རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ།

ལྷ་བླའི་ལུང་བསྟན་རྩེ་མཐུན་གྱིས་སྐུ་གོང་མའི་ཡང་སྲིད་འཁྲུལ་བརལ་དུ་ངོས་འཛིན་བྱས། དགུང་ལོ་གཉིས་པར་པཎ་ཆེན་བསྟན་པའི་དབང་ཕྱུག་གི་དྲུང་དུ་དབུ་སྐྲ་གཙུག་ཕུད་ཕུལ། དགུང་ལོ་གསུམ་ཐོག་གསེར་ཁྲིར་མངའ་གསོལ། དགུང་ལོ་བདུན་པར་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་གྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་དགུ་པར་བར་གཞིས་ངག་དབང་དངོས་གྲུབ་དྲུང་ནས་ཡི་གེ་འབྲེི་ཀློག་དཔྱིས་ཕྱིན་པ་བསླབས། དགུང་ལོ་བཅུ་གསུམ་པར་སེར་འབྲས་དགའ་གསུམ་ལ་ཆོས་ཞུགས་མཛད་ནས། ཡོངས་འཛིན་གླིང་སྤྲུལ་བློ་བཟང་ལུང་རྟོགས་བསྟན་འཛིན་འཕྲིན་ལས་དང༌། ཡོངས་འཛིན་ཕུར་ལྕོག་བྱམས་པ་རྒྱ་མཚོའི་དྲུང་ནས་གཞུང་ཆེན་ཁག་ལ་སློབ་གཉེར་མཛད་རྒྱུའི་མགོ་ཚུགས། དགུང་ལོ་ཉི་ཤུ་པར་ཡོངས་འཛིན་ཕུར་ལྕོག་པའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་བནོས། ལོ་དེར་ཆོས་སྲིད་ཀྱི་ཐུགས་འགན་བཞེས། ཉེར་གསུམ་པར་སེར་འབྲས་དགའ་གསུམ་དུ་གྲྭ་སྐོར་མཛད། ཉེར་བཞི་པར་ལྷ་ལྡན་སྨོན་ལམ་ཆེན་མོར་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་སྟེ་མཚན་རྟགས་བཞེས། དགུང་ལོ་ཉེར་བརྒྱད་དང་ཉེ་དགུ་པར་༡༩༠༤ཕྱི་གླིང་དབྱིན་དམག་གི་བོད་ས་བཙན་འཛུལ་སྐབས་གངས་ཅན་པའི་བསྟན་སྲིད་ཀྱི་དོན་དུ་སོག་པོ་དང་རྒྱ་ནག་ཏུ་ཕེབས། དགུང་ལོ་སོ་ལྔ་པར་རྒྱ་ནག་ནས་བོད་དུ་ཕྱིར་ལོག །སོ་དྲུག་པར་ལུའུ་ཅི་ཀྲོ་ཨར་ཕེས་སྣེ་ཁྲིད་པའི་རྒྱ་ནག་ཁྲོན་དམག་གིས་ལྷ་སར་བཙན་འཛུལ་བྱས་སྐབས་རྒྱ་གར་དུ་ཕེབས་ཏེ་བོད་ཀྱི་གནས་བབས་འཛམ་གླིང་གང་སར་ཁྱབ་བསྒྲགས་གནང༌། དགུང་ལོ་སོ་བདུན་པར་བོད་དུ་ཕྱིར་ཕེབས་ཏེ་སོ་བརྒྱད་པར་རྒྱ་ནག་མན་ཇུས་སྲིད་གཞུང་རྩ་འཐོར་སོང་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཚུགས་པའི་གནས་ཚུལ་ལྷ་སར་གོ་གསལ་བཞིན། བོད་སྡོད་མན་ཇུས་གཞུང་ཚབ་ཨམ་བན་འཁོར་གཡོག་བཅས་རྒྱ་གར་བརྒྱུད་ནས་མཐར་བསྐྲད་བཏང༌། བོད་ལྗོངས་རང་དབང་བསྐྱར་གསོའི་ལས་འགུལ་རྒྱ་ཆེར་སྤེལ་ཏེ་དེ་སྔོན་བོད་དུ་ཡོད་པའི་རྒྱ་དམག་རྣམས་མཐར་བསྐྲད་གཏོང་རྒྱུའི་མགོ་ཚུགས། བོད་དུ་དངུལ་ལོར་དང༌། སྦྲག་འཛིན། དམག་དོན་སོགས་རྒྱལ་སྤྱིའི་ངོ་བོར་མཚོན་པའི་རླབས་ཆེན་གྱི་ལས་འགུལ་རྒྱ་ཆེར་སྤེལ་ཏེ་བོད་འདི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་ནུས་པ་དང༌། ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཡུན་རིང་བཙན་འཛུལ་དང་མནར་གཅོད་བཏང་བར་རྒོལ་རྡུང་ཚ་ནན་སྤྲད། རང་གཞུང་གི་མཛད་ཕྱོགས་མང་པོ་ལེགས་བཅོས་གནང༌། དགུང་ལོ་ཞེ་དགུ་པར་ཞོལ་པར་ཁང་གསར་སྐྲུན་གནང་བ་དང༌། སྔ་ཕྱི་གདན་ས་ཆེན་པོ་གསུམ་གྱིས་མཚོན་པའི་དགེ་ལྡན་པའི་བསྟན་པར་དག་ཐེར་དང༌། ཆོས་བརྒྱུད་རིས་མེད་ཀྱི་སྲོལ་བཟང་རྒྱུན་འཛིན་དང༌། རབ་བྱུང་ཁྲི་ཕྲག་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས། གཙུག་ལག་ཁང་དང་རྟེན་གསུམ་ཉམས་གསོ་གསར་སྐྲུན་སོགས་ཆོས་ཕྱོགས་དང༌། ཤིང་སྟག་༡༩༡༤སིམ་ལའི་ཆིངས་ཡིག་བཞག་པ་སོགས་བོད་ཀྱི་སྲིད་ཕྱོགས་ལ་བདེན་དཔང་མཚོན་པའི་མཛད་འགན་རྒྱ་ཆེར་གནང༌། དགུང་ལོ་ང་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ཆུ་བྱ་༡༩༣༣ལོའི་ཟླ་བཅུ་པའི་གནམ་གང་ཉིན་སྐུ་ཞི་བར་གཤེགས། སྐུ་གདུང་པོ་ཏཱ་ལའི་གསོང་སྡོང་དགེ་ལེགས་འདོད་འཇོར་བཞུགས།

Share this:
༡༢༨ ཀློག་གྲངས།