ་མི་མང་༦༡༩ ཡིས་ཆུ་ཚོད་༢༤ དང་ཁག་གཅིག་གིས་ཆུ་ཚོད་༤༨ རིང་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་རེད། དེ་བཞིན་མཁས་མང་བློ་གསལ་གླིང་གི་སྤྲུལ་སྐུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཚེས་༢༥ ཉིན་འགོ་འཛུགས་གནང་ནས་ཆུ་ཚོད་༢༤ རིང་ལ་མོན་གྷོ་སེར་སྐྱ་མི་མང་ཆིག་སྟོང་ལྷག་ཅིག་གིས་ཐུན་མོང་གིས་ཟས་བཅད་ངོ་རྒོལ་གནང་པ་རེད། དེ་བཞིན་དགའ་བྱང་གྲྭ་༣༠༠ དང༌། དགའ་ཤར་གྲྭ་༡༠༠ འབྲས་བློ་སྒོ་གཉིས་ཀྱི་གྲྭ་༢༠༠ རེ་དང་བསྡོམས་༦༠༠ ལྷག་ཙམ་ཞིག་ལ་གྲྭ་ཚང་ཁག་གིས་འགྲོ་གྲོན་ཆེད་གཏོང་གིས་རྒྱ་གར་གྱིས་གྲོང་ཁྱེར་མུམ་བྷའི་ལ་ཉིན་གསུམ་རིང་ལ་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་རེད།
    དགའ་འབྲས་དང་དེ་བཞིན་འདི་གའི་ཆོས་སྒར་ཁག་དུ་སློབ་གཉེར་གནང་བཞིན་པའི་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་དགེ་འདུན་པ་གྲངས་༦༠༠ ནས་༧༠༠ ཙམ་ཞིག་གིས་འགྲོ་གྲོན་གྲྭ་ཚང་ཁག་ནས་ཆེད་གཏོང་གནང་ནས་རྒྱ་གར་གྲོང་ཁྱེར་བྷེང་ལོར་སོགས་སུ་ཞི་བའི་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་བོད་དོན་དྲིལ་སྒྲགས་ཤུགས་ཆེ་གནང་ཡོད་པ་རེད། དེ་བཞིན་ཚེས་༢༥ ཉིན་ནས་ཉིན་གསུམ་ཙམ་ལ་འབྲས་སྒོ་མང་སྤྲུལ་སྐུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྤྲུལ་སྐུ་རྣམས་དངོས་ཕེབས་ཀྱིས་རྒྱ་གར་གྲོང་ཁྱེར་བྷེང་ལོར་དུ་གོམ་བགྲོད་དང་ཞི་རྒོལ་ཆེད་དུ་འགྲོ་སོང་ཆེད་གཏོང་གིས་ཕེབས་ཡོད་པ་རེད།
    དེ་བཞིན་ཉིན་རྟག་པར་ཚོགས་པ་ཁག་དང༌། དགོན་སྡེ་ཁག་གི་གོ་སྒྲིག་འོག་མར་མེའི་ཁྲོམ་སྐོར་དང༌། རྔམ་སྟོན་ཁྲོམ་སྐོར། ྋགོང་ས་མཆོག་གི་བཀའ་བཞིན་བོད་བསྟན་སྲིད་ཀྱི་ཆེད་སྒྲོལ་མ་དང༌། མ་ཎི་གསོག་སྒྲུབ་སོགས་བྱེད་བཞིན་ཡོད་པ་ལྟར། སེར་སྐྱ་མི་མང་ཡང་དྭང་བླངས་ཀྱིས་ལས་འགུལ་ནང་ཧ་ཅང་མང་པོ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རེད།། མོན་གྷོ་གསར་འགོད་པས།

གྷི་རི་སིར་རྒྱ་ནག་གི་ཨོ་ལིམ་ཕིག་ལ་ངོ་རྒོལ།

ཟླ་༣ ཚེས་༢༥ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཡོ་རོབ་ཀྱི་ཡུལ་གྲུ་གྷི་རི་སིར་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་གྱི་དཔལ་འབར་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་ནག་གི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་པའི་ཚོགས་གཙོ་ལིའུ་ཅི་ཟེར་བས་མཛད་སྒོའི་སྐབས་གཏམ་བཤད་སྤེལ་སྐབས་རྒྱལ་མཚམས་མེད་པའི་རྒྱལ་སྤྱིའི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་ཞིག་གིས་ཕྲེད་དར་འཕྱར་ཏེ་ངོ་རྒོལ་བྱས་ཡོད་པ་དང༌། གསར་འགོད་པའི་མཐུན་ཚོགས་དེའི་སྤྱི་ཁྱབ་དྲུང་ཆེ་རོ་བྷེར་ཊི་མེ་ནར་མཆོག་གིས་གཙོས་མཐུན་ཚོགས་དེའི་ཚོགས་མི་ཁག་དང་བོད་དོན་རྒྱབ་སྐྱོར་མི་སྣ་བཅས་ནས་ཀྱི་མཛད་སྒོ་ཚོགས་སར་ངོ་རྒོལ་བྱས་ཡོད་པ། དེ་བཞིན་དཔལ་འབར་དེ་འཛམ་གླིང་གི་གླིང་ཕྲན་ཁག་༦ བརྒྱུད་རྒྱ་ནག་དང་དེ་རྗེས་བོད་ཀྱི་གངས་རི་ཇོ་མོ་གླང་མའི་བར་འཁྱེར་རྒྱུ་ཡིན་པ་དང༌། དང་ཐོག་གྷི་རི་སི་ནས་འགོ་འཛུགས་ཏེ་ཡུལ་དེའི་ཨ་ཐེན་གྲོང་ཁྱེར་ནས་འཁྱེར་སྐབས་དེར་ཡོད་བོད་མི་ཁག་གིས་ལམ་ཁ་བཀག་སྟེ་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཆེན་པོ་ཕྱིན་ཡོད་པ་རེད།།      

 ལ་དྭགས་སུ་བོད་དོན་ཆེད་སྤེལ་བའི་ལས་འགུལ།

ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༠ ཉིན་ཞོགས་པ་ཚོུད་༡༠ ཐོག་ལ་དྭགས་སླེ་སྣུམ་མཛོད་ནས་ལ་དྭགས་སླེ་པོ་ལོ་རྩེད་ཐང་བར་ཞི་བའི་རྔམ་སྟོན་ཁྲོམ་སྐོར་དང༌། ཕྱི་ཚེས་༡༢ ཉིན་བུད་མེད་སྒེར་ལང་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚང་མའི་མཉམ་ཞུགས་ཀྱིས་གོང་ལྟར་ཁྲོམ་སྐོར་ཞུས། ཕྱི་ཚེས་༡༩།༢༠ ཉིན་གཉིས་བསྟུད་མར་ཟས་བཅད་ངོ་རྒོལ་བྱ་རྒྱུའི་ཆོག་མཆན་མ་ཐོབ་ཀྱང༌། ཕྱི་ཚེས་༢༡ ཉིན་ནས་ཆོག་མཆན་རག་མིན་ལ་མ་ལྟོས་པར་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་དགོན་སྡེ་ཁག་གི་འགན་འཛིན། འགོ་བརྒྱ་ཐུན་མོང་བཅས་མི་གྲངས་༣༥ ནས་ཆུ་ཚོད་༢༤ རིང་གི་ཟས་བཅད་ཞི་བའི་ངོ་རྒོལ་དབུ་འཛུགས་དང་སྦྲག་བོད་པའི་ཟ་ཁང༌། ཚོང་ཁང༌། གླ་འཁོར་བཅས་བདུན་ཕྲག་གཅིག་རིང་གདུང་སེམས་མཉམ་བསྐྱེད་ཆེད་སྒོ་བརྒྱབ་ནས་འགུལ་བསྐྱོད་དང་ཚོང་ལས་སོགས་མི་ཆོག་པའི་དམ་དྲག་ཞུས། ཕྱི་ཚེས་༢༢ ནས་བཟུང་བསོད་ནམས་གླིང་བརྒྱ་ཤོག་༡ ནས་༡༢ བར་བརྒྱ་ཤོག་རེ་ནས་མི་གྲངས་༥༠ རེ་ཆུ་ཚོད་༢༤ རིང་རེས་མོས་ཀྱིས་ལ་དྭགས་ཀྱི་རྒྱལ་ས་སླེ་རུ་ཟས་བཅད་ངོ་རྒོལ་དུས་ཚོད་ངེས་མེད་མུ་མཐུད་སྡོད་བཞིན་ཡོད་པ་དང༌། རང་གཞུང་གི་བཀའ་དགོངས་བཞིན་མ་ཎི་དང་སྒྲོལ་མ་གསོག་སྒྲུབ་ཆེད་ཚེས་༢༡ ནས་འགོ་འཛུགས་ཀྱིས་བརྒྱ་ཤོག་ཚང་མས་ཞོགས་པ་ཆུ་ཚོད་༩ ནས་ཕྱི་དྲོ་ཆུ་ཚོད་༥ བར་དང་མཚན་མོར་བརྒྱ་ཤོག་རེས་མོས་ཀྱིས་སྒྲོལ་མ་དང་མ་ཎི་གསོག་སྒྲུབ་ཀྱིས་མདོར་ན་ཉིན་མཚན་མེད་པར་ཆོས་སྒྲ་རྒྱུན་གནས་ཀྱིས་ཉིན་གྲངས་ཉི་ཤུ་རྩ་གཅིག་བར་གནང་གཏན་འཁེལ་བ་བཞིན་འགྲོ་མུས་སུ་གྱུར་ཡོད་པ་རེད།
    ཕྱི་ཚེས་༢༣ ཉིན་ཕྱི་དྲོ་ཚོུད་༦ ཐོག་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་ཆེན་པོ་སྐྲདདྲྟཐ ཁྱཕྱྟཏྲསྤྱྤདྲསྤྲྟ སྐྲྣསྤྱརྣཏྲདྲརྡྣཔྱདང་གཞན་ཡང་གནད་ཡོད་མི་སྣ་༣ དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཐུབ་བསྟན་ཚེ་དབང་ལགས་བཅས་བོད་མིའི་ཟས་བཅད་ངོ་རྒོལ་བ་རྣམས་ཀྱི་ས་རུ་ཆེད་ཕེབས་ཀྱིས་ཆུ་ཚོད་༡ ཙམ་མཉམ་བཞུགས་དང་དེ་རྗེས་རྒྱབ་སྐྱོར་བཀའ་སློབ་གནང་ཡོད་པ་རེད།།


མཐོ་རིམ་སློབ་མའི་བོད་དོན་ལས་འགུལ།

ཟླ་འདིའི་ཚེས་༢༢ ཉིན་རྒྱབ་ནས་བཞུགས་སྒར་དྷ་ས་ཁུལ་གྱི་མཐོ་རིམ་སློབ་མ་ཡོངས་ཀྱིས་བོད་གཞུང་མང་ཛ་དྲག་ཚོགས་ཆུང་གི་འབོད་ཚིགས་དང་མ་འགལ་བའི་ཐོག་ནས་ཞི་བའི་ཁྲོམ་སྐོར་བྱས་པ་དང༌། དགོང་མོ་དེར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས་བོད་དོན་ལས་འགུལ་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་སྐབས། ྋགོང་ས་མཆོག་གིས་ང་ཚོ་བོད་མི་རྣམས་འཚེ་མེད་ཞི་བའི་ལམ་ཡང་དག་པའི་ནང་དུ་ཁྲིད་ཡོད་པ་དང༌། ད་ལྟ་བོད་མི་རྣམས་འཚེ་བ་མེད་པའི་ལམ་ལ་ཡིད་ཆེས་དང༌། བློ་གཏོད་ཡོད་མེད་ཀྱི་རྒྱུགས་སྤྲོད་ལྟ་བུ་ཞིག་ཆགས་ཡོད་པས༌། གོ་སྐབས་འདི་འདྲ་བྱུང་བའི་སྐབས་ལ་རྒྱུགས་སྤྲོད་དེ་འཕྲོད་པ་ཡིན་ན་ང་ཚོ་འཚེ་བ་མེད་པའི་ལམ་ལ་འགྲོ་ཡི་ཡོད་ཟེར་བ་དེ་བདེན་པ་ཆགས་ཡོད་པའི་སྐོར་དང༌། བོད་ནང་གི་བོད་མི་ཚོས་གང་ཐུབ་འཚེ་བ་མེད་པའི་ནང་དུ་འགྲོ་ཡི་ཡོད་པ་རེད། རྒྱ་ནག་གིས་མ་བདེན་རྫུན་སྒྲིག་གིས་འཚེ་བ་བྱས་སོང་ཟེར་གྱི་ཡོད་ནའང༌། དམག་མིར་གྲྭ་ཆས་གཡོག་ནས་བར་སྐོར་ནང་དུ་གཏོང་གི་ཡོད་པའི་སྐོར་དང༌། བོད་མི་ཚོས་རང་གི་སྲོག་སྐྱོབ་ཀྱི་ཆེད་དུ་འཚེ་བ་འཕྲན་བུ་ལྟ་བུ་བྱས་ཡོད་ནའང་འཚེ་བའི་ནང་དུ་ཞུགས་པ་ལ་ངོས་འཛིན་གནང་གི་མེད་པའི་སྐོར་སོགས་གསུངས་ཡོད་པ་རེད། དེ་རྗེས་ཚང་མས་མར་མེའི་ཁྲོམ་སྐོར་བྱས་པ་དང༌། ལས་འགུལ་དེར་མི་མང་མཉམ་ཞུགས་བྱེད་མཁན་ཀྱང་ཧ་ཅང་མང་པོ་བྱུང་ཡོད་པ་རེད།།
            
བལ་ཡུལ་དུ་ཛ་དྲག་ལས་འགུལ།

ཟླ་འདིའི་ཚེས་༡༩ ཉིན་བལ་ཡུལ་ས་གནས་པུལ་ཅོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དུ་སྐད་འབོད་བྱེད་མཁན་བོད་མི་བཞི་ཅུ་ཙམ་ཕྱིན་ཡོད་ཅིང༌། དེ་དག་ལས་༡༣ འཛིན་བཟུང་བྱས་པ་དང༌། དགོང་མོ་ཟས་བཅད་ལས་འགུལ་མཚམས་འཇོག་བྱས་རྗེས་མི་བརྒྱ་ཡས་མས་ཙམ་གྱིས་འཇོ་ཁེལ་ནས་མཆོད་རྟེན་བར་ཞི་བའི་གོམ་འགྲོད་བྱས་ཡོད་པ་རེད། ཚེས་༢༠ ཉིན་རྒྱལ་སར་སྐད་འབོད་བྱེད་མཁན་ཚང་མ་ལམ་བར་དུ་འཛིན་བཟུང་བྱས་པས་དགེ་འདུན་པ་རེ་ཟུང་ཞིག་གིས་སྐད་འབོད་བྱས་པ་ལས་ཕལ་མོ་ཆེ་རླངས་འཁོར་འབབ་མཚམས་སུ་འཛིན་བཟུང་བྱས་ཡོད་པ་རེད། ཉིན་དེར་པུལ་ཅོག་ཁུལ་དུ་བོད་མི་འགྲོ་ཚད་འཛིན་བཟུང་བྱས་ནས་ཕྱི་དྲོར་མི་༨༨ བཙོན་འཇུག་བྱས་འདུག འཛིན་བཟུང་བྱེད་སྟངས་དེ་ཡང་སྔར་དང་མི་འདྲ་བར་ཉེན་རྟོག་པས་མཐའ་བསྐོར་ནས་སུས་ཀྱང་མ་མཐོང་བར་འཛིན་བཟུང་བྱས་པ་མ་ཟད། རླངས་འཁོར་ནང་དུའང་སྒེའུ་ཁུང་རས་ཀྱིས་བཀབ་ནས་ཁྲིད་སོང་ཟེར། བཙོན་ཁང་དུ་ཡང་ཁ་གཏོར་ནས་བཞག་པ་སོགས་ལས་འགུལ་བ་མང་པོ་ཞིག་དོགས་གནས་སུ་གྱུར་ཡོད།
    ཚེས་༡༨ ཉིན་དྭང་བླངས་ལས་འགུལ་བ་མང་པོ་ཞིག་པུལ་ཅོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁང་མདུན་དུ་སྐད་འབོད་བྱེད་སྐབས་ཉེན་རྟོག་པས་རྡུང་རྡེག་དྲག་པོ་བཏང་ཡོད་ཅིང༌། རྡུང་རྡེག་བྱེད་སྟངས་དེའང་ཉིན་རེ་བཞིན་ཤུགས་ཇེ་ཆེར་ཕྱིན་ཡོད། དེར་བལ་ཡུལ་གྱི་གསར་འགོད་པ་ལའང་ཉེས་རྡུང་བཏང་བ་རེད། བོད་གཞུང་གིས་ངོས་ནས་བལ་ཡུལ་ཁུལ་དུ་ཛ་དྲག་ལས་འགུལ་ཚོགས་པ་ཞིག་བཙུགས་ཡོད་པ་དེས་མཆོད་རྟེན་སོགས་ས་གནས་ཁག་གསུམ་ནས་ཞི་བའི་གོམ་འགྲོད་བྱེད་རྒྱུ་གྲ་སྒྲིག་ཅིག་བྱས་ཡོད་མོད། ཉིན་དེར་བོད་མི་མང་པོ་འཛིན་བཟུང་བྱས་སྟབས། ཕྱི་དྲོར་ཕྱིར་འཐེན་བྱས་སོང༌། ལས་འགུལ་བ་མིན་རུང་གྲྭ་བཙུན་ཡིན་ཕྱིན་རྒྱ་ལམ་དུ་འགྲོ་མཁན་དག་ཀྱང་བཙོན་འཇུག་བྱས་འདུག ཉིན་དེའི་ཆུ་ཚོད་༢ པའི་ཐོག་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གོ་སྒྲིག་ཞུས་ཏེ་མཱ་ཊི་གྷ་ལ་བོད་དོན་སྐོར་དྲིལ་བསྒྲགས་ཞིག་བྱས་པ་དེའི་རྒྱབ་སྐྱོར་དུ་བོད་མི་མང་པོ་སླེབས་རུང༌། ལས་འགུལ་མ་ཚར་གོང་ཉེན་རྟོག་པ་སུམ་བརྒྱ་ཙམ་སླེབས་ནས་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་ལས་མི་དང་བོད་མི་བཅས་ཚང་མ་འཛིན་བཟུང་བྱས་ཡོད་པ་རེད། ཉིན་དེར་བོད་མི་ལྔ་བརྒྱ་ཙམ་འཛིན་བཟུང་བྱས་འདུག   ཚེས་༢༥ ཉིན་གྱི་ཞོགས་པར་གཞོན་སྐྱེས་དྭང་བླངས་པ་གྲྭ་བཙུན་སོགས་མི་བདུན་ཅུ་སྐོར་ཞིག་གིས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་མདུན་དུ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་པ་དང༌། ཉེན་རྟོག་པ་བརྒྱ་ལྷག་སླེབས་ནས་བཀག་འགོག་བྱས་རུང་ལས་འགུལ་བ་དག་གིས་བོད་ཀྱི་རྒྱལ་དར་དང་སྦྱར་ཡིག་དྲིལ་བསྒྲགས་སོགས་ལག་ཏུ་ཁྱེར་ནས་སྐད་འབོད་བྱེད་བཞིན་རྒྱ་ནག་གཞུང་ཚབ་ཁང་གི་གཡས་གཡོན་གང་ས་ནས་བརྒྱུགས་སོང༌། ཉེན་རྟོག་པས་ལས་འགུལ་བ་མང་པོར་དབྱུག་རྡུང་བྱས་པས་དེ་དག་ལས་ཕོ་སར་གཅིག་དང་གྲྭ་པ་གསུམ་དང་བཙུན་མ་གཅིག་བཅས་མི་ལྔ་ལ་རྨས་སྐྱོན་ཕོག་ཡོད་པ་རེད། རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་ཤུགས་ཆེན་དེ་ལྟ་བུ་ཞིག་ལོ་མང་རིང་བྱེད་མྱོང་ཡོད་པ་མ་རེད།། བལ་ཡུལ་གསར་འགོད་པས།

ལ་དྭགས་ཡུལ་མིའི་བོད་དོན་ཆེད་ལས་འགུལ།

ཕྱི་ཚེས་༢༤ ཉིན་ཞོགས་པ་ནས་ཧི་མཱ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགོ་ཁྲིད་དེ་ཆུ་ཚོད་༢༤ རིང་རེས་མོས་ཀྱི་ཟས་བཅད་ངོ་རྒོལ་བྱ་རྒྱུ་འགོ་བཙུགས་པ་དང་དེའི་དབུ་འབྱེད་མཛད་སྒོར་ནང་པ་དང་དགོན་སྡེ་ཁག དེ་བཞིན་ཁ་ཆེ་དང་ཧིན་དུའི་ཆོས་ལུགས་བཅས་ཀྱི་འགན་འཛིན་དང་དེ་མིན་བླ་མ་དང་དགེ་བཤེས་ཁག་ཅིག་ཀྱང་སྐུ་ཚབ་ཏུ་ཕེབས་འདུག་པ་དང་ལས་འགུལ་དེར་མཉམ་ཞུགས་བྱེད་མཁན་ཡུལ་མི་༥༠༠ ཙམ་ཡོད་ཚུལ་འགྲེལ་བརྗོད་གནང་སོང་བ་དང༌། དྷ་ས་ནས་ཆེད་ཕེབས་བོད་མི་མང་སྤྱི་འཐུས་ངག་དབང་ལྷ་མོ་ལགས་དང༌། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་གཉིས་ས་འཐུས་ཚོགས་གཙོ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ཀྱིས་ཕེབས་བསུ་དང་འབྲེལ་གནམ་ཐང་ནས་ཐད་ཀར་ལ་དྭགས་སླེའི་ལས་འགུལ་སྤེལ་ཡུལ་དུ་ཕེབས་ནས་སྤྱི་འཐུས་ངག་དབང་ལྷ་མོ་ལགས་ནས་བོད་གཞུང་མང་མཉམ་འབྲེལ་གྱི་ལས་འགུལ་ངོ་སྤྲོད་དང༌། བོད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ། ལ་དྭགས་ཡུལ་མི་རྣམས་ཀྱིས་བོད་དོན་ཆེད་ལས་འགུལ་སྤེལ་བ་བཅས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང༌། ཆོས་དང་རིག་གཞུང་གི་མཁས་དབང་སྙན་གྲགས་ཅན་དགུང་ལོ་༨༠ ཡིན་པ་བཀྲ་ཤིས་རབ་རྒྱས་ལགས་ཀྱིས་མང་ཚོགས་ལ་རྒྱབ་སྐྱོར་བཀའ་སློབ་གནང་བ་མ་ཟད། ཁོང་ཡང་ཟས་བཅད་ངོ་རྒོལ་དེར་མཉམ་ཞུགས་གནང་ཡོད་པ་རེད། སྐབས་དེར་ཧི་མ་ལ་ཡ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་བོད་པ་དང་ལ་དྭགས་པ་གཉིས་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང༌། སྡུག་གཤོང་གི་ཆུ་ལ་མཉམ་འཐུང་ཡིན་ཚུལ་ཡང་གསུངས་སོང་ལ། ལས་འགུལ་དེར་ཞུགས་མཁན་གྱི་ཁྲོད་དུ་བོད་དོན་གྱི་ཆེད་དུ་མཆི་མ་གཏོང་མཁན་ཡང་ཧ་ཅང་མང་པོ་བྱུང་ཡོད་པ་རེད།།

མདོ་སྨད་རྨ་ཆུ་རྫོང་དུ་མི་མང་འཛིན་བཟུང༌།

ཕྱི་ལོ་༢༠༠༨ ཟླ་༣ ཚེས་༡༩ ཉིན་རྒྱབ་མདོ་སྨད་རྨ་ཆུ་རྫོང་ཉེན་རྟོག་པ་དང་དམག་མི་མཉམ་འབྲེལ་གྱིས་བོད་སྐྱོབ་རྒྱ་རྒོལ་གྱི་ཞི་བའི་ལས་འགུལ་བ་དངུལ་རྭ་སྡེ་པའི་བློ་བཟང་རིན་ཆེན། མུ་ར་དགོན་གྱི་གྲྭ་གསུང་རབ། རྫོང་ཐོག་གི་གཞས་མ་སྒྲོལ་མ། གྲྭ་བློ་བཟང་རྣམ་རྒྱལ་སོགས་མི་བཅུ་འཛིན་བཟུང་བྱས་ཡོད་པ་དང༌། ཕྱི་ཟླ་༣ ཚེས་༢༠ དང་༢༡ བར་ཁྱོན་མི་གྲངས་༣༠ ལྷག་འཛིན་བཟུང་བྱས་འདུག་པ་ལས། རྨ་ཆུ་རྫོང་དངུལ་རྭ་རུ་གསར་གྱི་ཐུབ་ཁོ། དངུལ་རྭ་ཐོར་གོད་སྡེ་པའི་དཀོན་མཆོག ཉིན་མ་སྡེ་བའི་འཕྲིན་ལས་དང༌། རྣམ་ལོ། ཆུ་ཁ་མ་ཤང་རྒྱུ་ལག་སྡེ་པའི་རྣམ་ཚེ། ཆུ་ཁ་ཤང་བར་སྡེ་པའི་རྡོ་རྗེ། རྨ་ཆུ་རྫོང་གླུ་གར་ཚོགས་པའི་སྒྲོལ་དཀར་སྐྱབས་དང༌། གསང་འཛིན་སྐྱིད། རྔ་བ་རྫོང་གི་སངས་རྒྱས་སྒྲོལ་མ་སོགས་བསྡོམས་པའི་ཕྱི་ཚེས་༡༩ ནས་༢༡ བར་མི་གྲངས་༤༠ ལྷག་འཛིན་བཟུང་བྱས་འདུག རྒྱ་གཞུང་གིས་བོད་མི་ཞི་རྒོལ་བ་འཛིན་བཟུང་དང་སྡིགས་ར་བསྐུལ་ཡུལ་གཙོ་བོའི་ཁ་ཕྱོགས་ནི། རྒྱ་གར་དུ་ཡོང་མྱོང་མཁན་རྣམས་འཛིན་བཟུང་དང་དེ་བཞིན་ནང་མི་རྒྱ་གར་དུ་ཡོད་པའི་ཕ་མ་སྤུན་མཆེད་སོགས་ལ་འདྲི་རྩད་འཇིགས་བསྐུལ་བྱེད་ཀྱིན་ཡོད་འདུག རྨ་ཆུ་རྫོང་ཁོངས་ཡོངས་རྒྱ་གཞུང་གི་དྲག་ཆས་དམག་དཔུང་གི་དམ་དྲག་འོག་ཡོད་ཅིང༌། ཕྱི་ཚེས་༢༠ ཉིན་ཀན་སུའུ་ཞིང་ཆེན་ལན་ཀྲུའུ་དམག་ཁུལ་ཁང་ནས་དམག་དཔུང་རླངས་འཁོར་སོ་གཉིས་བསྐྱར་དུ་དམག་སྣོན་བརྒྱབ་སྟེ་ཛ་དྲག་གི་གནས་སྟངས་འོག་ཡོད་འདུག
    དེ་བཞིན་བོད་ནང་གི་ས་གནས་གང་སར་དྲག་དམག་འབོར་ཆེན་སླེབས་ནས་ཧ་ཅང་དམ་དྲག་བྱེད་བཞིན་ཡོད་པ་དང༌། མི་མང་ཁྲོམ་དུ་འགྲོ་རྒྱུར་ཡང་དཀའ་ངལ་ཡོད་པས། ནང་དུ་འཐུང་ཆུ་མ་རག་པའི་དཀའ་ངལ་ཡང་འབྱུང་གི་ཡོད་པ་མ་ཟད། བོད་མི་འཇུ་བཟུང་བྱས་པའི་གྲངས་འབོར་མང་དུ་འཕར་བཞིན་ཡོད་པ་རེད།།

Share this:
༡༣༩ ཀློག་གྲངས།