རྒྱལ་མཆོག་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ།

 སྐུ་ན་ཕྲ་དུས་ནས་སྐུ་ཞང་ཨ་དགེ་བཀྲིས་ཀྱིས། མདོ་སྡེ་བསྐལ་བཟང་བཀླགས་ནས་མཚན་ཡང་བསྐལ་བཟང་རྒྱ་མཚོ་ཞེས་གསོལ། ལྷ་བླ་དུ་མའི་ལུང་ལས་རྒྱལ་དབང་སྐུ་ཕྲེང་གོང་མའི་ཡང་སྲིད་དུ་ཡིད་ཆེས་བྱས། དགུང་ལོ་བདུན་བརྒྱད་ཙམ་ནས་རྒྱལ་བའི་ཡང་སྲིད་ཁམས་ལ་འཁྲུངས་ཡོད་ཚུལ་དབུས་གཙང་ཁུལ་དུ་གྲགས་པ་ལས་ལྷ་བཟང་ཁང་གིས་ཆེད་མངགས་ཞིབ་དཔྱོད་པ་གཏོང་བའི་གཏམ་ཐོས་པ་དང༌། ཉེན་ཡོལ་གྱི་ཚུལ་དུ་མཚོ་སྔོན་གྱི་སོག་རིགས་དཔོན་ཁག་དག་གིས་གདན་དྲངས་པ་ལྟར། མདོ་སྨད་ཨ་མདོའི་ཁུལ་དུ་ཕེབས་ཏེ་སྐུ་འབུམ་དགོན་པའི་གསེར་ཁྲི་ལ་འཁོད། དགུང་ལོ་དགུ་པར་སྐུ་གོང་མའི་མཆོག་སྤྲུལ་འཁྲུལ་མེད་ཡོངས་ཁྱབ་ཐག་བཅད་བྱུང༌། དགུང་ལོ་བཅུ་པར་ཚ་གན་ནོ་མོན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་རབ་བྱུང་གི་སྡོམ་པ་བཞེས་པའི་མཚན་ལ་ངག་གི་དབང་ཕྱུག་ཆོས་ཀྱི་གྲགས་པ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་པོ་གསོལ། དགུང་ལོ་བཅུ་གསུམ་པར་དབུས་འགྱུར་དམ་པའི་ཆོས་ཀྱི་ཞིང་སར་ཞབས་སོར་འཁོད་དེ་ཕོ་བྲང་པོ་ཏཱ་ལའི་གསེར་ཁྲིར་མངའ་གསོལ། ཁྲི་ཆེན་ངག་དབང་མཆོག་ལྡན་པ་སོགས་བཤེས་གཉེན་དུ་མའི་ཞབས་ལ་བསྟེན་ནས་གཞུང་ཆེན་པོ་ལྔར་གསན་བསམ་གྱི་དབུ་ཚུགས། དགུང་ལོ་ཉི་ཤུ་པར་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་བསྙེན་པ་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས། དགུང་ལོ་ཉེར་གཅིག་པར་འབྲས་སྤུངས་ཚོགས་ཆེན་དུ་རྡོ་རམས་པའི་གྲྭ་སྐོར་མཛད། དགུང་ལོ་ཉེར་གཉིས་པར་དབུས་གཙང་གི་སྡེར་གཟར་བྱུང་བས་ཁམས་ཁུལ་དུ་ཕེབས་ནས་མགར་ཐར་དུ་བཞུགས། དད་ལྡན་སྐྱེ་བོ་ཤིན་ཏུ་མང་པོ་ལ་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་གནང༌། དགུང་ལོ་ཉེར་བརྒྱད་པར་སླར་ཡང་དབུས་སུ་ཆིབས་བསྒྱུར་གནང་ནས་བསྟན་འགྲོའི་མཛད་འགན་རླབས་ཆེན་བཞེས། པཎ་ཆེན་བློ་བཟང་ཡེ་ཤེས་དང༌། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དུ་མའི་ཞལ་སྔ་ནས་མདོ་སྔགས་ཀྱི་གསེར་ཆོས་རྒྱ་མཚོ་ལྟ་བུའི་དབང་ལུང་མནོས་ཏེ། ཐུབ་བསྟན་སྤྱི་དང་ཡང་སྙིང་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བསྟན་པའི་སྲོག་ཤིང་ལྟ་བུར་གྱུར། ལྷ་ལྡན་གཙུག་ལག་ཁང་གི་རྟེན་དང༌། ཁྲ་འབྲུག་གི་རྟེན་རྣམས། གཞན་ཡང་གོས་སྐུ་ཆེན་པོ་དང༌། ཚོགས་མཆོད་སེར་སྒྲེང་མཆོད་རྫས་སོགས་གསར་བཟོ་དང་ཞིག་གསོ་ཅི་རིགས་མཛད། དགུང་ལོ་སོ་བཞི་པར་འབྲུག་སྡེ་སྲིད་ལས་གནས་དགོངས་ཞུའི་ཚབ་ཏུ་བློན་ཆེན་ངག་དབང་རྒྱལ་མཚན་བསྐོ་བཞག་གནང༌། པཎ་ཆེན་བློ་བཟང་ཡེ་ཤེས་དགོངས་པ་རྫོགས་པའི་ཡང་སྲིད་ངོས་འཛིན་གནང་སྟེ་མཚན་ལ་དཔལ་ལྡན་ཡེ་ཤེས་གསོལ་ཏེ་མདོ་སྔགས་ཀྱི་ཟབ་ཆོས་དུ་མ་གནང༌། དགུང་ལོ་ཞེ་བཞི་པར་བཀའ་ཤག་ལས་ཁུངས་གསར་དུ་བཙུགས། ཞེ་ལྔ་པར་འབྲས་ལྗོངས་རྒྱལ་པོ་བསྐོ་བཞག་གནང༌། སྒྲ་སྙན་སྨན་རྩིས་སོགས་སྦྱོང་ས་རྩེར་སེར་མོ་བའི་སློབ་གྲྭ་གསར་དུ་བཙུགས་ཏེ་བོད་ཀྱི་གཙུག་ལག་རིག་པའི་གཞུང་ལ་ཤིན་ཏུ་སྨན་པར་མཛད། བོད་རྒྱ་ཧོར་གྱི་སྐྱེ་འགྲོ་ས་ཁའི་རྩི་ཐོག་དང་ནམ་མཁའི་སྐར་ཚོགས་ལྟ་བུ་ལ་ཟབ་རྒྱས་ཆོས་ཀྱི་ཆར་ཆེན་རྒྱུན་མར་ཕབ་སྟེ་སློབ་མའི་གཙོ་བོ་ལྕང་སྐྱ་རོལ་པའི་རྡོ་རྗེ་དང༌། པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་སོགས་པའི་སྐྱེས་ཆེན་དམ་པ་ཤིན་ཏུ་མང་པོ་བྱུང༌། གསུང་རྩོམ་ཡང༌། དཔལ་གསང་བ་འདུས་པའི་རྣམ་བཤད་རྡོ་རྗེ་སེམས་དཔའི་ཞལ་ལུང་སོགས་པོད་ཆེན་བརྒྱད་བཞུགས། མཐར་དགུང་གྲངས་ལྔ་བཅུ་པ། རབ་བྱུང་བཅུ་གསུམ་པའི་མེ་གླང་༡༧༥༧ལོའི་བོད་ཟླ་གཉིས་པའི་ཚེས་གསུམ་ཉིན་སྐུ་མྱ་ངན་ལས་འདས། སྐུ་གདུང་རིན་པོ་ཆེ་པོ་ཏཱ་ལའི་གསེར་སྡོང་བཀྲ་ཤིས་འོད་འབྲེ་དུ་བཞུགས།།

Share this:
༢༢༤ ཀློག་གྲངས།